Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།

Posted on 2016-09-272016-09-29 By དགེ་རབ་ 33 Comments on བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།

 

དེ་རིང་འདིར་སྐད་ཡིག་གི་སྐོར་ལ་བསམ་འཆར་འགའ་རེ་ཞུ་འདོད་བྱུང་། བསམ་འཆར་དེ་ཚོ་ཡང་དགག་སྒྲུབ་ཀྱི་རྣམ་པ་ཞིག་མིན་ལ། དཔྱད་ཞིབ་བྱས་པའི་རྩོམ་ཡིག་ཅིག་ཀྱང་མིན། འོན་ཀྱང་ཉེ་ཆར་ཨ་རིའི་གཟའ་ཉི་མའི་སློབ་གྲྭ་བ་རྣམས་ཀྱི་ཆེད་དུ་བྲིས་པའི་ཀློག་དེབ་སྐོར་ལ་དགོངས་ཚུལ་ཤུགས་ཆེ་འབྱུང་བཞིན་པ་དེའི་སྐོར་ཡིན། དེ་ཡང་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་ཕྲན་གྱི་གྲོགས་པོ་ཞིག་དང་གླེང་མོལ་བྱས་སྐབས་ཕྲན་ལ་བྱུང་བའི་བསམ་ཚུལ་རྣམས་ནར་མར་སྤེལ་བ་ཞིག་ཡིན།

སྐད་ཡིག་དང་བརྡ་སྤྲོད་པའི་སྐོར་ལ་དགག་གཞག་བྱེད་པ་དང་བསམ་ཚུལ་བརྗོད་རེས་བྱེད་པ་ནི་ང་ཚོ་ལ་གསར་པ་ཞིག་ཁྱོན་ནས་མིན། རང་རང་གི་བསམ་ཚུལ་དང་རང་ལུགས་དེ་འཐད་པ་སྒྲུབ་པའི་གོ་རིམ་ཁྲོད་གཞན་དེ་ལ་ཁྱད་གསོད་དང་དམའ་འབེབས་བྱེད་པའང་ཡོངས་གྲགས་ཤིག་ཡིན། ད་དུང་ཡང་རྩོད་པ་དེ་དག་ཡོང་བཞིན་ཡོད་ལ། རྩོད་པ་དེ་དག་ནི་མུ་མཐུད་ནས་ཡོང་འོས་པ་དང་ཡོང་དགོས་པ་ཞིག་རེད། བོད་ཀྱི་སྐད་ལ་བརྡ་སྤྲོད་རྣམ་གཞག་བྱུང་བ་ནི་འཛམ་གླིང་གི་སྐད་རྣམས་ཀྱི་ཁྲོད་ནས་སྔ་ཤོས་ཤིག་ཡིན་པ་དེ་ཡང་གསལ་པོ་རེད་ལ། དེའི་ལོ་རྒྱུས་དང་དེའི་རྩོད་པ་རྣམས་རྩ་འཛིན་གྱིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་བགྲོ་གླེང་བྱེད་པ་ནི་ཧ་ཅང་འོས་པ་ཞིག་རེད། ཨིན་ཇིའི་སྐད་ཀྱི་བརྡ་སྤྲོད་བསྟན་བཅོས་ཐོག་མ་དེ་ཕྱི་ལོ་ ༡༥༨༦ ལོར་བརྩམས་པར་བཤད།

གོང་གི་རྩོད་པ་དེ་དག་གི་ཁྲོད་དུ་བཀའ་བསྟན་གྱི་སྐད་ཡིག་ནི་མིག་དཔེར་འོས་པ་ཞིག་ཡིན་པ་དང་དཔེར་ལྟ་འོས་པ་ཞིག་ཡིན་ཞེས་མཁས་པ་རྣམས་གླེང་བར་བྱེད། འོན་ཀྱང་བཀའ་བསྟན་ཡོངས་སུ་རྫོགས་པའང་དེ་འདྲ་མིན་པར་སྣང་། ངས་ཉེ་ཆར་ “རང་འགྱུར་”ཞེས་གྲགས་པའི་བསྟན་བཅོས་སྐོར་ཞིག་ལ་མཇལ་བ་ཡིན། ཁག་གཅིག་ནི་བོད་སྐད་ཀྱི་མིང་ཚིག་མིན་པ་དང་བོད་སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པའང་མཐོང་། བཀའ་བསྟན་པར་མ་ཁག་ན་ཡིག་ནོར་ཡོད་པ་རྣམས་ངོས་འཛིན་གྱིས་གསལ་འདོན་བྱས་པའང་ག་ཤེད་ཅིག་ནས་མཐོང་བྱུང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་འདིའི་སྐོར་ལ་ཐུགས་སྣང་མཛད་པ་གཤམ་གསལ་གྱི་ངོ་བཤུས་ལས་གཟིགས།

 

image1

ཕྱོགས་གཞན་ཞིག་ནས་ཞུས་ན་ང་ཚོས་ཡིག་སྐད་དང་ཁ་སྐད་ཅེས་ཁྱད་པར་འབྱེད་སླ་བ་ཞིག་ཏུ་མཐོང་ཡོང་། འོན་ཀྱང་འདིའི་ཁྱད་པར་འབྱེད་རྒྱུ་དེ་ཧ་ཅང་དཀའ་བ་ཞིག་ལོས་ཡིན་དྲན། བཀའ་གདམས་ཕ་ཆོས་སོགས་ན་ཡུལ་སྐད་ཡོད་པ་དེ་རིགས་ལ་བརྡ་འགྲེལ་བྱེད་པའི་ཚིག་མཛོད་སྔོན་ནས་བརྩམས་ཡོད། སྔོན་གྱི་བསྟན་བཅོས་དག་ཏུ་བྲིས་མེད་པའི་ཡིག་སྐད་ཅིག་འཁྱེར་ཤོག་ཅེས་ན་དཀའ་སེ་མི་ཡོང་ངམ་བསམས།

གྲོགས་པོ་ཞིག་གིས་བསྟན་བཅོས་ཁག་ཏུ་ཡོད་པའི་ཁ་སྐད་ཀྱི་དཔེ་མཚོན་ཡང་མང་པོ་བསྟན་བྱུང་། རོལ་པའི་རྡོ་རྗེའི་རྣམ་ཐར་དུ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ “འགྲོ་གི་རེད་”སོགས་སྤྱད་པ་དེ་མཐོང་ནས་ཁོང་གི་བསྟན་བཅོས་ཀྱི་ཚིག་འགྲོས་ལ་བསམ་གཞིགས་ཤིག་ཀྱང་བྱས་ཏེ་གླེང་སློང་བྱས་མྱོང་། ཁོང་ལྷ་སར་ཡུན་རིང་མ་བཞུགས་མོད་ལྷ་སའི་ཁ་སྐད་ཡིག་ཐོག་ཏུ་བཀོད་འདུག འདི་ལྟ་བུ་ལ་ང་ཚོས་བརྡ་སྤྲོད་དང་མི་མཐུན་ཞེས་རྩོད་པ་ཆེན་པོ་ཞིག་རྒྱག་རྒྱུ་ཨེ་ཡོད་དྲན།

དཀའ་ངལ་ཆེ་བ་ཞིག་ནི་ང་ཚོ་ལ་རང་གི་སྐད་ཀྱི་སྤྱོད་ཁོངས་ཚང་མ་ལ་འགྲེལ་བཤད་རྒྱག་ཐུབ་པའི་བརྡ་སྤྲོད་ཅིག་མེད་པའམ་ཡང་ན་ང་ཚོའི་བརྡ་སྤྲོད་པའི་བསྟན་བཅོས་དེ་ཁ་མ་ཚང་བ་ལ་ཐུག་འདུག་དྲན། ཐོན་མིའི་བསྟན་བཅོས་མ་ཚང་བ་དག་ཁ་སྐོང་གི་འབད་བརྩོན་ཞིག་སྔོན་ནས་ཀྱང་བྱས་འདུག མཁས་དབང་དམུ་དགེ་བསམ་གཏན་གྱི་གསུང་ན་ཡང་ཚིག་ཕྲད་གསར་པ་སྐོར་ཅིག་འདུག་ལ། དེ་བཞིན་འབའ་བ་སྐལ་བཟང་འགྱུར་མེད་ཀྱིས་ཀྱང་འབད་བརྩོན་རིམ་པ་ཞིག་བྱས་འདུག ལོ་ཤས་གོང་དུ་གླང་རི་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་མཛད་པའི་སྨྲ་སྒོའི་ལྡེ་མིག་དེ་ཡང་འདི་དང་ཆ་མཚུངས་པ་ཞིག་ལོས་ཡིན་དྲན། ད་དུང་ཡང་ཁ་མ་ཚང་བ་རྣམས་ལ་ཁ་སྐོང་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་རེད་དྲན་ལ། དེང་སང་བོད་ཀྱི་སྐད་ཡིག་ལ་གསར་བརྗེ་བྱེད་དགོས་པའི་དགོངས་ཚུལ་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་སྣང་། དགེ་འདུན་ཆོས་འཕེལ་ཚང་གིས་སྐད་ཡིག་ལ་བཅོས་སྒྱུར་མི་རུང་བའི་ལུང་ཞིག་འདྲེན་རྒྱུ་ཡོད་པ་དེ་ཡང་དེད་ན་བཅོས་སྒྱུར་དགོས་ངེས་པའི་དགོངས་ཚུལ་ཞིག་གི་མཇུག་ཏུ་བྲིས་པ་ཞིག་རེད།

རིག་གནས་གསར་བརྗེའི་ཚུན་ནས་བོད་ཀྱི་ཁ་སྐད་སློབ་པའི་དཔེ་ཆ་མང་དུ་སོང་ཡོད། དཔེ་ཆ་དེ་ཚོའི་རྩོམ་པ་པོ་མང་ཆེ་བ་ཞིག་བོད་མི་ཡིན་མོད། སྐད་བརྡ་རིག་པ་ནེ་ཁོལ་ལ་སེ་ཡིས་རྡོ་དགོན་གསང་བདག་རྡོ་རྗེ་དང་ལྷན་དུ་བརྩམས་པའི་བོད་ཀྱི་སྤྱི་སྐད་སློབ་དེབ་ལྟ་བུའི་རྩོམ་པ་པོ་ཕྱི་རྒྱལ་བའང་ཡོད། བཙན་བྱོལ་དུའང་འདིའི་གྲས་ཀྱི་ཀློག་དེབ་སྔ་མོ་ནས་བརྩམས་པ་སྐོར་ཞིག་རྡ་རམ་ས་ལའི་དཔེ་མཛོད་ཁང་གིས་པར་བཏབ་ཡོད། བསྟན་བཅོས་འདི་དག་གི་ཁྲོད་དུ་ “ཡིན་”དང་ “རེད་”ཅེས་པའི་འཇུག་ཚུལ་སྟོན་སྐབས་ཀྱང་བདེ་པོ་མེད་པའི་འགྲེལ་བརྗོད་བྱུང་ཡོད། འོན་ཀྱང་བོད་སྐད་སློབ་པ་དང་སྦྱོང་བའི་ལམ་ཁ་གསར་པ་ཞིག་ཏུ་འཁྲིད་ཡོད། དེའི་གྲས་ལ་དགག་པ་བྱེད་མཁན་གྱི་ཁྲོད་ནས་དགག་པ་ནན་མོ་ཞིག་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་བརྩམས་ཡོད། དེ་དག་ཀྱང་བོད་ཀྱི་སྤྱི་སྐད་སྐོར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་ཤིག་ཏུ་བཀོད་ཡོད་དྲན། འོན་ཀྱང་དེ་ལ་ཡང་ལུང་རིགས་ཀྱི་དགག་པ་རྒྱག་པའི་རྩོམ་ཡིག་འབྱུང་སྲིད་པ་ཞིག་རེད། པ་པོ་བ་བོའི་རྩོད་པ་ཡང་འཇགས་ཐུབ་ཀྱི་མེད། ལུང་རིགས་ཀྱི་རྒྱབ་རྟེན་ཕྱོགས་གཉིས་ཀ་ལ་ཡོད།

སུམ་ཅུ་པ་དང་རྟགས་འཇུག་གཉིས་ཀ་ལ་ཤོག་ངོས་འགའ་རེ་ལས་མེད། དེ་གཉིས་ཀྱི་འགྲེལ་པ་ད་བར་དུ་བྲིས་ཡོད་པ་རེད། དེ་ཡང་འདས་པའི་ལོ་ངོ་ ༡༠༠༠ ཡས་མས་ཙམ་གྱི་དུས་ཡུན་རིང་ཡིན་ལ། ད་དུང་ཡང་འབྲི་ངེས་པ་རེད། དེས་ན་མ་མཐའ་ལའང་ད་ཡོད་ཀྱི་སུམ་རྟགས་རྩ་འགྲེལ་ཡོངས་ལ་སློབ་སྦྱོང་བྱེད་དགོས་ན། དེ་ནི་ཆེད་ལས་བརྡ་སྤྲོད་པ་ཞིག་གི་ལས་ཀ་རེད་མ་གཏོགས་དགེ་རྒན་གྱི་ལས་ཀ་ཞིག་མ་རེད་ལ་སློབ་མ་ཚང་མས་སྦྱོང་དགོས་པའམ་སྦྱོང་བཏུབ་པ་ཞིག་ཀྱང་མ་རེད།

བོད་སྐད་ཀྱི་བྱེད་སྒྲ་ཉམས་པ་དང་དུས་གསུམ་གྱི་རྣམ་དབྱེ་ཉམས་པ་དེ་ལྷ་སའི་སྐད་ལ་ཡོངས་གྲགས་ལྟ་བུ་ཞིག་རེད། སྐད་ཡིག་གི་འགྱུར་རིམ་ཁྲོད་བྱེད་སྒྲ་ཡོད་པའི་སྐད་མང་པོ་ཞིག་གི་བྱེད་སྒྲ་ཉམས་པ་རེད་ཅེས་མཁས་པ་ཞིག་གིས་གླེང་སློང་བྱས་སོང་མོད་ངས་དེ་འཚོལ་རྒྱུ་བྱུང་མ་སོང་།

བོད་ཕྲུག་ལ་བོད་ཡིག་སློབ་རྒྱུ་དང་ཕྱི་ཡིག་(ཨིན་ཇིའམ་རྒྱ་ཡིག་སོགས་)སློབ་རྒྱུ་ལ་དུས་ཚོད་ཆ་མཉམ་བཏང་སྟེ་འབྲས་བུ་བསྡུར་པ་དེ་འདྲ་མཐོང་མ་བྱུང་། འོན་ཀྱང་དགེ་རྒན་མང་པོས་བོད་ཕྲུག་ལ་ཕྱི་ཡིག་སློབ་སླ་བ་དང་བོད་ཡིག་སློབ་དཀའ་བ་འདུག་ཅེས་གསུངས་ཀྱིན་འདུག བཙན་བྱོལ་ནང་བོད་ཡིག་སྐྱོ་རུ་འགྲོ་སྐབས་ང་ཚོས་ཕ་མའི་སྐྱོན་དང་དགེ་རྒན་གྱི་སྐྱོན། བསླབ་དེབ་ཀྱི་སྐྱོན་རེད་སོགས་ཀྱི་མཛུབ་མོ་བཙུགས་པ་རེད། འོན་ཀྱང་སུམ་ཅུ་པ་དང་རྟགས་འཇུག་གི་ཕ་རོལ་ནས་སྐད་སློབ་པའི་འབད་བརྩོན་བྱས་མི་འདུག་དྲན། དོན་འདི་ཡང་བསྐྱར་བཤད་ན། བོད་སྐད་སློབ་པའི་ཐབས་ལམ་གསར་པ་འཚོལ་རྒྱུའི་ཕྱོགས་ལ་དགོངས་བཞེས་ལྡང་ངེས་པ་ཞིག་གནང་མི་འདུག་དྲན།

འདི་ལྟར་ཕྱོགས་ཡོངས་ནས་བསམ་བློ་ཞིག་བཏང་ན། བོད་སྐད་ཀྱི་བསླབ་དེབ་གསར་པ་ག་ཚོད་ཡོང་ན་ཡང་དེ་ལ་དགོངས་བཞེས་གུ་ཡངས་པོ་ཞིག་གནང་རྒྱུ་གལ་ཆེན་པོ་རེད་དྲན། བོད་སྐད་ལ་བསླབ་དེབ་གསར་པ་དང་སྣ་ཚོགས་པ་ཡོད་ན་དེས་བོད་ཡིག་སློབ་རྒྱུ་ལ་ཕན་ངེས་པ་རེད། ཀློག་དེབ་གཅིག་གིས་བྱེད་སྒྲ་སློབ་མ་ཐུབ་ན། ཀློག་དེབ་གཞན་གྱིས་བྱེད་སྒྲ་སློབ་ཐུབ་ཀྱི་རེད།  དཔེ་འདི་འབྱོར་མིན་མི་ཤེས་རུང་། བྱིས་པའི་ལྟོ་བ་འགྲངས་རྒྱུ་ལ་རྩམ་པ་ཁོ་ན་ལ་བརྟེན་དགོས་པ་མ་རེད་ཅེས་ཞུ་འདོད་བྱུང་།

ལར་ནས་བརྡ་སྤྲོད་དང་མཐུན་མི་མཐུན་གྱི་རྩོད་པ་དེ་མུ་མཐུད་ནས་ཡོང་ངེས་ལ་ཡོང་ཡང་སྐྱོན་ཡོད་པ་མ་རེད། འོན་ཀྱང་འཛིན་རིམ་དང་པོའི་སློབ་མ་རྣམས་ལ་རྩོད་པ་དེ་དགོས་པ་ཡོད་མ་རེད། ཁོང་ཚོས་མི་ཚེ་གཅིག་རིང་རྩོད་པ་དེ་ལན་གཅིག་ཀྱང་མ་ཐོས་རུང་ད་དུང་བོད་ཡིག་འབྲི་ཐུབ་པ་དང་བོད་སྐད་བཤད་ཐུབ་པ་ཞིག་བྱུང་ན་དེས་འགྲིག་པ་རེད། དེ་འདྲའི་ལམ་ཁ་ཞིག་རྙེད་ན་བརྡ་སྤྲོད་ཀྱི་དཀའ་གནད་ཀྱིས་མགོ་བོ་ན་མ་བཅུག་པའི་ཐོག་ནས་བོད་ཡིག་ཤེས་པ་ཞིག་ཏན་ཏན་ཡོང་གི་རེད་ལ། དེ་ནི་ད་ལྟ་དགོས་ངེས་པ་ཞིག་རེད། དེ་དགོས་ན་མིའི་རྣམ་དཔྱོད་ལ་བརྟེན་ནས་བསྒྲུབས་པའི་ཀློག་དེབ་སྣ་ཚོགས་པ་ཞིག་ལ་ང་ཚོས་ཚོད་ལྟ་བྱེད་དགོས་ཀྱི་རེད། དེ་ལ་མིའི་རྣམ་དཔྱོད་ལ་ཚོད་འཛིན་བྱེད་རྒྱུ་མེད་པ་རེད། མིའི་རྣམ་དཔྱོད་ལ་ཡི་རངས་བྱེད་རྒྱུ་ལས་གནོན་ཤུགས་སྤྲོད་རྒྱུ་ཡོད་མ་རེད།

ད་ངས་ལས་ཀ་གཞན་བྱེད་རན་སོང་། འདིའི་ལྷག་འབྲི་ལོང་མི་འདུག འདི་ལ་དགག་བཞག་དང་དགོངས་ཚུལ་གནང་རོགས་གནང་། གོ་རིམ་ཡང་འཆོལ་སོང་། དགོངས་འགལ་མེད་པར་ཞུ། བརྗོད་གཞི་འདི་ལ་འབྲེལ་མེད་ཀྱི་སྐད་ཆ་མ་གསུངས་རོགས།

བསམ་ཚུལ།

Post navigation

Previous Post: འཁྲུག་ཆ་དོད་པའི་ང་ཚོའི་སྤྱི་ཚོགས།
Next Post: རོ་སྒམ་བཟོ་མཁན་གྱི་རྒད་པོ་དང་རོ་སྒམ།

Comments (33) on “བོད་སྐད་ཀློག་དེབ་ཅིག་ལས་འཕྲོས་པའི་གཏམ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-27 at 10:53 pm

    ཡིན་དང་མིན། རེད་དང་མ་རེད། ཡོད་དང་འདུག་གི་ཐོབ་ཁུངས་ཁྱད་པར་བརྗོད་པ།
    ་
    མདང་ ངས་ ཇ་ འཐུང་པ་ ཡིན།
    དེ་རིང་ ངས་ ཇ་འཐུང་བགྱིད་ ཡོད།
    སང་ཉིན་ ངས་ ཇ་ འཐུང་བགྱི་ ཡིན།
    ་
    ཁྱོད་ཀྱིས་ ཇ་ འཐུང་པ་ རེད། འདས་པ།
    ཁྱོད་ཀྱིས་ ཇ་ འཐུང་བགྱིད་ འདུག ད་ལྟ་བ།
    ྱཁྱོད་ཀྱིས་ ཇ་ འཐུང་བགྱི་ རེད། མ་འོངས་པ།
    ་
    ཁོས་ ཇ་ འཐུང་པ་ རེད།
    ཁོས་ ཇ་ འཐུང་བགྱིད་ འདུག
    ཁོས་ ཐཇ་ འཐུང་བགྱི་ རེད།

  2. ཀརྡོ་རབ་འབྱམས་པ་ says:
    2016-09-27 at 11:01 pm

    ང་ འགྲོ་གི་ ཡོད།
    ང་ འགྲོ་ཡི་ ཡོད།
    ང་ འགྲོ་ཀི་ ཡོད།
    ཀྱི་ཚབ་ལ་གཅིག་གིས་འཐུས་པ་གཅིག་ནི།
    ང་ འགྲོ་བགྱིད་ ཡོད།
    འདི་རང་ལེགས་པ་མི་འདུག་གམ། ལགས།

  3. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 12:36 am

    དུས་བབ་ཀྱི་མཆན་བུ་ཞིག་གི་ནང་ལ།
    ་
    བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ཀྱི་དམིགས་ཡུལ།

    བོད་མི་རིགས་ཀྱི་ནུས་པ་གང་རེད། བོད་མི་རིགས་ཀྱི་ལས་འགན་གང་རེད། དེ་ཡིན་གཅིག་མིན་གཅིག་ང་ཚོས་མཁྱེན་དགོས་པ་ཞིག་རེད། འདས་པའི་ལོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ཀྱི་ནང་ལ། བོད་མི་རིགས་ཀྱིས་རྒྱ་ནག་མི་རིགས་ཀྱི་མགོ་ཁྲིད་མྱོང་ཡོད་པ་དང་། བོད་མི་རིགས་ཀྱིས་སོག་པོ་མི་རིགས་ཀྱི་མགོ་ཁྲིད་མྱོང་ཡོད། ང་ཚོ་སྔོན་ལ་ཕྱིན་པ་རེད། ང་ཚོས་ཁོང་ཚོ་ལ་ལམ་སྟོན་བྱས་པ་རེད། ང་ཚོ་བླ་མ་བྱས་པ་རེད། ང་ཚོས་ཆོས་གསུངས་པ་རེད། ང་ཚོས་ཁོང་ཚོ་ལ་རོགས་རམ་བྱས་པ་རེད། ང་ཚོས་ཁོ་ཚོའི་གཞུག་ལ་ཕྱིན་ནས་རྗེས་ཟིན་མིན་ལ་ནམ་ཡང་བལྟས་མེད།
    ད་ལྟའི་གནས་སྐབས་འདི་ལ་ཡང་། བཙན་བྱོལ་གྱི་གནས་སྐབས་འདི་ལ་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་ནི་བོད་མི་རིགས་ཀྱི་མཚོན་རྟགས་ཤིག་རེད། བོད་མི་རིགས་ཀྱི་སྐུ་ཚབ་ཅིག་རེད། བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་རེད། ཁོང་གིས་འཛམ་བུ་གླིང་གི་མགོ་ཁྲིད་གནང་གིན་ཡོད་པ་མ་གཏོགས། འཛམ་བུ་གླིང་གི་སྔོན་ལ་སོང་ཚར་མཁན་དེ་ཚོའི་རྗེས་ཟིན་མིན་བལྟས་ནས་གཞུག་ལ་རྒྱུག་གིན་མེད། ཁོང་ཉི་མ་གཅིག་ལ་ཡང་རྡ་རམ་ས་ལར་བཞུགས་ལོང་མེད་པར། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མར་ཕེབས་དགོས་དོན་ནི། ཁོང་ཚོའི་གཞུག་ལ་ཤོག་ཟེར་ནས་གདན་འདྲེན་ཞུ་བ་མ་རེད། ཁོང་ཚོའི་སྔོན་ལ་ཕེབས་ཀྱིན་ཡོད་པར་བརྟེན། ལམ་སྟོན་གནང་རོགས། བཀའ་སློབ་གནང་རོགས། སྐྱབས་རོགས་གནང་ཟེར་ནས་གདན་འདྲེན་ཞུ་བཞིན་ཡོད་པ་དང་། དེ་ཚང་མ་ལ་ཕེབས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པས་ན། ད་ལྟའི་གནས་སྐབས་ལ་ཡང་། བོད་མི་རིགས་ཀྱིས་འཛམ་བུ་གླིང་གི་མགོ་འཁྲིད་ཀྱིན་ཡོད། འཛམ་གླིང་འདིའི་ནང་ལ་ཆོས་དང་རིག་གཞུང་གི་བསྟི་གནས་སྟོང་ཕྲག་གཉིས་བརྒལ་བ་ཞིག་ཡོད་པ་དང་། དེ་ཚོ་ཚང་མའི་ནང་ལ་བོད་པ་དགེ་རྒན་བྱས་ནས་བསྡད་ཡོད་པ་མ་གཏོགས། བོད་པ་དགེ་ཕྲུག་བྱས་ནས་བསྡད་མེད།
    དེ་འདྲ་ཡིན་པས་ན། ང་ཚོའི་ཤེས་ཡོན་གྱི་སྲིད་ཇུས་དེ་འཛམ་གླིང་ཡོངས་རྫོགས་ཀྱི་སྔོན་ལ་འགྲོ་བ་དང་། མགོ་ཁྲིད་བྱེད་པའི་དམིགས་ཡུལ་དེ་བཟུང་ནས་བཟོ་དགོས་རྒྱུ་ཞིག་རེད་མ་གཏོགས།
    ད་ལྟ་ཕྱིན་ཚར་བའི་ཨ་མེ་རི་ཁ་དང་ཡུ་རོབ་ཀྱི་རྗེས་ཟིན་གྱིན་འདུག་མིན་ལྟོས་ནས་བཟོས་པ་ཡིན་ན། ད་རྗེས་ཟིན་རྒྱུ་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། རྗེས་ཟིན་ཐུབ་པ་་མ་རེད་ཅེས་ངས་ཐག་བཅད་ནས་བཤད་པ་ཡིན། ལོ་བཞི་བཅུ་ཞེ་ལྔའི་རིང་ལ། རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་འོག་ལ་ང་ཚོས་འབད་བརྩོན་བྱས་པ་རེད། རྗེས་ཟིན་པ་ག་ཚོད་འདུག་སྟོན་དང་། དེ་ང་ཚོར་ལྐོག་གྱུར་གྱི་གནས་སྟངས་ཅི་ཡང་མ་རེད། ང་རང་ཚོའི་མི་ཚེ་ལ་བྱུང་བའི་ཉམས་མྱོང་འདིའི་ནང་ལ། ད་ལྟ་འཛམ་གླིང་གི་མགོ་ཁྲིད་མཁན་བྱེད་མི་དེ་ཚོ་དེང་རབས་ཀྱི་ཤེས་ཡོན་སྲིད་ཇུས་འོག་ལ་ཐོན་མཁན་གྱི་མི་དེ་ཚོ་རེད་འདུག་གམ། ཡང་ན་ངེད་ཚོ་འདྲ་པོ། ཨེ་པི་སི་ཏི་མི་ཤེས་མཁན། གདན་ས་ཆེན་པོ་ནས་ནང་དོན་རིག་པ་ལ་སློབ་སྦྱོང་ཕྲ་ལ་ཕྲན་བུ་ཡོད་མཁན་དེ་ཚོ་རེད་འདུག་གམ། དེ་སུ་ཡིན་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་པས་ན། ང་ཚོ་མི་རིགས་ཀྱི་ནུས་པ་དང་། ང་ཚོ་མི་རིགས་ཀྱི་ལས་འགན། ང་ཚོ་མི་རིགས་ཀྱིས་རིགས་དང་མཐུན་པའི་ལས་གང་འདྲ་ཞིག་བརྩམ་དགོས་པ་བཅས་ཀྱི་གནས་ཚུལ་དེ་བློ་ཕུགས་ལ་བཞག་ནས། ད་ལྟའི་ཤེས་ཡོན་སྲིད་ཇུས་ཀྱི་ཟིན་བྲིས་དེ་བཟོས་པ་ཡིན།
    ༼༢༠༠༥ལོར་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་སྐོར་ལ་དྲིས་ལན་ཕུལ་བའི་བརྙན་ཕབ་ཀྱི་ཚན་པ་ལས། རེབ་སྨད་ལྷའུ་ཡིས་ཡི་གེར་བཀོད་པའོ།།༽

  4. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 12:37 am

    ་་་་་་་་ ད་ལྟའི་གནས་སྐབས་ལ་ཡང་། བོད་མི་རིགས་ཀྱིས་འཛམ་བུ་གླིང་གི་མགོ་འཁྲིད་ཀྱིན་ཡོད། ་་་་་་་

  5. དགེ་རབ་ says:
    2016-09-28 at 8:14 am

    དེ་རིང་ངེད་ཀྱི་བསམ་འཆར་ལ་མཆན་བུ་བཞི་བཏབ་འདུག་པ་ལ་བལྟས་སྐབས་ཚང་མ་ཀརྡོ་རབ་འབྱམས་པས་སྤེལ་འདུག ཀརྡོ་དང་གུས་པས་འདིའི་སྐོར་གྱི་སྐད་ཆ་སྔོན་མ་ནས་བཤད་མྱོང་ཡོད། བོད་ཀྱི་བྱ་ཚིག་རྗེས་མཐུན་པའི་འཇུག་ཕྱོགས་དེར་སྐྱེས་བུ་དང་པོ་གཉིས་པ་སོགས་དང་སྦྲེལ་ནས་འཆད་པ་དེ་ཁུངས་མི་འཁྱོལ་བ་ནི་ལུང་དང་རིགས་པ་གཉིས་ཀྱིས་གྲུབ་ཡོད། དེ་ལ་ཨུ་ཚུགས་བྱེད་དགོས་ཨེ་ཡོད། ད་ཁྱེད་ཀྱིས་བགྱི་དང་བགྱིད་སོགས་དུས་སྟོན་བྱད་དུ་བསྒྲུབས་པ་འདི་ཡང་སྔོན་ནས་ཤེས་མོད། ངས་ད་བར་དུ་འདི་འདྲ་འབྲི་མཁན་ཁྱེད་ལས་གཞན་མ་མཐོང་ན། སྔོན་གྱི་མཁས་པས་དེ་ལྟར་བྲིས་པའི་ཁུངས་ཡོད་ན་འདིར་ཡིན་གཅིག་མིན་གཅིག་གསུངས་རོགས་གནང་།

  6. བསམ་ཤེས། says:
    2016-09-28 at 12:32 pm

    དགེ་རབ་ལགས་ཀྱིས། ངོ་མ་ཁུངས་དང་ལུང་། རིགས་པ་དང་རྒྱུ་མཚན་ལ་རེ་བ་བཅོལ་ནས་སྐད་ཡིག་གི་སྐོར་ལ་གླེང་བཞིན་འདུག གུས་ཞབས་ཡོད། གསེར་ལྟ་བུའི་རྣམ་དཔྱོད་འདི་སྤྱོད་སྟངས་འདི་འདྲ་རེད།

    ཁྱེད་ཀྱིས་བཤད་པ་གཅིག་ངོ་མ་བདེན། ང་ཚོར་ཁ་སྐད་དང་ཡིག་སྐད་ཀྱི་སྤྱོད་སྒོ་མང་པོ་ཞིག་ཡོད་མོད། དེ་ཚོར་དོ་སྣང་མ་བྱས་པའི་དབང་གིས། འགྲེལ་བཤད་ཡག་པོ་བརྒྱབ་མིན་འདུག་ལ། འབད་བརྩོན་ཡང་བྱས་མིན་འདུག དེ་དག་ཁ་སྐད་རེད་ཅེས་སྣང་ཆུང་གཏོང་བ་འདི་སྐྱོན་རེད།

  7. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 12:38 pm

    དགེ་རབ་ལགས།
    གསལ་བཤད་གནང་བར་བཀའ་དྲིན་ཆེ། ངའི་ཁུངས་ནི། དེ་རིང་སྡིག་པ་མི་བགྱིད་ལ། །ཕྱིན་ཆད་དུ་ཡང་མི་བགྱིའོ། །ཞེས་ལྟ་བུས་ཤིནད་ཏུ་མང་། ཐུ་མིའི་སྤྱི་སྐད་དུ་བཀྲལ་ན། ངས་དེ་རིང་སྡིག་བྱེད་བགྱིད་མིན། ངས་རྗེས་མ་སྡིག་པ་བྱ་བགྱི་མིན། ཞེས་སོགས་ཀྱིས་ཤེས་ནུས་ཀྱང་། རང་གི་ཡུལ་སྐད་ལ་གོམས་དྲགས་པ་དང་། སྔར་ནས་མ་དག་རྒྱུན་འབྱམས་ལ་བརྩིས་དྲགས་ན། བོད་ཡིག་དང་བོད་སྐད་ཡར་རྒྱས་ལ་གནོད་པ་ནི། མངོན་སུམ་ཚད་གྲུབ་རེད་དོ།།

  8. དགེ་རབ་ says:
    2016-09-28 at 12:42 pm

    དེ་རིང་སྡིག་པ་མི་བགྱིད་ལ། །ཕྱིན་ཆད་དུ་ཡང་མི་བགྱིའོ། ། ཞེས་པའི་བགྱི་དང་བགྱིད་ཅེས་པ་ནི་བྱ་ཚིག་རང་རྐྱ་བ་ཞིག་རེད། དེ་ལས་གཞན་དཔེར་ན་འགྲོ་བགྱི་ཡོད་ལྟ་བུའི་ཁུངས་ཡིག་ཆ་ནས་རྙེད་དམ། ཡོད་ཀྱང་སྲིད་མོད་ངས་མ་བཙལ་ལགས།

  9. བློ་གྲོས་རབ་བརྟན་ says:
    2016-09-28 at 1:03 pm

    ཐེངས་གཉིས་ལ་བཀླགས་ཡིན། བསམ་བློ་གཏོང་ས་མང་པོ་འདུག དགེ་འདུན་རབ་གསལ་ལགས་ནི་འདས་པའི་ལོ་འགའི་རིང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ན་གསལ་ཁ་མེད་པ་དང་། ཁ་སྐད་ན་ཡོད་པ། བེད་སྤྱོད་ཡོད་པ། དགོས་གལ་ཆེ་མང་པོ་ཞིག་མཐོང་སྟེ། རང་རེའི་བརྡ་སྤྲོད་པའི་གཞུང་འདི་འཐུས་ཚང་དུ་གཏོང་པར་གང་དགེ་ཅི་ལེགས་ཀྱི་དགོངས་འཆར་ཡང་ཡང་འདོན་མཁན་ཞིག་རེད།

  10. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 2:05 pm

    ཀླུ་སྨྱོན་ལགས་ཀྱིས།
    ང་འགྲོ་གི་ཡིན། ཚབ་ལ། ང་འགྲོ་ཀི་ཡིན། འབྲི་འདོད་པ་འདི་ཡང་། ངས་ཞིབ་འཇུག་གི་ལམ་ཕྱེད་དུ་བསླེབས་པར་འདོད་ལགས།

  11. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 2:10 pm

    དག་བཅོས།
    ་
    ཕྱིན་ཆད་དུ་ཡང་མི་བགྱིའོ། །
    ཞེས་པའི་དེང་གི་ཁ་སྐད་དུ་བཀྲལ་ན།
    ངས་རྗེས་མ་སྡིག་པ་བྱ་བགྱི་མིན།
    འདི།
    ངས་རྗེས་མ་ཡང་སྡིག་པ་བྱ་བགྱི་མིན།
    ཡང་།
    ངས་ཞིབ་འཇུག་གི་ལམ་ཕྱེད་དུ་བསླེབས་པར་འདོད་ལགས།
    འདི།
    ངས་ཞིབ་འཇུག་བྱས་པའི་ལམ་ཕྱེད་དུ་བསླེབས་པར་འདོད་ལགས།

  12. ཅོ་རི་ཉི་མ། says:
    2016-09-28 at 2:34 pm

    འགྲོ་གི་ཡིན།
    འགྲོ་ནི་ཡིན།
    འགྲོ་ལེ་ཡིན།་་་་ཞེས་ལུང་ཚན་མི་འདྲ་བ་རེ་རེས་བྱ་ཚིག་མི་འདྲ་རེ་བེད་སྤྱོད་བཏང་གི་རེད། འ་དང་མཐའ་མེད་འི་དང་ཡི་་་ཞེས་པ་ལ་བལྟས་ན་་་འགྲོ་ཡི་ཡིན་་་ཞེས་པ་འདི་ཡིག་སྐད་དང་དག་པ་མིན་འགྲོ་སྙམ།

    ལུང་ཚན་རེས་མིང་ཚིག་མི་འདྲ་བ་རེ་དང་བྱ་ཚིག་མི་འདྲ་བ་རེ་བེད་སྤྱོད་བྱས་ན་མཐའ་མར་འབྲུག་པའི་བོད་ཡིག་ལྟར་འགྱུར་ངེས་རེད། ཡིག་ཐོག་ནས་ཀྱང་ཕན་ཚུན་གོ་བརྡ་མི་འཕྲད་པ་ཞིག་འོང་ངེས་རེད་འདོད། དེར་བརྟེན་མིང་ཚིག་དང་བྱ་ཚིག་ཡོངས་རྫོགས་གཅིག་གྱུར་གྱི་ཕྱོགས་སུ་འབད་བརྩོན་བྱེད་དགོས་པ་ནི་སྐད་ཡིག་སྲ་བརྟན་དང་སྲུང་སྐྱོབ་ཀྱི་གནད་དོན་གཙོ་བོ་ཞིག་རེད་འདོད།

  13. ཅོ་རི་ཉི་མ། says:
    2016-09-28 at 2:41 pm

    ཁ་སྐད་ཀྱི་ཐོག་ནས་ཁམས་དང་ཨ་མདོའི་ཕྱོགས་ཀྱི་བོད་མི་རྣམས་ཀྱིས་གོང་ས་ཏྭ་ལའི་བླ་མའི་སྐད་གོ་མི་ཐུབ་པ་དང་། སྐད་སྒྱུར་དགོས་པའི་གནས་སྟངས་ཡོད་བཞིན་པ་རེད་་་་་་་་ ཧཧ མུ་མཐུད་ནས་ལ་སྐད་ལུང་སྐད་ཡིག་ཐོག་ཏུ་བྲིས་པ་ཡིན་ན་ཡིག་ཐོག་ནས་ཀྱང་གོ་བརྡ་མི་འཕྲད་པ་ཞིག་འོང་ངེས་པ་རེད་འདོད།

  14. ཅོ་རི་ཉི་མ། says:
    2016-09-28 at 3:10 pm

    ཀརྡོ་ལ་གསལ་བཤད་ཏོག་ཙམ་ཡོད།
    བགྱིས་་་འདས་པ།
    བགྱིད་་་ད་ལྟ་བ།
    བགྱི་་་་་་མ་འོང་པ།་་་་་་་བགྱིད་ཅེས་པའི་ཚིག་འདི་བྱེད་སྒྲ་དང་འབྲེལ་གང་གི་ཁུངས་སུ་བཅུགས་ཀྱི་ཡོད་དམ། གི་ཀྱི་གྱི་འི་ཡི་ལྔ་པོ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། དེ་རྣམས་ས་མཐའ་ཅན་ལྔ་ནི། རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།་་་་་ཞེས་གསུངས་ཡོད།

    ད་་་ཀརྡོའི་ལུགས་སུ་བྱས་ན་བྱེད་སྒྲ་དང་འབྲེལ་ལྔ་ལས་མང་བ་ཆགས་ཚར་བ་རེད། སུམ་རྟགས་ཀྱི་ལུགས་དང་འགལ་བ་མིན་ནམ། བགྱིད་ཅེས་པའི་ཚིག་གི་བསྟན་བྱ་དང་གི་ཀྱི་གྱི་འི་ཡི་སོགས་ཀྱི་བསྟན་བྱ་རྩ་བ་ནས་སོ་སོར་རེད།
    དཔེར་ན། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་་་་་ཅེས་པའི་སྐས་སུ་དགྱིད་ཅེས་པ་འདི་བྱེད་སྒྲ་མ་རེད།

    བྱེད་སྒྲ་ཡིན་ན་་་བྱེད་པ་པོ་དང་བྱ་ཡུལ་སོ་སོར་འབྱེད་ནས་གཙོ་བོ་བྱ་བའི་ཡུལ་ལ་བྱེད་པ་པོ་དངོས་སུ་བསྟན་པའི་ཚིག་དེ་ལ་་་བྱེད་སྒྲ་ཟེར་དགོས་པར་འདོད། ཀརྡོ་ཁྱོད་ཀྱིས་འགྲོ་བགྱིས། འགྲོ་བགྱིད་ཡིན་ཅེས་མང་པོ་ཞིག་བྲིས་བསྡད་སོང་། རྒྱུ་མཚན་དང་ཁུངས་ལུང་ག་རེ་ཡོད་དམ། སྟོན་ཤོག་ཨ། མེད་ན་་་་་ཧཧཧཧ་་ཚཚཚཚ

  15. BONPO says:
    2016-09-28 at 5:56 pm

    ཨ་མདོའི་གདོད་མའི་སྐད་ལུགས་ལ་ཨ་མདོ་བ་མ་ཡིན་པའི་མི་བུ་རྣམས་ཀྱིས་དུས་ནམ་ཡང་བཅོས་བསྒྱུར་གཏོང་རྒྱུའི་བསམ་བློ་མ་གཏོང། ཨ་མདོའི་ཕ་སྐད་གཙང་མ་དེ་ཨ་མདོ་བ་ཁོང་རང་ཚོའི་ངག་སྒོ་ནས་ཇི་ལྟར་ཐོན་པ་ལྟར་གྱི་དེ་ལྟར་དུ་འབྲི་རྗོད་ཀྱི་རང་དབང་ཡོད། དེ་ལ་སྐྱོན་རྗོད་པ་ནི་ཤིན་ཏུ་མི་འོས་པའི་གནས་སུ་རིགས་པར་བྱའོ། མི་རིགས་ཀྱི་སྐད་ལུགས་མི་འདྲ་བ་ཁག་ལ་ངེས་པར་དུ་གུས་བརྩི་ཞུ་ཤེས་དགོས། དེ་ནི་རང་ཉིད་སྤྱི་འབངས་ཤིག་ཡིན་ན་རང་གི་ཁྲིམས་ལུགས་ལ་བརྩི་སྲུང་ཞུ་དགོས་པ་དང་འདྲ། དཔེར་ན་ཁང་པ་ལ་ཁང་བ་དང་། ཚོང་པ་ལ་ཚོང་བ། འབྲོག་པ་ལ་འབྲོག་བ། ཞིང་པ་ལ་ཞིང་བ། ནང་པ་ལ་ནང་བ། ཕྱི་པ་ལ་ཕྱི་བ། ལྟ་བུའི་རྫོད་ཚིག་ལ་དེ་འདྲ་སྐྱོན་ཆེན་པོ་གང་འདུག་གམ། བརྡ་སྤྲོད་སྦྱོང་དགོས་པ་གལ་ཆེན་ཡིན་པའི་མུ་ལ་མི་རིགས་ཀྱི་སྐད་ལུགས་ཁག་ལ་སློབ་སྦྱོང་གནང་དགོས་པ་ནི་དེ་བས་ཀྱང་གནད་འགག་དུ་མཐོང་། བོད་སྐད་ཀྱི་ནོར་བུ་ངོ་མ་དེ་ནི་བརྡ་སྤྲོད་ཨ་ཡིན་ན། བོད་སྐད་ཀྱི་ནོར་བུ་དངོས་གནས་དེ་ནི་ཡུལ་ལུང་སོ་སོའི་གདོད་མའི་སྐད་ལུགས་ཁག་ཡིན་དགོས་པར་སེམས། བོད་ཀྱི་བརྡ་སྤྲོད་རིག་པ་དངོས་གནས་ཤིག་ཡིན་ན། བོད་རང་ཡུལ་གྱི་གདོད་མའི་སྐད་རིགས་ཁག་སྲུང་སྐྱོབས་བྱ་ཐུབ་མཁན་ཞིག་ཡིན་དགོས་པ་མ་གཏོགས། བོད་ཀྱི་ཡུལ་ལུང་སོ་སོའི་ཕ་སྐད་གཙང་མ་ལ་སྤང་བླང་གི་རྣམ་བཞག་ཧ་ཅང་མང་སོང་ན། དཀོན་གཉེར་དག་འདོད་ཆེ་ན། གསེར་སྐུ་ཟངས་ལ་འགྱུར་ཡོང་། ཞེས་པའི་ཁ་དཔེ་དང་མཚུངས་པར་འགྱུར་རོ། །

  16. ལྷ་རྒོད says:
    2016-09-29 at 12:12 am

    ཡུལ་སྐད་གཞིར་བཅོལ་ནས་བོད་སྐད་དང་བོད་ཡིག་གཏན་འབེབ་དགོས་ན་དང་པོར་ཐོན་མིས་དང་ས་པཎ་སུས་མཛད་ཀྱང་ད་ལྟ་བཀོལ་བཞིན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་འདི་དག་མེད་པ་བྱོས། སྐད་ཡིག་ཚད་ལྡན་ཞིག་རྒྱུན་འཛིན་དང་དར་སྤེལ་འདོད་ན་ད་ལྟ་ཡོད་བཞིན་པའི་བརྡ་སྤྲོད་འདི་ལ་ཡུལ་སྐད་དང་ཁ་སྐད་གཉིས་ཀྱིས་ཚུར་བལྟོས་དགོས།

  17. ཀླུ་སྨྱོན། says:
    2016-09-29 at 12:18 am

    བརྡ་སྤྲོད་པའི་བསྟན་བཅོས་མི་དགོ། ཁ་སྐད་རྐྱང་པ་འབྲི་ན་འདོད་ཀི ཁྱུ་ཆོས་བསམས་ན་ཆི་མོ་རེ

  18. དཔའ་ཆེན་དོན་གྲུབ་ says:
    2016-09-29 at 12:30 am

    ཀརྡོ་རབ་འབྱམས་པ་ལགས་ཀྱིས་(དེ་རིང་སྡིག་པ་མི་བགྱིད་ལ། །ཕྱིན་ཆད་དུ་ཡང་མི་བགྱིའོ། །)ཞེས་པའི་སྐབས་ཀྱི་བགྱིད་དང་བགྱི་ཡི་གོ་དོན་ངེས་མེད་པ་འདྲ། ༼འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། ༽ ཞེས་དང་། ༼འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།༽ ༼ རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།།༽ཞེས་སོགས་བྱེད་པའི་འདས་པ་སྟེ་བྱས་པའི་དོན་རེད།

    བགྱིས་་་འདས་པ། བགྱིད་་་ད་ལྟ་བ། བགྱི་་་མ་འོངས་པ་རེད། གྱིས་་་སྐུལ་ཚིག་རེད།

  19. ཀརྡོ་རབ་འབྱམས་པ་ says:
    2016-09-29 at 12:47 am

    ་་་་་ བགྱིས་་་འདས་པ། བགྱིད་་་ད་ལྟ་བ། བགྱི་་་མ་འོངས་པ་རེད། གྱིས་་་སྐུལ་ཚིག་རེད། ་་་་་་ འདི་ངས་ཀྱང་ཤེས་ནས། ང་ འགྲོ་བགྱི་ ཡིན། མ་འོངས་པ་དང་། ང་ འགྲོ་བགྱིད་ ཡོད། འདི་དུས་ད་ལྟ་བའི་དག་ཆ་ལ་བྲིས་ན་དགོས་པ་ཆེན་པོ་འདུག་ཟེར་བགྱིན་ཡོད་དོ།།

  20. ཀརྡོ་རབ་འབྱམས་པ་ says:
    2016-09-29 at 12:55 am

    ཅོ་ཅོ་རིས། དེ་རིང་མཁས་སྐད་རྒྱག་བགྱིད་ང་དགའ་པོ་བྱུང་སོང་། ངས་ད་བར་སྔར་གྱི་མཁས་པ་འགས། ང་འགྲོ་གི་བྲིས་པ་འདི་འགྲིགས་མི་འདུག དེ་ལས་ལྷག་པ། ང་ འགྲོ་བགྱི་ ཡིན། ཞེས་བྲིས་ན། དུས་མ་འོངས་ཡིན་པ་ཡིག་གཟུགས་རང་གིས་གསལ་སྟོན་ཐུབ་པ་འདུག
    དེ་བཞིན། ཡང་། ང་འགྲོ་གི་ཡོད། རྙིང་ཚབ་ལ། གསར་གཏོད། ང་ འགྲོ་བགྱིད་ ཡོད། ཅེས་བྲིས་ན། དུས་འདས་པ་རང་གིས་བྲིས་པའི་ཡི་གེ་རང་གིས་སྟོན་བགྱིད་འདུག ལབ་བགྱིད་ཡོད། མཁྱེན་སོང་སམ། མཁས་དབང་ཅོ་རི་ཉི་མ་ལགས།། །།

  21. ཀརྡོ་རབ་འབྱམས་པ་ says:
    2016-09-29 at 12:56 am

    ད་ནས་ང་ཅང་མི་སྨྲ་བའི་རྟུལ་བཞུག་ལ་གནས་པར་བགྱིའོ།། །།

  22. ཅོ་རི་ཉི་མ། says:
    2016-09-29 at 4:15 am

    ཅི་འདྲའི་མྱི་ལས་ངན་སྐྲག་མོ་འགུ ལ་སྐད་ལུང་སྐད་རུ་རྒྱུ་པ་ཡིག་ཏུ་ཕབ་ན་སུས་གོ་ལེ་རེད། སུས་ཀྱང་གོ་ལེ་མ་རེད། ག་ག་སྐྲག་བྱ་མ་འདི་ཚོས་བོད་ཡིག་འདི་ཡང་མགྱོགས་པོ་བརླག་བཅུག་ས་འགུ ད་ནི་ཅོ་རི་ངས་ཆུ་བྲེ་ལུ་ཟེར་མི་འོང་། ཧི་རུ་རྒྱུ་པས་ཅི་དགའ་གང་འདོད་བྲིས་ཤོག་ཨ་་་་་བདེ་མོ།

  23. ཅོ་རི་ཉི་མ། says:
    2016-09-29 at 4:56 am

    ལ་རེའི་འགོ་ན་མི་གཅིག་འབྲོག་སྡེ་རེ།
    འབྲོག་སྡེ་རེ་ལ་མི་མཐུན་ལ་སྐད་རེ།
    དེ་ཉིད་ཤེས་མཁན་ཡིག་རྨོངས་འབྲོག་རྒན་རེ།
    ལུང་རེའི་ཁུག་ན་མི་གཅིག་གྲོང་སྡེ་རེ།
    གྲོང་སྡེ་རེ་ལ་མི་མཐུན་ལུང་སྐད་རེ།
    དེ་ཉིད་ཤེས་མཁན་ཡིག་རྨོངས་རོང་རྒན་རེ།
    ལ་སྐད་ལུང་སྐད་རྒྱབ་མཁན་ཡིག་རྨོངས་ཚོའི།
    ཁ་ནས་ཅི་བཤད་ཡིག་ཐོག་འབྲི་དགོས་ན།
    བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་འདི།
    བརྩམས་མཁན་ཡིག་རྨོངས་ཨེ་རེད་མཁས་དབང་ཚོ།
    མིན་ན་ཅིའི་ཕྱིར་ཡིག་རྨོངས་རོང་འབྲོག་ཚོའི།
    ཁ་སྐད་རྗེས་སུ་འབྲང་དགོས་ག་ལ་ཡོད།་་་་་་ཧཧ

  24. ཅོ་རི་ཉི་མ། says:
    2016-09-29 at 5:14 am

    བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས་པ་འདིའི་ཕྱོགས་སུ་མཁས་པའི་དབང་པོ་དྲ་གྲོགས་ཚོས་ཐུགས་བསམ་བཞེས་པའི་རེ་བ་ཡོད་དོ།

  25. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-09-29 at 5:23 am

    ཧཧཧཧ་་་་ཨ་རི་ནང་བོད་སྐྱེས་ཕྲུ་གུ་རྣམས་ལ་དང་པོ་བོད་ཡིག་བརྡ་དག་ནོར་བ་གང་མང་བསླབ་རྗེས་སུ་དག་བཅོས་བཟོ་ཞོར་ཡག་པོ་ཡོང་གི་རེ་བ་ཡོད་ཤས་ཆེ། སློབ་དེབ་སྒྲིག་མཁན་མཁས་དབང་དེ་ཚོའི་དགོངས་པ་འདྲ། ལ་ནས་ནུབ་གླིང་ནང་འཚར་བའི་ཕྲུ་གུའི་སེམས་ཁམས་ལ་ལྟོས་པ་ཡིན་ན་བརྡ་དག་དང་མཐུན་པ་ལས་མ་མཐུན་པ་སློབ་ན་དགའ་བ་མཁས་དབང་ཚོས་ཤེས་འདུག་གདའ། ད་ཡིན་ན་ངོ་མཚར་ཆེ་འདུག་་་་་་

  26. དགེ་རབ་ says:
    2016-09-29 at 9:30 am

    བོད་སྐད་ཀྱི་བསླབ་དེབ་ལོ་རྒྱུས་ཤིག་འབྲི་ཐུབ་པ་བྱུང་ན་ང་ཚོ་ལ་ཕན་ཐོགས་པོ་ཡོང་པ་འདྲ། དུས་ཀྱིས་ལྕོགས་ན་འདིའི་སྐོར་གྱི་ཟིན་ཐོ་ཞིག་འབྲི་བར་བྱ། གཤམ་གསལ་འབྲེལ་ཐག་ན་༡༨༩༤ལོར་པར་བཏབ་པའི་བོད་སྐད་ཀློག་དེབ་ཅིག་འདུག
    https://archive.org/details/handbookcolloqu00sandgoog
    བོན་པོ་ལགས་ཀྱིས་དགོངས་ཚུལ་གསུངས་པ་དེ་ལ་དགོངས་བཞེས་གནང་རྒྱུ་གལ་ཆེན་པོ་རེད། ལ་རྩེ་དཔེ་མཛོད་ཁང་ངམ་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་སྐད་ཡིག་ཚོགས་འདུའི་མཇུག་འབྲས་སུ་སྐད་ཡིག་དང་འབྲེལ་བའི་དེབ་གཉིས་པར་སྐྲུན་བྱས་འདུག དེ་གཉིས་ཀྱི་འབྲེལ་ཐག་གཤམ་གསལ་ལྟར་ཡིན།
    http://www.trace.org/publication/minority-language-todays-global-society-vols-1-and-2
    http://www.trace.org/publications/minority-language-todays-global-society-vol-2
    ད་གཙོ་བོ་དེ་ཐབས་ལམ་སྣ་ཚོགས་པ་གདམས་རྒྱུ་ཡིན་ནམ་ཐབས་ལམ་གཅིག་ཁོ་ན་གདམས་རྒྱུ་ཡིན་ཞེས་པའི་དྲི་བ་འདི་རེད། ངས་ནི་བོད་ཡིག་ཤེས་ཐབས་ཀྱི་ཐབས་ལམ་སྣ་ཚོགས་པ་ཡོད་ན་དེ་བོད་ཀྱི་སྐད་ཡིག་གི་རྒྱན་རེད་མ་གཏོགས་སྐྱོན་མ་རེད་བསམས་ཀྱིན་ཡོད། ལར་ནས་བརྡ་སྤྲོད་ཀྱི་འགྲོས་མི་མཐུན་པའི་བོད་ཀྱི་སྐད་ཡིག་ཀློག་དེབ་ད་བར་དུ་པར་སྐྲུན་བྱས་ཟིན་རིགས་ལ་ང་ཚོས་དོ་སྣང་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། བརྡ་སྤྲོད་ཙམ་ཞིག་མ་རེད། མིང་གི་དག་ཆ་ཚུན་ནས་ཡིག་ནོར་གྱིས་ཁེངས་ཏེ་བཀྲམས་ཡོད་པ་དེ་དག་ལ་ཅི་བྱེད་རྒྱུ་ཡིན།

  27. ཨ་འབར་འཇིགས་དབང། says:
    2016-09-29 at 11:21 pm

    ༅༅། ཨ་རིའི་བདུན་ཕྲག་མཐའ་མའི་སློབ་དེབ་རྩོམ་སྒྲིགས་པའི་མཁས་པ་དེ་ཚོ་བརྡ་སྤྲོད་མེད་པའི་
    རྩོམ་སྒྲིག་མཁས་པའི་སྡེ་ཚོགས་ཀྱི་འཐུས་མི་དེ་ཚོ་སྔོན་དུ་སློབ་གྲ་ག་ནས་ཐོན་པ་རེད།
    བོད་གཞུང་གི་ལས་་བྱེད་དུ་ག་འདྲ་སེ་བསྐོས་པ་ཡིན་ནམ།

  28. ཀརྡོ་རབ་འབྱམས་པ་ says:
    2016-09-29 at 11:50 pm

    བོད་པའི་ནང་འཁྲུགས་ཅིག་ནི། སློབ་དེབ། བསླབ་དེབ། བཀླག་དེབ། ཀློག་དེབ་དེ་ཞིབ་པོ་གང་དང་། ག་དུས་འབྲི་མི་ཤེས་པར་ལུས་ནས་བསྡད་ཡོད་རེད།

  29. དགེ་རབ་ says:
    2016-09-30 at 8:44 am

    ངེད་ཀྱི་བསམ་འཆར་འདི་ནི་རྒྱབ་ལྗོངས་མདོར་ཙམ་ཞིག་བྲིས་ནས། བཙན་བྱོལ་སྤྱི་ཚོགས་ལ་གུ་ཡངས་ཀྱི་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་པ་ཡིན། མཆན་རྣམས་ལའང་དུས་ལྟར་ལྟ་རྟོག་གིས་ལན་འབུལ་དགོས་རིགས་ལ་ཕུལ་པ་ཡིན།
    ད་ནི་བསམ་འཆར་གཞན་ཞིག་ཀྱང་བཤད་པར་འདོད། དེ་ནི་ལས་ཀ་བྱེད་མཁན་གྱི་བོད་མི་རྣམས་ལ་བསྔགས་བརྗོད་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁོང་ཚོས་འབད་བརྩོན་བྱས་ཤིང་དུས་ཚོད་བཏང་ནས་ཐོན་པའི་འབྲས་བུ་དེ་སྐྱོན་ཆུང་ཆུང་ཆུང་ཆུང་ཞིག་ལ་བསྙད་ནས་ནག་གསུབ་གཏོང་རྒྱུ་ཡོད་པ་མ་རེད། དེ་ཡང་ལས་ཀ་མི་བྱེད་མཁན་ནམ་མ་བྱས་པ་དག་གིས་སྐྱོན་བརྗོད་ཀྱི་སྐད་ཆ་བཤད་མི་འོས་པ་ཞིག་རེད། དེས་ན། བོད་ཀྱི་སྐད་ཡིག་དང་དམིགས་བསལ་ཨ་རིའི་ནང་གི་བྱིས་པའི་སྐད་ཡིག་ལ་ཐུགས་སྣང་དང་སེམས་ཁུར་བླངས་ཏེ་ཀློག་དེབ་འདི་འདྲ་ཞིག་སྒྲིག་པའི་བྱེད་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ད་དུང་དགེ་རྒན་ཞིག་གི་ངོས་ནས་བཤད་ན། མཚམས་རེར་བྱེད་སྒྲའི་ཕྲད་སོགས་མ་བསླབས་པའི་སྔོན་ལ་བྱ་ཚིག་སློབ་དགོས་པ་དེ་འདྲའང་ཡོང་གི་རེད། སྐབས་དེ་ལ་བྱེད་སྒྲའི་ཕྲད་འཛིན་གྲྭ་ལ་འཁྱེར་ཡོང་ན་བྱ་ཚིག་གཙོ་བོར་སློབ་པའི་སློབ་ཚན་དམིགས་ཡུལ་ལ་གནོད་འགྲོ དེས་ན་སྐད་སློབ་པའི་གོ་རིམ་དེ་ཡང་ཐུགས་ལ་འཛིན་འཚལ། དེ་ཡང་ཉམས་མྱོང་ཞིག་ཡིན། ཐུགས་རྗེ་ཆེ།

  30. བློ་བཟང་། says:
    2016-10-01 at 6:25 pm

    བསམ་བློ་བ་རེད་དངོས་ནས་ཡག་པོ་བྲིས་འདུག བོད་ཡིག་གི་ཚེ་སྲོག་དངོས་དེ་ལ་བསམ་བློ་བཏང་འདུག་ཐུགས་རྗེ་ཆེ་ཞུ། དེ་མིན་ཁ་བརྡ་ཚང་གི་ཀ་ཅོ་ཞིང་གསུམ་ལྟ་བུ་ལ་ཡ་བྱེད་རིན་ཡོད་པ་མ་རེད།

  31. ཀརྡོ་རབ་འབྱམས་པ་ says:
    2016-10-01 at 11:44 pm

    ཧ་ཧ། །

  32. ཀརྡོ་རབ་འབྱམས་པ་ says:
    2016-10-01 at 11:45 pm

    བློ་བཟང་རང་། བློ་ངན་དུ་མ་སོང་བར་གྱིས།

  33. BONPO says:
    2016-10-04 at 9:17 am

    བདག་རང་དགེ་འདུན་ཆོས་འཕེལ་མཆོག་ལ་གུས་བཀུར་ཆེན་པོ་ཞུ་མཁན་ཞིག་ཡིན། ཡིན་ནའང་ཁོང་གིས་བྲམ་ཟེའི་བུ་མོ་མཆོག་ཡིན་རབས་ཀྱི་བསྟོད་བསྔགས།། བོད་པའི་བུ་མོ་ཚོ་ལ་དེ་ཙམ་བྲོ་བ་མེད་རབས་ཀྱི་མཐོང་ཆུང། དེའི་ནང་ནས་ཀྱང་ཁམས་དང་ཨ་མདོའི་བུ་མོ་ལ་སྒྱུ་རྩལ་མེད་རབས་ཀྱི་ཀླན་ཀ་སོགས་ལ་ངོས་ལེན་རྩ་བ་ནས་ཞུ་ཐུབ་ས་མ་རེད། དེང་སང་ཕྱི་གླིང་མགོ་སེར་རྒྱོ་དགའ་ཚོས་བཤད་པ་ལྟར་ན། ཁམས་དང་ཨ་མདོའི་བུ་མོ་ཚོ་ལ་གཡུག་ཉམས་འདུག་ཟེར་ནས་སྐད་གྲགས་འདྲ་ཆོད་བསྡད་འདུག མ་གཞི་དེ་ཚོ་ཕྲ་ཞིང་ཕྲ་བ་ནས་ཁྱེད་ཚོས་ལོས་མཁྱེན།། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (100)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (41)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme