Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྡ་སྤྲོད་སྦྱོངས།

Posted on 2016-09-252016-09-25 By ཁ་བརྡ་ 37 Comments on བརྡ་སྤྲོད་སྦྱོངས།

ཐུབ་བསྟན་ཕུན་ཚོགས།

(བརྡ་སྤྲོད་སྦྱོངས།)པ་ཡིག་གི་ཚབ་ལ་བ་ཡིག་སྤྱོད་པ་ནི་“རིག་གསར”གྱི་ནད་རྙིང་ཕོག་པ་ཡིན།

པ་དང་བ་གཉིས་ཁྱད་པར་མི་ཤེས་པའི། །
རབ་འབྱམས་པ་དང་འབུམ་རམས་པ་དག་མཚར། །
གནའ་བོའི་བོད་ཀྱི་གཅིག་གྱུར་ཡིག་ཚང་རྣམས། །
དེང་རབས་མཁས་པའི་ལག་ཏུ་ཐ་དད་འཐོར། །

བོད་སྐད་གཅིག་གྱུར་འབོད་སྒྲ་སྙན་མོད་ཀྱང་། །
བོད་ཡིག་ཐ་དད་གཏོར་བ་རིག་གསར་ལས། །
བོད་མིའི་རང་འདོད་ལ་རྒྱ་རིང་དོར་ནས། །
བོད་ཡིག་གཅིག་གྱུར་ལས་ལ་བརྩོན་པར་རིགས། །

ཤོག་ལྷེབ་གསུམ་གྱི་སུམ་རྟགས་མ་བྱང་པའི། །
དགོན་པའི་མཁན་ཆེན་སློབ་གྲྭའི་སློབ་དཔོན་རྣམས། །
རང་འདོད་སྤངས་ནས་རང་གི་མི་རིགས་ཀྱི། །
སྐད་ཡིག་གཅིག་གྱུར་ལས་ལ་འབད་པར་འོས། །

དེང་དུས་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཀྱི་རིག་གཞུང་གི་རྩ་བའི་ཤེས་བྱ་ཇེ་སྡུག་ཏུ་གྱུར་ནས། སུམ་རྟགས་དག་གསུམ་ཡག་པོ་ཤེས་མཁན་ཇེ་ཉུང་དུ་འགྲོ་བཞིན་འདུག དེའི་རྐྱེན་གྱིས་སློབ་མའི་དཔྱད་རྩོམ་ནང་དུ་པ་དང་བ་གཉིས་སྤྱོད་སྟངས་ནོར་བ་མང་པོ་ཞིག་ཡོང་ཞིང་ཡོད་པ་འདི་ཕལ་ཆེར་ཨ་མདོའི་སློབ་མ་དང་། ཁམས་ཕྱོགས་ཀྱི་འབྲོག་པའི་སློབ་མ་རྣམས་ལ་རྒྱུན་ལྡན་གྱི་ནོར་འཁྲུལ་ཞིག་རེད། དབུས་གཙང་ཕྱོགས་ཀྱི་སློབ་མ་རྣམས་ལ་ཡིག་ནོར་འདི་ཧ་ལམ་མི་སྲིད་པ་འདྲ་པོ་ཞིག་རེད་འདུག བ་ཡིག་བདག་སྒྲའི་ཕྲད་ཡིན་མིན་སྐོར་ལ་རྩོད་པ་ཡོད་པས་དེས་བདག་སྒྲའི་ཕྲད་སྦྱར་བའི་སྐབས་སུ་བ་ཡིག་ཐོབ་མིན་ལ་སྔར་ནས་རྩོད་པ་ཡོད་ཀྱང་། མིང་མཐར་པ་ཡིག་དང་བ་ཡིག་སྦྱོར་ཚུལ་ནི་གང་ཞིག་རྟགས་མཚུངས་འདྲེན་པ་དང་། གང་ཞིག་སྒྲ་མཚུངས་ཀྱི་བརྗོད་བདེ་འདྲེན་པ་ཡིན་པ་བོད་ཀྱི་བརྡ་སྤྲོད་གཞུང་དུ་གཏན་འཁེལ་ཟིན་པ་ཞིག་ཡིན་ཀྱང་། དེང་དུས་པ་ཡིག་གི་ཚབ་ཏུ་བ་ཡིག་སྤྱོད་པ་འདི་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་མ་ཤེས་པའི་སྐྱོན་དུ་མཐོང་། །

 

གཅིག བདག་སྒྲའི་ཕྲད་བ་ཡིག་འཇུག་མིན་སྐོར།

བ་ཡིག་བདག་སྒྲའི་ཕྲད་ཡིན་མིན་སྐོར་ལ།སུམ་རྟགས་ཀྱི་རྩ་བའི་གཞུང་དུ་དངོས་བསྟན་གྱི་ཕྲད་ནི་པ་ཡིག་མ་གཏོགས་མེད་དེ། སུམ་ཅུ་པར།
གང་མིང་གི་ནི་མ་མཐའ་ན།།
པུ་ལིངྒ་ཡི་སྒྲ་མེད་པ།།
དེ་ལ་པུ་ལིངྒ་སྦྱར་ན།།
བདག་པོའི་གནས་སུ་ཤེས་པར་བྱ།།
ཞེས་པར། སི་ཏུའི་འགྲེལ་ཆེན་དུ།“གང་ཡང་རུང་བའི་མིང་གི་མ་མཐའ་རྣམས་སུ་པུ་ལིངྒ་སྟེ་སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་པ་ཞིག་ཡིན་ན།དེ་ལ་པུ་ལིངྒའི་སྒྲ་སྦྱར་བ་བྱས་པས་དེའི་བདག་པོའི་དོན་གསལ་བར་ནུས་པའི་ཕྱིར་བདག་པོའི་སར་ཤེས་པར་བྱའོ།།ཞེས་སོ། །དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་གཉིས་ཡིན་ཏེ།དེ་དག་སྔར་མེད་པ་ལ་གསར་སྦྱར་བས། རྟ་པ། གསེར་པ། ཁ་ལོ་པ། ཕྲིན་ལས་པ། བྱེད་པོ། ལེན་པོ།གཏོང་བ་པོ་སོགས་སོ་སོའི་བདག་པོ་གོ་བར་བྱེད་པ་རྣམས་སོ།”ཞེས་དང་།
ཡང་།“སྐབས་འདིར་འགྲེལ་བྱེད་ཁ་ཅིག་གིས། བ། ཅན། ལྡན་རྣམས་ཀྱང་པུ་ལིངྒའི་སྒྲར་འདོད་པར་སྣང་བ་འཐད་པར་མ་མཐོང་སྟེ།དེ་དག་ལ་བཤད་མ་ཐག་པ་ལྟར་གྱི་པུ་ལིངྒའི་སྒྲ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་དང༌། ཅན་དང་ལྡན་གྱི་སྒྲ་གཉིས་གང་ཞིག་གང་ལ་ཡོད་པ་སྟོན་པའི་ཆ་ནས་བདག་སྒྲ་དང་མཚུངས་པ་ཡོད་ཀྱང་དེ་དག་བེམ་པོ་ལའང་འཇུག་པས་བདག་སྒྲར་མ་ངེས་པའི་ཕྱིར་དང༌། བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ། །ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་པ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ།དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང༌། དེ་དག་དག་པར་འདོན་ན།ལྷ་ས་པ། སེ་ར་པ། ལྟ་བུར་བརྗོད་རིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །

འོན་ཀྱང་དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་ལས། ” ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས།།མིང་མཐའི་པ་བའང་ཕལ་ཆེར་འདྲ།།མ་ནི་ངེས་མེད་སྐབས་དང་སྦྱར། ” །ཞེས་གསུངས་ནས་གོང་གསལ་ལྷ་ས་བ།སེ་ར་བ་ཟེར་བ་དེ་བཞིན་སུམ་རྟགས་གཞུང་གི་དངོས་བསྟན་དུ་བ་ཡིག་བདག་སྒྲའི་ཕྲད་དུ་མ་བསྟན་ཀྱང་དོན་དངོས་ངག་ནས་བརྗོད་པའི་སྐབས་སུ་དེ་ལྟར་ཐོབ་རུང་བ་གསུངས་པ་རེད།དེས་ན་བདག་སྒྲའི་ཕྲད་འཇུག་ཚུལ་གནས་ལུགས་དངོས་དང་བསྟུན་ན་གཤམ་གསལ་གྱི་དབྱེ་བ་གསུམ་པོ་འདི་ཤེས་དགོས།།

① སྤྱིར་བདག་སྒྲ་ཡིན་ན་པ་པོ་ཡིན་པས་མ་ཁྱབ་པ། ཇ་མ། ཆང་མ། གནས་མོ།ལྟ་བུའོ། ། ② པ་པོ་ཡིན་ན་བདག་སྒྲ་ཡིན་པས་མ་ཁྱབ་པ།སྨྱོན་པ། བཙུན་པ། འཇམ་པོ། བཟང་པོ་ལྟ་བུའོ། ། ③ སྐབས་འདིར་བསྟན་གྱི་བདག་སྒྲའི་ཕྲད་ཀྱི་ཁྱད་ཆོས་ཇི་བཞིན་མི་ལྡན་པས་བདག་སྒྲར་མ་བཞེད་པ།བ། བོ། ཅན། ལྡན། མཁན་རྣམས་སོ། ། ④ བདག་སྒྲ་ཡིན་ན་བདག་སྒྲའི་ཕྲད་ཡིན་པས་མ་ཁྱབ་པ།དཔེར་ན། ཇ་མ་དང་། འབྱོར་ལྡན་ལྟ་བུ་རྣམས་སོ། །

 

གཉིས། མིང་མཐའི་པ་པོ་དང་བ་བོ།

མིང་མཐར་ཡིན་ན་པ་དང་བ་གདམས་ཁ་རྩ་བ་མེད་དེ།དེ་མིང་མཐའ་ཡིན་པའི་ཕྱིར། དཔེར་ན། བདེ་བ། ཁ་བ། ཀ་བ། མི་བོ། ཐུ་བོ། ཆུ་བོ་སོགས་ལ། བདེ་པ། ཁ་པ། ཀ་པ། མི་པོ། ཐུ་པོ། ཆུ་པོ་སོགས་བྲིས་ན་ནང་དོན་རྩ་ནས་འགྱུར་འགྲོ་ཞིང་ཡོད་དེ།དེ་མིང་མཐར་ཡིན་པའི་ཕྱིར། དེ་བཞིན་དུ། གཡག་ག་པ། རྟ་རག་པ། བྱ་ངང་པ། རྐང་པ། ལག་པ། ཁང་པ།རྒྱལ་པོ། བློན་པོ། དཔོན་པོ་སོགས་ལ་ནམ་ཡང་བ་དང་བོ་ཡིག་སྦྱར་མི་རུང་ཞིང་གལ་སྲིད་པ་ཡིག་བ་ཡིག་ལ་བསྒྱུར་ན་ནང་དོན་རྩ་བ་ནས་འགྱུར་འགྲོ་ཞིང་ཡོད་པ་རེད། །
དེས་ན་དེང་དུས་ཨ་མདོའི་ཕྱོགས་ནས་པ་ཡིག་བ་ཡིག་ལ་བསྒྱུར་པའི་རྒྱུ་མཚན་གཙོ་བོ།རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ཡིག་གསར་བཅོས་བྱས་པའི་སྲིད་ཇུས་བོད་ལའང་སྦྱར་ནས། ཡུལ་སོ་སོའི་ལུང་སྐད་དང་བསྟུན་ནས་དབུས་གཙང་ཕྱོགས་སུ་བྱེད་སྒྲ་ལ་གི་དང་།འབྲེལ་སྒྲ་ལ་གིས་མ་གཏོགས་པ་གཞན་རྣམས་བོར་བ་དང་། མཚོ་སྔོན་ཕྱོགས་སུ་པ་དང་བ་ཡིག་མིང་མཐར་སྦྱར་ཚུལ་གྱི་ལུགས་སྲོལ་གསར་པ་བཟོས་པ་རེད།དེར་བརྟེན་ཨ་མདོའི་ཕྱོགས་སུ་《དག་ཡིག་གསར་བསྒྲིགས་》ཀྱི་ནང་དུ།རྟགས་མཐའ་འདྲེན་ཚུལ་གྱི་རེའུ་མིག་ག་ད་ན་བ་མ་ས་དང་ད་དྲག་མཐར་ཅན་རྣམས་ཀྱི་རྗེས་སུ་པ་ཡིག་དང་།ང་འ་ར་ལ་མཐའ་མེད་རྣམས་ལ་བ་ཡིག་སྦྱར་བའི་བསྡོམ་ཚིག་ཅིག་བཟོས་ཡོད་པ་ནོར་འཁྲུལ་ཐམས་ཅད་ཀྱི་འབྱུང་ཁུངས་འདི་རེད།།རྟགས་མཐའ་འདྲེན་པའི་རེའུ་འདི་ལ་སྐྱོན་གསུམ་སྟེ།

༡༽ སྐྱོན་དང་པོ།སྐབས་བབས་ཀྱི་བརྗོད་བྱ་མ་ཡིན་པའི་སྐྱོན་ཡོད་དེ། 《དག་ཡིག་གསར་བསྒྲིགས་》ཀྱི་ཕྲད་ལྟོས་པ་ཅན་གྱི་རེའུ་མིག ཅེས་པ་འདི་ནི་ཕྲད་དང་རྣམ་དབྱེ་འཇུག་ཚུལ་བཤད་པའི་སྐབས་ཡིན་པ་ལས་མིང་མཐའ་འདྲེན་ཚུལ་བཤད་པའི་སྐབས་མིན་ཡང་འདིར་རྟགས་མཐའི་པ་བ་འཇུག་ཚུལ་བཤད་པ་ནི།རྟའི་མགོ་ལ་གཡག་གི་རྭ་བཙུགས་པ་དང་མཚུངས་སོ། །

༢༽ སྐྱོན་གཉིས་པ། རྟགས་འཇུག་སྐབས་ཀྱི་རྟགས་མཐའ་འདྲེན་ཚུལ་ཡིན་ན་སྐབས་དོན་གྱི་བརྗོད་བྱ་མ་ཚང་བའི་སྐྱོན་ཡོད་དེ།རྟགས་འཇུག་ལས་མིང་མཐའ་འདྲེན་ཚུལ་འདི་ནི་རྗེས་འཇུག་བཤད་པའི་སྐབས་དང་། དེ་ལས་སྤྱིར་རྗེས་འཇུག་རྣམས་ཇི་ལྟར་འཇུག་པ་བཤད་པའི་སྐབས་ཀྱི་ནང་གསེས་རྟགས་མཚུངས་འདྲེན་པ་བཤད་པའི་སྐབས་ཏེ།རྟགས་འཇུག་ལས། “ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །མོ་ཡི་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་ངོ༌། །” ཞེས་པ་འདི་ཡིན་སྟབས་སྐབས་འདི་པ་བ་གཉིས་པོ་ཁོ་ན་ཙམ་མ་ཡིན་པ་གསལ་བྱེད་སུམ་ཅུ་ཐམས་ཅད་ལ་མིང་མཐའ་འདྲེན་ཚུལ་བཤད་དགོས་པ་མ་ཟད།དེའང་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་བརྗོད་བདེ་འདྲེན་པ་གཉིས་ཀྱི་དབྱེ་བ་ཕྱེས་ནས་བཤད་ཡོད་དེ། དཔེར་ན། དཔྱིད་ཀ དབྱར་ཁ། དབྱར་ཀ སྟོན་ཁ། སྟོན་ཀ དགུན་ཁ། གླིང་ག གླིང་ཁ། ཤར་ཀ ལྷོ་ཁ།བྱང་ཁ་ལྟ་བུ་ཀ་སྡེའི་མིང་མཐའ་འདྲེན་ཚུལ་གྱི་དཔེར་བརྗོད་འདི་བཞིན་སྡེ་པ་གཞན་གྱི་ཡི་གེ་རྣམས་ལའང་མཚུངས་པར་བཤད་ཡོད་པ་ཤེས་དགོས། དེས་ན་འདིར་པ་བ་གཉིས་ཁོ་ན་ཙམ་རྟགས་མཚུངས་འདྲེན་པ་བཤད་པ་ནི་སྐབས་ཐོབ་ཀྱི་བརྗོད་བྱ་མ་ཚང་བས་གཞུང་དོན་གཏོར་བརླག་གི་བྱ་བའོ། །

༣༽ སྐྱོན་གསུམ་པ།《དག་ཡིག་གསར་བསྒྲིགས་》ཀྱི་པ་བ་གཉིས་པོ་རྟགས་མཐའ་འདྲེན་ཚུལ་རེའུ་མིག་དེའང་བོད་ཀྱི་སྐད་ཡིག་གཉིས་ཀ་དང་མི་མཐུན་པའི་སྐྱོན་ཡོད་དེ། ག་ད་ན་བ་མ་ས་དང་ད་དྲག་མཐར་ཅན་རྣམས་ཀྱི་རྗེས་སུ་པ་ཡིག་རྟགས་མཚུངས་འདྲེན་པ་ཕལ་ཆེར་མཐུན་ཡང་།ང་འ་ར་ལ་མཐའ་མེད་རྣམས་ལ་བ་ཡིག་མཐའ་གཅིག་ཏུ་སྦྱར་ན་ལུང་རིགས་གཉིས་ཀ་ལ་སྐྱོན་ཡོད་དེ།

1、དང་པོ་ལུང་དང་མི་མཐུན་པ།རྩ་བ་ལས། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང༌།།ཞེས་སོགས་ཀྱི་དོན་ལ་《སི་ཏུའི་འགྲེལ་ཆེན་》ལས། “བཤད་མ་ཐག་པའི་མིང་མཐའ་སྔ་ཕྱི་དེ་དག་ཉིད་ཀྱིས། མིང་མཐའ་དེ་དག་ཉིད་རང་གི་རྟགས་མཚུངས་པའམ། བརྗོད་པ་བདེ་བས་སྒྲ་མཐུན་པར་གྱུར་པའི་རྣམ་དབྱེ་དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ་དང༌། གཉིས་པ་ལས་སུ་བྱ་བ་དང༌། གསུམ་པ་བྱེད་པ་དང་།” ཞེས་འཇུག་ཚུལ་བཤད་པ་དང་། ཡང་དེ་ཉིད་ལས། “སྐབས་འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་རྣམ་དབྱེ་དང༌། ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་འདྲེན་པ་ཤས་ཆེ་བར་སྣང་བ་དང༌། སུམ་ཅུ་པར། དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་པའི་ས། ཞེས་སྒྲ་མཐུན་ཚུལ་གསལ་བར་གསུངས་པའང༌།ད་བ་ས་ང་རྣམས་ཀྱི་མཐར་རྟགས་མཚུངས་འདྲེན་པ་འགྲིག་ཀྱང་གཞན་རྣམས་བརྗོད་བདེ་བ་ཙམ་ལ་དགོངས་པར་སྣང་བས།རྒྱུ་མཚན་འདི་རྣམས་དང་སྦྱར་ན་ཁོ་བོའི་འགྲེལ་ཚུལ་འདི་ཉིད་ལེགས་བཤད་དུ་རྟོགས་པར་འགྱུར་རོ། །”ཞེས་སི་ཏུ་པཎ་ཆེན་གྱིས་གསུངས། །

2、གཉིས་པ་རིག་པས་དཔྱད་ན་དོན་དངོས་དང་མི་མཐུན་པའི་སྐྱོན་ནི། ང་འ་ར་ལ་མཐའ་མེད་རྣམས་ལ་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་བརྗོད་བདེ་འདྲེན་པ་གཉིས་ཀ་ཡོད་དེ། དཔེར་ན། བཀའ་བསྟན་ལ་སོགས་སྔར་གྱི་ཡིག་རྙིང་རྣམས་སུ།
【༡】ང་ཡིག་རྗེས་སུ་པ་བ་གཉིས་ཀ་ཐོབ་པའི་དཔེར།རྐང་པ། ཞིང་པ་སོགས་དང་། བ་ཡིག་ཐོབ་པ་གང་བ། སྤོང་བ། གནང་བ་སོགས་སོ། །
【༢】མཐའ་མེད་མཐའ་ལ་པ་བ་གཉིས་ཀ་ཐོབ་པའི་དཔེར།ཁ་བ། ཀ་བ། རྒྱ་བོ། བཞི་པ་ལ་སོགས་སོ། །
【༣】ར་ཡིག་རྗེས་སུ་པ་བ་གཉིས་ཀ་ཐོབ་པའི་དཔེར།འབྱོར་པ། འབྱོར་བ། འདི་གཉིས་དོན་ཤིན་ཏུ་མི་འདྲ་སྟེ། འབྱོར་པ་ཞེས་པ་ལོངས་སྤྱོད་ཀྱི་མིང་རྐྱང་ཡིན། འབྱོར་བ། ཞེས་པ་ལས་ཚིག་སྟེ་དངོས་པོ་ལག་ཏུ་འཕྲོད་དང་། འགྲོན་པོ་གནས་གཞན་དུ་སླེབས་པའི་དོན་ཡིན། དེ་བཞིན་དུ་ཤར་པ་དང་། ཤར་བ་གཉིས་ཀྱང་མིང་རྐྱང་དང་ལས་ཚིག་གི་ཁྱད་པར་ཡིན། གྱུར་པ། ད་དྲག་བསྡུས་པའི་དུས་འདས་པ། འགྱུར་བ་ནི་དུས་མ་འོངས་པ་ལ་སོགས་པ་རྣམས་སོ།།
【༤】ལ་ཡིག་རྗེས་སུ་པ་བ་གཉིས་ཀ་ཐོབ་པའི་དཔེར།སྐལ་པ། ཚལ་པ། འཚལ་བ། འཕེལ་བ་ལ་སོགས་སོ། །དཔེར་བརྗོད་འདི་རིགས་ཀྱི་རྒྱུ་མཚན་ཞིབ་པ་བཤད་ན་དེབ་ཆུང་གཅིག་བརྩམ་དགོས་པ་སྣང་ཡང་གནས་སྐབས་འདི་ཙམ་གྱིས་འཐུས་པ་བྱའོ།།དཔེར་བརྗོད་

འདི་རིགས་ནི་གནའ་བོའི་མདོ་དབུས་ཁམས་གསུམ་གྱི་ཡིག་རྙིང་ཐམས་ཅད་དུ་གཅིག་གྱུར་ཡིན་པ་མ་ཟད། ཨ་མདོའི་སྐུ་འབུམ་སྤར་མ་དང་། བླ་བྲང་སྤར་མའི་རྗེ་རིན་པོ་ཆེའི་བཀའ་འབུམ་ཐམས་ཅད་གཅིག་གྱུར་རེད་འདུག་པ་མ་ཟད།ལྷག་པར་དུ་མི་ཚེ་བཀའ་བསྟན་དཔེ་བསྡུར་ལ་སྐྱེལ་བའི་བཀའ་བསྟན་ཆེད་རམས་པ། མཁས་དབང་དཔལ་རྡོར་ལགས་ཀྱིས་ཀྱང་བཀའ་བསྟན་ནང་གི་པ་བ་གཉིས་པོ་མིང་མཐའ་འདྲེན་ཚུལ་ལ་རྟགས་མཚུངས་འདྲེན་པ་དང་། བརྗོད་བདེ་འདྲེན་པ་གཉིས་ཀ་ཡོད་པ་མ་ཟད། དེའང་སྒྲ་མཚུངས་འདྲེན་པ་ལ་ཚད་ལྡན་ཚུལ་མཐུན་གྱི་སྦྱོར་ལུགས་ཞིག་ཡོད་དཔེར་བརྗོད་དང་བཅས་པ་གསུངས་བྱུང་། །
རིག་གནས་གསར་བརྗེའི་སྐབས་སུ་གསར་བཅོས་བྱས་པའི་དག་ཡིག་ལྷ་སའི་ཕྱོགས་སུ་བྱེད་སྒྲ་དང་འབྲེལ་སྒྲ་ལ་གི་དང་གིས་མ་གཏོགས་མེད་པ་བྱས་པ་དེ། བཅོས་བསྒྱུར་སྒོ་འབྱེད་སྐབས་སུ་བསྐྱར་གསོ་བྱས་ནས་བོད་ཡིག་གི་བྱེད་འབྲེལ་སྔར་སྲོལ་མ་ཉམས་པ་བསྐྱར་གསོ་བྱུང་ཡོད་ནའང་། ཨ་མདོའི་ཕྱོགས་སུ་དག་ཡིག་གསར་བཟོ་བྱས་པའི་པ་ཡིག་བ་ཡིག་བསྒྱུར་པའི་སྲོལ་དེ་ད་རུང་ཡང་མ་ཉམས་པར་གནས་ཡོད་སྟབས། དེང་དུས་བོད་སྐད་ལྟ་ཅི་བོད་ཡིག་གཅིག་གྱུར་ཡོང་བ་ལའང་གཏོར་བཤིགས་ཆེན་པོ་ཞིག་ཡོང་བཞིན་འདུག་པས་བོད་ཀྱི་མཁས་དབང་རྣམས་ཀྱིས་ཐུགས་དཔྱོད་གནང་དགོས་པ་ཞིག་རེད་སྙམ།།

དཔེར་ན། དེང་དུས་འབྲོག་པའི་སློབ་ཕྲུག་རྣམས་ཀྱིས་དཔྱད་རྩོམ་ནང་དུ་གསལ་བོ། མང་བོ། རྒྱལ་བོ། བཞི་བ། ལྔ་བ་སོགས་བོད་ཀྱི་བརྡ་སྤྲོད་རིག་པ་དང་འགལ་བ།གནའ་བོའི་ཡིག་ཚང་སྤྱི་དང་མི་མཐུན་པའི་ཡིག་ནོར་གསར་པ་མང་པོ་འབྲི་བ་དང་། དེ་བཞིན་དུ་བོད་ཡིག་དཔེ་སྐྲུན་ཁང་དང་།བརྙན་འཕྲིན་ལས་ཁུངས། རྒྱང་བསྒྲགས་ལས་ཁུངས་སོགས་ཀྱི་ཞུ་ཆེན་པ་རྣམས་དང་། གཙོ་སྒྲིག་པ་རྣམས་ཀྱིས་ཡིག་ནོར་གསར་བཟོ་བྱས་པའི་རྐྱེན་གྱིས་དཔེ་རྙིང་པར་སྐྲུན་བྱེད་སྐབས།དག་པ་མ་དག་པར་བཅོས་པས་མ་ཡིག་གི་རིན་ཐང་བརླག་པའི་ཉེས་སྐྱོན་ཡང་མང་པོ་མཐོང་སྟེ། དཔེར་ན། དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་། རྨེ་གྲྭ་ཚེ་རིང་བསམ་འགྲུབ་གཉིས་ཀྱིས་གཙོ་འགན་བཞེས་ནས་དཔེ་བསྒྲིགས་བྱས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོ་དོང་པཎ་ཆེན་གྱི་གསུང་འབུམ་པོད་དགུ་བཅུ་གོ་ལྔ་ཡོད་པ།ཤོག་བུ་དང་། ཇུས་འགོད་སོགས་ཧ་ཅང་མཛེས་ཤིང་རིན་ཐང་ལྡན་པའི་དེབ་སྤུས་ལེགས་དེ། མ་དཔེའི་ནང་གི་པ་ཡིག་ཕལ་ཆེར་བ་ཡིག་ཏུ་བསྒྱུར་ནས་རིག་གནས་གསར་བརྗེའི་དྲི་ངན་མ་ཡལ་བའི་དཔེ་དེབ་ཅིག་ཏུ་གྱུར་སྟབས།ནང་དོན་འགའ་ཞིག་གོ་དཀའ་བར་གྱུར་ཏེ། དཔེ་རྙིང་ལ་དངོས་ཡོད་ཀྱི་རིན་ཐང་ཉམས་གུད་དུ་ཕྱིན་ཡོད་པ་ནི་བློ་ཕམ་པའི་གནས་ཞིག་རེད། །

སྔོན་གྱི་སྐུ་འབུམ་ཤིང་སྤར་གྱི་རྗེ་རིན་པོ་ཆེའི་གསུང་འབུམ་དང་།བླ་བྲང་ཤིང་སྤར་རྗེ་རིན་པོ་ཆེའི་གསུང་འབུམ་དང་། འཇམ་དབྱངས་བཞད་པའི་གསུང་འབུམ་རྣམས་ནི་པ་བ་གང་ཡོད་བོད་ཁམས་སྤྱིའི་ཡིག་ཚང་དང་མཐུན་པ་ལས།པ་ཡིག་བ་རུ་བཅོས་པའི་ལུགས་སྲོལ་འདི་མི་སྣང་བས་དེང་རབས་གཞོན་ནུ་མཁས་དབང་རྣམས་ཀྱི་ཡིག་ཆ་དེ་དག་ཏུ་ཞིབ་གཟིགས་ཤིག་གནང་ན་ལེགས་སོ། །

 

གསུམ། སྐབས་འགར་པ་དང་བ་སྤྱོད་ནོར་བའི་སྐྱོན།

པ་ཡིག་དང་བ་ཡིག་གཉིས་ཕན་ཚུན་བརྗེས་པས་གོ་དོན་ལ་ནོར་འཛོལ་ཡོང་བའི་སྐོར། དཔེར་བརྗོད་དང་པོ། ང་ཚོའི་ཞིབ་འཇུག་སློབ་མ་རབ་འབྱམས་པ་ཞིག་གི་མཐར་ཕྱིན་དཔྱད་རྩོམ་གྱི་ཁ་བྱང་། 《དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་འཕེལ་འགྱུར་》ཟེར་བ་ཞིག་བྲིས་འདུག་པ་དེའི་ནང་ཁོ་རང་གི་བརྗོད་འདོད་གཙོ་བོ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པར་བོད་ཀྱི་རྩོམ་རིག་གསར་པ་དར་མགོ་ཚུགས་པ་རེད།ཅེས་བོད་དུ་དེང་རབས་ཀྱི་རྩོམ་ཚུལ་གསར་པ་འདི་སྤྱི་ལོའི་དུས་རབས་བརྒྱད་ཅུ་པ་ནས་གསར་དུ་དར་མགོ་ཚུགས་པའི་སྐོར་བཤད་ཡོད་ཀྱང་།ལོ་རབས་བརྒྱད་ཅུ་བར། ཞེས་པ་ཡིག་བ་ཡིག་ཏུ་བསྒྱུར་ནས་བྲིས་སྟབས་རྩོམ་རིག་གསར་པ་དེ་དུས་རབས་བརྒྱད་ཅུ་པའི་བར་དུ་དར་ཞིང་དེ་ནས་མཇུག་རྫོགས་པ་འདྲ་པོ་ཞིག་གོ་སྲིད་པའི་སྐྱོན་འདི་བྱུང་འདུག །

དཔེར་བརྗོད་གཉིས་པ། དེང་རབས་གསོ་བ་རིག་པའི་གཞུང་དུ། བུད་མེད་རྣམས་ལ་མངལ་འཁོར་བའི་དུས་དེ་ཟླ་མཚན་ལྡན་པའི་ཉིན་དང་པོ་ནས་བརྩིས་པའི་ཉིན་བཅུ་པའི་བར་མངལ་མི་ཆགས་པའི་དུས་དང་།ཉིན་བཅུ་པ་ནས་བཅུ་དགུ་པའི་བར་མངལ་ཆགས་རུང་བའི་དུས། ཉིན་ཉི་ཤུ་པ་ནས་མངལ་ཆགས་མི་རུང་བའི་དུས་སྐབས་ཀྱི་དབྱེ་བ་ཕྱེས་ཡོད་པ་རེད། །

དེ་དང་མཚུངས་པ་བཤད་རྒྱུད་ལས། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་པར། །དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན། །གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་ཏེ།།གཉིས་དང་བཞི་དྲུག་བརྒྱད་པ་བུ་མོར་འགྱུར། །ཉི་མ་ནུབ་པ་པདྨའི་ཁ་ཟུམ་བཞིན། །བཅུ་གཉིས་འདས་ནས་ཁུ་བ་མངལ་མི་སྡོད།ཅེས་བུད་མེད་རྣམས་ལ་མངལ་འཁོར་བའི་དུས་ཚིག་དེ་དེང་དུས་ཚན་རིག་ལུགས་དང་ཧ་ལམ་འདྲ་བ་ཟླ་མཚན་ལྡན་ནས་ཞག་བཅུ་གཉིས་པར་མངལ་ཆགས་རུང་བའི་མགོ་བཙུགས་པ་བཤད་ཀྱང་།

གནའ་བོའི་དུས་སུ་ཡི་གེ་དཔེ་བཤུས་དང་། སྤར་ཤིང་བརྐོ་སྐབས་ཡིག་ནོར་སོང་བས་པ་དང་བ་ནོར་ཏེ། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར།ཞེས་བྲིས་པས་ཉིན་དང་པོ་ནས་བཅུ་གཉིས་བར་མངལ་ཆགས་རུང་བ་དང་། ཞག་བཅུ་གཉིས་འདས་ནས་མངལ་ཆགས་མི་རུང་བ་གྱུར་པ་སྟེ།བོད་ཀྱི་གསོ་རིག་གི་འགྲེལ་བཤད་འགའ་ཞིག་ཏུ། ཏག་ཏག་ཚན་རིག་ལུགས་ལས་གོ་ལྡོག་པ། གནས་ལུགས་དོན་དང་མི་མཐུན་པའི་ལོག་འགྲེལ་འགའ་ཞིག་བྱུང་ཡོད་པ་རེད།།

མདོར་བསྡུས་ན། བདག་སྒྲའི་ཕྲད་གསར་དུ་སྦྱར་སྐབས་པ་དང་བ་གཉིས་གདམས་ཀ་རུང་མིན་སྔོན་གྱི་བརྡ་སྤྲོད་སྨྲ་བ་རྣམས་ལ་རྩོད་པ་ཡོད་ཀྱང་། མིང་མཐའི་པ་བ་ནི་བོད་ཀྱི་བརྡ་སྤྲོད་གཞུང་དུ་གཏན་འཁེལ་བྱས་ཟིན་སྟབས་གང་འདོད་བསྒྱུར་བཅོས་བྱ་ཆོག་པ་ཞིག་མིན།《དག་ཡིག་གསར་བསྒྲིགས་》 ནང་དུ། རྟགས་མཐའི་པ་བ་འདྲེན་ཚུལ་ལ་གོང་གསལ་གྱི་སྐྱོན་གསུམ་ཡོད་པ་གསལ་པོར་བཤད་ཟིན་པས་དེར་གཟིགས། །

ཞེས་དེང་དུས་མིང་མཐའི་པ་བ་རྣམས་གང་བྱུང་དུ་བཅོས་ནས་བོད་སྐད་ལྟ་ཅི། བོད་ཡིག་གཅིག་གྱུར་ལའང་གཏོར་བཤིགས་ཐེབས་པའི་སྣང་ཚུལ་ལ་ཡིད་སྐྱོ་བའི་བར་མཚམས་ཤིག་ན་ཤར་དཔལ་སྤུངས་པའི་བརྡ་སྤྲོད་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་༩ པའི་ཚེས་༡༨ ཉིན། རྒྱ་ནག་ཁྲེན་ཏུའུ་གྲོང་གི་ལྷོ་ནུབ་མི་རིགས་གཙུག་ལག་སློབ་སྡེ་ནས་སྤྲིངས་སོ། །

དཔྱད་རྩོམ།

Post navigation

Previous Post: སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་ལྔ་བ།
Next Post: རྒྱ་ནག་ལ་རེ་བ་བྱེད་པའི་ཨོ་བྷ་མ་དང་སྐུ་མདུན་གཉིས།

Comments (37) on “བརྡ་སྤྲོད་སྦྱོངས།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:13 pm

    ་་་་་་་་བོད་ཀྱི་བརྡ་སྤྲོད་གཞུང་དུ་གཏན་འཁེལ་ཟིན་པ་ཞིག་ཡིན་ཀྱང་། དེང་དུས་པ་ཡིག་གི་ཚབ་ཏུ་བ་ཡིག་སྤྱོད་པ་འདི་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་མ་ཤེས་པའི་སྐྱོན་དུ་མཐོང་། ། ་་་་་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:14 pm

    ་་་་་་་བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ། །ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་པ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ།དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང༌། དེ་དག་དག་པར་འདོན་ན།ལྷ་ས་པ། སེ་ར་པ། ལྟ་བུར་བརྗོད་རིགས་པའི་ཕྱིར་རོ། །ཞེས་གསུངས་སོ། ། ་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:18 pm

    ་་་་་་་་མིང་མཐར་ཡིན་ན་པ་དང་བ་གདམས་ཁ་རྩ་བ་མེད་དེ།དེ་མིང་མཐའ་ཡིན་པའི་ཕྱིར། དཔེར་ན། བདེ་བ། ཁ་བ། ཀ་བ། མི་བོ། ཐུ་བོ། ཆུ་བོ་སོགས་ལ། བདེ་པ། ཁ་པ། ཀ་པ། མི་པོ། ཐུ་པོ། ཆུ་པོ་སོགས་བྲིས་ན་ནང་དོན་རྩ་ནས་འགྱུར་འགྲོ་ཞིང་ཡོད་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:20 pm

    ་་་་་་་་ དཔེར་ན། དེང་དུས་འབྲོག་པའི་སློབ་ཕྲུག་རྣམས་ཀྱིས་དཔྱད་རྩོམ་ནང་དུ་གསལ་བོ། མང་བོ། རྒྱལ་བོ། བཞི་བ། ལྔ་བ་སོགས་བོད་ཀྱི་བརྡ་སྤྲོད་རིག་པ་དང་འགལ་་་་་་་་་

  5. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:22 pm

    ་་་་་་ མདོར་བསྡུས་ན། བདག་སྒྲའི་ཕྲད་གསར་དུ་སྦྱར་སྐབས་པ་དང་བ་གཉིས་གདམས་ཀ་རུང་མིན་སྔོན་གྱི་བརྡ་སྤྲོད་སྨྲ་བ་རྣམས་ལ་རྩོད་པ་ཡོད་ཀྱང་། མིང་མཐའི་པ་བ་ནི་བོད་ཀྱི་བརྡ་སྤྲོད་གཞུང་དུ་གཏན་འཁེལ་བྱས་ཟིན་སྟབས་གང་འདོད་བསྒྱུར་བཅོས་བྱ་ཆོག་པ་ཞིག་མིན། ་་་་་་་་

  6. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 2:06 pm

    འདི་དག་ལ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།། །།

  7. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 2:08 pm

    ངས་ཀྱང་ཐང་མ་མང་པོ་བཤད་ཀྱང་ཉན་མ་སོང་བས་་་་་

  8. ཨ་འབར་འཇིགས་དབང། says:
    2016-09-25 at 3:18 pm

    ༅༅། ཐུབ་བསྟན་ཕུན་ཚོགས་ལགས་ནས་བདག་སྒྲའི་སྐོར་དཔེ་ཡག་པོ་ཞིག་བྲིས་གནང་པ་ཐུགས་རྗེ་ཆེ།
    སྔོན་དུ་ངས་་ཀྱང་བདག་སྒྲའི་སྐོར་མང་ཙམ་སྦྱངས་ཡིན་ཡང་ད་དུང་ནོར་ཡོང་གི་འདུག་
    འདི་ལྟ་བུ་ཡང་སེ་འབྲི་གནང་ན་ངེས་པར་ཕན་ངེས་འདུག་པ་།
    བཀྲིས་བདེ་ལེགས་ཡོད།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-25 at 10:44 pm

    ༧རྒྱལ་བའི་དབང་པོ་ཞབས་ཀྱིས་བཀའ་སློབ་སྩལ་པ། བཀའ་བསྟན་དཔེ་ཆ་དག་ན་ཡོད་པ་བཞིན་ཡིན། དེ་ལས་ལྡོག་སྟེ། བཀའ་སློབ་སྩལ་བ། ཞེས་བྲིས་ཏེ་ཁྱབ་བསྒྲགས་བྱེད་ན། ཐུབ་བསྟན་ཕུན་ཚོགས་མཆོག་གིས་བྲིས་པ་ལ་གཟིགས་དགོས་པ་ལགས་སོ།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-25 at 11:30 pm

    བརྡ་སྤྲོད་ཚིག་རྒྱན་སྙན་ངག་མཁས་པའི་ནོར་།
    གོ་བརྡ་འཕྲོད་པའི་ཡིག་གེ་མི་མང་ནོར་།
    ཁྱོག་ཀྱོག་ཡིག་གེ་ཞུ་ལྟར་ཀྱོག་རྒྱུར་ཀྱང་།
    དོན་རྩ་མདའ་ལས་འདྲོང་པ་དེ་ལ་ཚང་།
    བརྡ་སྤྲོད་ཚིག་རྒྱན་སྙན་ངག་མཛེས་ཆེ་ཀྱང་།
    གོ་རྟོགས་མ་ཐུབ་ཡིག་མཛོད་ནང་དུ་ལྷག་།
    ཁྱོག་ཀྱོག་ཡིག་གེ་ཀུན་གྱི་ཉིན་ལྟར་ཀློག་།
    ཧཧཧཧཨ་རོགས་སྐུ་རྩེད་ཞུས་ཡིན་ནོ་།

  11. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-26 at 3:58 am

    ག་རེ་བརྡ་སྤྲོད་སྦྱོང་ཧཧཧ་དེང་སང་གིྈམཁས་པ་ཚོའི་རང་མིང་
    གྲགས་འདོད་དང་དཔལ་འབྱོར་འདུ་འགོད་ཆེད་དེ་སྔོན་རྒྱ་འབོད་ཀྱི་མཁས་པ་ཚོའི་སྡུག་དཀའ་ལས་རྒྱབ་པའི་འབྲས་བུ་དེ་ཚོ་རང་མིངཿགྲགས་ཐབས་སུ་ཕྱི་མི་ལ་དཔལ་འབྱོར་འདུ་འགོད་ཆེད་བེད་སྤྱད་ནས་དོན་དངོས་ཐོག་བོད་རྒྱལ་ཁབ་དང་བོད་མི་རིགས་ཚོང་མཁན་མང་དུ་འགྲོ་གིྈཡོད་པ་མ་རེད་དམ་་མ་???

  12. དཔའ་ཆེན་དོན་གྲུབ་ says:
    2016-09-26 at 4:13 am

    ཁང་དཀར་ཚུལ་ཁྲིམས་ཀྱིས་བཙལ་བཙལ་རྗེས་པ་བའི་སྦྱོར་ཚུལ་དབུས་སྐད་ལ་བསྟུན་དགོས་ཞེས་གསུངས།
    ཐུབ་ཕུན་བས་ཨ་མདོ་བས་འབྲི་བ་རིག་གསར་གྱི་ཤུལ་རེད་ཅེས་ཟེར།

    གང་ལྟར་བདག་སྒྲ་ཡ་གྱུར་བ་དང་ནི་ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་པ་རྩ་བའི་པུལངྒ་གི་སྒྲ་སྦྱར་བ་ཞེས་པ་ལ་ཁུངས་གཏུགས་ཡོད་པ་ཙམ་ལས་པ་བ་གཉིས་ཀྱི་གང་ཡང་རིག་པའི་སྒྲུབ་བྱེད་ཚད་ལྡན་ཡོད་པའི་ཐོག་ནས་དངོས་བསྟན་ཡིན་པ་ཁུངས་སྐྱེལ་མི་ཐུབ་པས་རང་རང་སོ་སོའི་སྤྱོད་པ་སྐྱོང་བཞིན་ཡོད།

    ཐུབ་ཕུན་གྱི་རྨོངས་གཏམ་གཅིག་ལ་རིག་གསར་སྐབས་ཨ་མདོར་པ་ཡིག་ཚབ་ཏུ་བ་ཡིག་བཅོས་པ་དང་། དབུས་ལ་བྱེད་འབྲེལ་གྱི་ཕྲད་དེ་གིས་དང་གི་ལ་བཅོས་པ་རེད་ཅེས་བཤད། ཇི་ལྟ་བུའི་རྒན་ཁོག་ཀླད་མེད་ཅིག་རེད་ཨང་། མའོ་ཙེ་ཏུང་གི་གསུང་བཏུས་བོད་བསྒྱུར་དང་བསྟུན་ནས་བོད་ཁམས་ཀྱི་མཁས་པ་ཁག་གཅིག་སྐོང་ནས་དེ་ལྟར་བོད་ཡིག་ལ་བཅོས་པ་ལས་དབུས་དང་ཨ་མདོ་ལ་ཡི་གེ་བཅོ་རུ་བཅུག་པ་གང་ནས་ཡིན། འོ་ན་མདོ་སྟོད་ལ་ག་རེ་བཅོས་ཡོད་པ་རེད་དམ། ་ཧ་ཧ་ཧ་་་

    གང་ལྟར་ད་སྔ་བར་དུ་བོད་ཕྱི་ནང་གཉིས་ནས་པ་བའི་འཇུག་ཚུལ་སྐོར་ལ་རྩོད་པ་རབ་དང་རིམ་པར་བྱུང་ཡང་། ཕྱོགས་གཉིས་ནས་གནད་ཟིན་པ་གོ་བདེ་བ་གང་ཡང་བྲིས་མྱོང་མི་འདུག་ལ། སྔོན་གྱི་དཔེ་རྙིང་ཁག་ལ་བཅོས་འདུག་བཅོས་བཞག་ཟེར་བ་དེ་དག་ཀྱང་བསྡུར་བཤད་ཅིག་ཡིན་པའི་དབང་དུ་བཏང་ཡང་། དཔར་གཞི་མ་འདྲ་བ་གཅིག་ལ་བསྡུར་བ་མིན་འགྲོ་བསམ་པའི་དོགས་པ་ང་ལ་ཡང་ཡང་བྱུང་།

  13. ཁྱུང་སེ། says:
    2016-09-26 at 4:36 am

    པ་བ་གཉིས་གང་ཞིག་གི་རྗེས་སུ་འཇུག་མིན་གཙོ་བོ་བོད་སྐད་རྣལ་མའི་སྒྲ་གདངས་ལ་ཇི་ལྟར་རང་བཞིན་གྱིས་ཡོང་མིན་ལ་བལྟ་རྒྱུ་རེད། བོད་སྐད་རྣལ་མའམ་སྔར་གྱི་བོད་སྐད་རྣལ་མ་དང་རྙིང་ཤོས་ནི་བོད་སྟོད་ཀྱི་སྐད་དེ་རེད། ཁམས་དང་ཨ་མདོ་གཉིས་ནི་སྟོད་ནས་མར་རིམ་གྱིས་མཆེད་ནས་བྱུང་བ་ཡིན་དུས་ཉིན་མ་གཅིག་གཉིས་མཚམས་སུ་ཡོད་པའི་ལུང་པ་རེ་ལ་སྐད་ལུགས་རེ་ཡོད་པ་རེད། རྗེས་ཙང་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་རེད། བོད་སྟོད་ཀྱི་སྐད་ནི་བོད་སྐད་དག་ཤོས་དེ་ཡིན་པར་ང་ཚོས་ཤེས་སླ་བོ་རེད། སྟོད་སྐད་དྭངས་མ་སྐྱོན་མཁན་ཞིག་ལ་སྐད་ཆ་དྲིས་དང་པ་བ་གཉིས་གང་ཞིག་གི་རྗེས་སུ་ཡོང་མིན་ཤེས་ཀྱི་རེད། ཡིན་ནའང་ལ་དྭགས་པའི་སྐད་ནི་སྟོད་སྐད་ངོ་མ་དེ་མ་རེད་དེ་ལའང་འགྱུར་བ་མང་པོ་ཞིག་ཕྱིན་འདུག དཔེར་ན་དེང་སང་ཁུ་ནུ་དང་ལ་དྭགས་པའི་སྐད་ཀྱི་ནང་དུ་རྒྱ་གར་གྱི་སྐད་མང་པོ་འདྲེས་ཡོང་གི་འདུག

  14. ཁྱུང་སེ། says:
    2016-09-26 at 4:38 am

    ཐུབ་བསྟན་ཕུན་ཚོགས་ནི་དེང་རབས་ཀྱི་མཁས་དབང་ནང་ནས་ཆེས་ཕུལ་དུ་བྱུང་བའི་མི་བུ་ཞིག་ཡིན་པས་དེ་ལ་སྒྲོ་འདོགས་པ་ནི་རང་ཉིད་ཀྱི་ངོ་བོ་ཇི་ལྟར་ཡིན་མིན་གྱི་སྤུས་ཚད་བསྟན་པ་རེད།

  15. ལོ་ཡག says:
    2016-09-26 at 4:52 am

    ཕྱོགས་ཡོངས་མ་མཐོང་བའི་རྩོམ་འདི་འདྲ་བྲིས་པ་ལ། སྙིང་རྗེ།

  16. ལོ་ཡག says:
    2016-09-26 at 5:24 am

    སྙིང་རྫེ།
    བ་བདག་སྒྲར་འདོད་མཁན་གྱི་བརྡ་སྤྲོད་སྨྲ་བའི་མཁས་དབང་ཁམས་དང་ལྷ་ས་བ་མང་པོ་ཡོད་པ་མ་ཟད། བཀའ་བསྟན་ནའང་བ་བདག་སྒྲ་ཅན་མི་ཉུང་བ་ཞིག་ཡོད་པ་ ཁོང་ལ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མི་འདུག ད་དུང་རང་གིས་རང་ལ། ” ཤར་དཔལ་སྤུངས་པའི་བརྡ་སྤྲོད་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་” ཞེས་བདག་ཉིད་སྒྲོག་པའི་ལུགས་ལ་ལྟོས་དང་།

    སུམ་ཅུ་པར།
    གང་མིང་གི་ནི་མ་མཐའ་ན།།
    པུ་ལིངྒ་ཡི་སྒྲ་མེད་པ།།
    དེ་ལ་པུ་ལིངྒ་སྦྱར་ན།།

    ཞེས་པར་ཡང་དེ་མ་ཡིན་པའི་འབྲེལ་ལུགས་དོན་གནད་ཅན་གཞན་ཡོད་པ་བཤད་ལུགས་འདི་ལ་བལྟས་ན་ཁོང་བར་རྒྱུས་ཡོད་བཟོ་མི་འདུག
    དཔྱད་པ་དཔྱིས་ཕྱིན་བཞིན་དཔྱད་བརྗོད་སྤེལ་པ་སྔས་དྲགས་འདུག

  17. ལོ་ཡག says:
    2016-09-26 at 5:28 am

    ‘དཔྱིས་མ་ཕྱིན་བཞིན’ ཞེས་སུ་བཅོ་བར་བྱའོ།

  18. དཔའ་ཆེན་དོན་གྲུབ་ says:
    2016-09-26 at 5:58 am

    ཨོ་ལོ་ཁྱུང་སེ་ལགས། སྟོད་པའི་སྐད་ནི་སྐད་དག་ཤོས་སམ་བོད་སྐད་རྣལ་མ་ཡིན་པ་ལ་ཐེ་ཚོམ་མེད། ཐེ་ཚོམ་ཅན་ཡོད་མི་སྲིད། ཧ་ཧ་ཧ་ཧ

  19. ཆོས་ཀྱི་སྣང་བ། says:
    2016-09-26 at 5:59 am

    ཐུབ་ཕུན་ནི་དྲང་པོར་ཞུས་ན་ཐུན་མོང་གི་རིག་གནས་ལ་མཁས་ཙམ་འདུག །འོན་ཀྱང་ཁོ་ང་རྒྱལ་ཅན་དང་ཕྲག་དོག་ཚ་བོ་ཞིག་ཡིན་པའི་བཟོ་འདུག་པས། ནང་བསྟན་ཐུན་མིན་རིག་གནས་མདོ་སྔགས་ལ་ཁྱད་གསོད་དང་མཁས་པ་གཞན་ལ་རྟག་པར་འགྲན་བདོ་བ་ཞིག་རེད།

  20. ཅོ་རི་ཉི་མ། says:
    2016-09-26 at 7:12 am

    མའོ་ཀྲུང་ཞིའི་ཡི་གསུངས་རྩོམ་བོད་ཡིག་ཐོག་ཏུ་བསྒྱུར་ནས་ཁྱིམ་ཚང་རེ་ལ་དེབ་རེ་སྤྲད་པའི་དུས་སྐབས་དེ་རིག་གསར་གྱི་དུས་སྐབས་མ་རེད་དམ། རང་གིས་རང་ལ་དགག་ལན་བརྒྱབ་འདུག་ག རིག་གསར་གྱི་སྐབས་སུ་ཨ་མདོའི་ཕྱོགས་སུ་པ་ཡིག་བ་ཡིག་ལ་བཅོས་བསྒྱུར་བྱས་པར་མིན་པའི་སྒྲུབ་བྱེད་དུ་མའོ་ཡི་གསུངས་རྩོམ་བོད་བསྒྱུར་བྱས་སྐབས་ཡིན་ཟེར་་་ཧཧཧ རིག་གསར་གྱི་སྐབས་སུ་མའོ་ཡི་གསུངས་རྩོམ་བོད་བསྒྱུར་བྱས་པ་མིན་ན་ག་དུས་བྱས་པ་རེད་དམ།་་་ཧཧ རང་གི་མགོ་རུལ་པར་རང་གི་སྣ་ཡིས་མ་ཤེས་པར་ལ་སྐད་ལུང་སྐད་བརྒྱབ་ནས་བསྡད་ཡོད་པར་མི་ཤེས་སམ།

    སྙིང་རྗེ་དང་སྙིང་རྗེ་ཟེར་ནས་དགེ་རྒན་ཆེན་པོ་མཁས་དབང་ཐུབ་བསྟན་ཕུན་ཚོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་མདོག་མདོག་གི་ཚིག་དེ་དག་གིས་ཁྱོད་རང་སྙིང་རྗེའི་ཡུལ་དུ་ལྷུངས་ཡོད་པ་གསལ་བསྟན་བྱས་པ་ཙམ་རེད་འདུག་ག

  21. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 7:18 am

    འདིར། ཅོ་རི་ཉི་མ་ལགས་དང་། ཁོང་གི་གསུང་ལ་རྒྱབ་སྐྱོར་དང་། གུས་དུད་ཞུ།

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-26 at 8:32 am

    ཤར་དཔལ་སྤུངས་པའི་བརྡ་སྤྲོད་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ལེགས་ཀྱིས་ལེགས་པར་བྲིས་པ་མངོན་པར་བསྟོད་དོ།

    ཤར་བ་ཞེས་པ་བྱ་ཚིག་ཏུ་འདོད་པ་ནི། འཆར་བ། ཞེས་པ་ནོར་ནས་ཤར་བ་ཞེས་བྲིས་ནོར་མཆིས་སོ།
    ་
    པར་སྐྲུན། ཞེས་པར་སྐུ་འབུམ་སྤར་མ་དང་། བླ་བྲང་སྤར་མ། ཞེས་པ་ལྟར་སྤར་ཞེས་ས་མགོ་ཅན་དེ་དག་པར་མཆིས།

    འདུག་པ་མ་ཟད། ཡོད་པ་མ་ཟད། དགོས་པ་མ་ཟད། ཅེས་པ་དག་ལ་འདུག་པར་མ་ཟད། ཡོད་པར་མ་ཟད། དགོས་པར་མ་ཟད། ཅེས་བོད་དཔེ་མཁས་པ་རྣམས་ཀྱིས་བྲིས་པའི་རྗེས་སུ་འབྲང་དགོས།
    གནས་ཞིག ལུགས་ཞིག ཅེས་པ་འདི་དག་ལ། གནས་ཤིག ལུགས་ཤིག ཅེས་རྗེས་འཇུག་ས་ལ། ཤིང་ཤེས་ཤེའོ་ཤེ་ན་ཤིག སྔོན་གྱི་བོད་སྐད་དུ། དེ་བཞིན་འབྲི་ཚུལ་ལགས་ཀྱང་། ཕྱིས་སུ་ཤེས་ལ་ཞེས་འབྲི་བ་དམིགས་བསལ་ཡིན་འདུག བཀའ་བསྟན་དཔེ་ཆ་འགའ་ཞིག་ན། ས་རྗེས་འཇུག་གི་རྗེས་སུ། ཞེས་མ་བྲིས་པར་ཤེས། ཞེས་བྲིས་པའི་དཔེ་ཆ་མཐོང་མྱོང་།

    ཡོང་བ་ཕལ་སྐད་དང་། ཡིག་སྐད་དུ། འོང་བ་ཞེས་རང་ཅག་རྣམས་ཀྱིས་འབྲི་དགོས་པར་སྣང་།
    ་
    ཞུས་ཆེན། ཞུ་ཆེན། ལྷ་ས་བཀའ་འགྱུར་ན་གཉིས་ཀ་ཡོད་ཀྱང་། ཞུ་བ་ད་ལྟར་དང་ཞུས་པ་འདས་ཚིག་གིས་ནོར་འཁྲུལ་བྱུང་བར་སེམགས། འོན་ཀྱང་། ཞུས། ཞེས་པ་དག་པའི་དོན་ལ་གོ་དགོས། རང་གི་བློ་གྲོས་སྟོབས་ཀྱིས་བོད་སྐད་ལ་ཞུས་དག་བྱེད་ཐུབ་མཁན་ལ་ཞུས་ཆེན་ཞུ་བའི་སྲོལ་ཆགས། ངའི་ལུང་པའི་སྐད་དུ་ཡང་། ལས་ཀ་སྤུས་དག་བྱེད་པ་ལ། ཞུན་དག བྱེད་པ་ཟེར། རྗེས་འཇུག་ས་དང་ན་གཉིས་རེས་མོས་སུ་འོང་སྟེ། ཟས་དང་། ཟན། ཞེས་པ་ལྟ་བུའོ།

  23. BONPO says:
    2016-09-26 at 8:57 am

    བརྡ་སྤྲོད་སྦྱོངས་་་གསུངས་པ་འདུག་མ་གཏོགས་་་བོད་ཀྱི་བརྡ་སྤྲོད་སྦྱོངས་་་གསུངས་ཡོད་མ་རེད། མཁས་པའི་ཚིག་ལ་བཏང་བཞག་དང་ཚད་འཛིན་ལོས་ཡོད། བོད་པས་བོད་ཀྱི་བརྡ་སྤྲོད་ཚད་ལྡན་ཞིག་ད་དུང་གཏན་འབེབ་བྱ་ཐུབ་ཡོད་དམ། གཞན་སྐད་པ་ལིངྒ་དང་པུ་ལིངྒ་སོགས་ལུང་འདྲེན་བྱས་ནས་བོད་ཀྱི་བརྡ་སྤྲོད་པའི་སྦྱོར་བ་བརྩམས་པ་ཡིན་ན་ར་མགོ་ལུག་སྦྱར་བྱས་པའི་སྐྱོན་དུ་མི་འགྱུར་རམ། ང་ཚོས་ཤེས་དགོས་པ་དངོས་གནས་དེ་ནི་སྐྱོན་གྱི་རྩ་བ་ཐུག་ས་དེ་གང་ལ་ཐུག་འདུག་དེ་ཤེས་དགོས་པ་རེད། སྔོན་ཆད་བོད་པས་བོད་ཀྱི་མིང་བརྡ་རྙིང་མ་རྣམས་བརྡ་གསར་བཅད་བྱས་ནས་ཐང་ཁ་ཤས་ལ་རྩ་གཏོར་བཏངས། དེ་ནི་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད་པ་ཞིག་མིན་ན་ཅི་ཡིན། ད་ནས་བཟུང་བོད་མི་རིགས་ཀྱི་རང་སྐད་གཙང་མ་སྲུང་སྐྱོབས་བྱ་འདོད་ན། གཞན་སྐད་ཁུངས་སུ་བཅོལ་ནས་བྲིས་པའི་བརྡ་སྤྲོད་པའི་གཞུང་ཟེར་བ་དང་གྲགས་པ་འདི་ཚོ་ལ་བསམ་ཞིབ་ནན་ཏན་དུ་གནང་ནས། བོད་རང་གི་བརྡ་སྤྲོད་པའི་གཞུང་ལུགས་ཚད་ལྡན་ཞིག་ཡོང་བ་ལ་འབད་བརྩོན་གནང་དགོས་པར་སེམས། མདོར་ན་བོད་ཀྱི་ཕ་སྐད་གཙང་མའི་ཡིན་ལུགས་གླེང་དུས་གཞན་སྐད་ཁུངས་སུ་བཅོལ་ནས་ལུང་འདྲེན་བྱེད་མི་དགོས་པ་ཞིག་བཟོ་དགོས། དཀའ་བའི་ལ་དེ་མ་བརྒྱབ་ན། བདེ་བའི་ཐང་ལ་སླེབས་དུས་མེད། ཟེར་བའི་དཔེ་ལྟར་གཞན་བཟོས་ཁུངས་སུ་བཅོལ་ནས་བསླ་བཅོས་རྐྱང་རྐྱང་མ་ཡིན་པར། བོད་རང་རྐང་ཚུགས་པའི་དཀའ་བའི་ལས་ལ་འབད་དགོས་པར་སེམས་སོ། །

  24. ལོ་ཡག says:
    2016-09-26 at 12:29 pm

    ཐུབ་ཕུན།
    འབྲི་བ་བོ་མང་པོས་དེ་ལྟར་བ་བདག་སྒྲར་བྲིས་པ་ནི་མ་ཤེས་པས་མ་ཡིན་པར་རང་ལུགས་སམ་མཁས་དབང་ཁ་ཅིག་(གྲུབ་རྡོར་དང་དཔལ་ཁང་སོགས)གི་ལུགས་བཟུང་ནས་བྲིས་པ་རེད།
    གཞན་གྱིས་མ་ཤེས་པ་མང་པོ་རང་ཉིད་ཀྱིས་རྟོགས་སོ་སྙམ་པའི་ཅོལ་ཆུང་གི་ང་རྒྱལ་སྤང་ན་མི་ལེགས་སམ།

    སློབ་མའི་ནང་དེ་ལྟར་འབྲི་མཁན་བྱུང་ཚེ། སྐུ་མཁྱེན། ནོར་རྟགས་མ་བརྒྱག་ལ་ནོར་འདུག་མ་ཟེར་རོགས། དེ་ལྟར་བྱས་ཚེ་སློབ་མའི་བོད་ཡིག་ལ་སྤྲོ་སྣང་བརླག་པའི་རྒྱུ་རུ་འགྱུར་འགྲོམགོ་ཉོག་པའི་རྒྱུ་རུ་འགོ། དེ་བས་ཁོང་ཚོར་འདི་འདིའི་ལུགས་དང་། དེ་དེ་ཡི་ལུགས་ཞེས་རྗོད་ལ། གཉི་གའང་འགྲིགས་སོ་ཞེས་བློ་རྒྱ་ཆེ་ཙམ་གནང་རོགས། གུ་དོག་པོ་མ་བྱེད། དེ་འདྲ་དེ་ཁྱོད་དང་ང་ལྟ་བུ་ས་སུ་ར་རུ་ཡི་ཐོབ་ཐང་ཤེས་ཙམ་གྱིས་ཁུངས་འཁྱོལ་རྒྱུ་ཞིག་དང་། གཏིང་ཐག་ཆོད་པ་ཞིག་ག་ལ་ཡིན། མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་མང་པོའང་གཞི་གཅིག་ཏུ་འབབ་ཐུབ་མེད་པ་ལ་ཞིབ་ཏུ་སོམས།

    དཔེར་ན། ཨིན་ཡིག་ནང་། ceter དང་ centre. travelled དང་ traveled ཅེས་སོགས་འབྲི་ལུགས་མི་འདྲ་བ་གཉིས་ཅན་གང་ལ་གང་འཚམས་ཤིག་ཡོད་པ་ལ་ གཅིག་ཨིན་ཇི་བའི་ལུགས་དང་ཅིག་ཤོས་ཨ་རི་བའི་ལུགས་ཞེས་གཉི་གའང་ཁས་ལེན་པ་རེད། ཨིན་ཇིའི་ནང་ལ་ set ལྟ་བུ་ཡིག་འབྲུ་གཅིག་དོན་བརྒྱ་དང་བཅུ་ལ་འཇུག་མཁན་ཡང་ཡོད། འདི་ན་བྱིས་པ་བློ་མིག་མ་སྨིན་པ་ཁ་ཅིག་ལ་ནི་རང་ལ་འཐད་པ་གཅིག་ཡོངས་གཅོད་ལ་གྲུབ་ན་གཞན་ལ་འཐད་པ་ཅིག་ཤོས་རྣམ་བཅད་ལ་ཁེགས་དགོས་པ་ནི། ཁབ་མིག་ལྟར་དོག་པོའི་ལངས་ཕྱོགས་ཤིག་མ་རེད་དམ།

    བསྟན་འགྱུར་ནའང་། གཙོ་བོ། དཔའ་བོ། བཟོ་བོ་སོགས་བ་བདག་སྒྲ་ཅན་མང་པོ་ཡོད། གལ་སྲིད་འདི་དག་བདག་སྒྲ་མིན་ཟེར་ན། གཙོ་མོ། དཔའ་མོ་སོགས་ཀྱང་བདག་སྒྲ་ཡིན་སྟངས་མེད། ཤེས་ཀྱི་མི་འདུག
    པ་དང་པོ་གཅིག་པུས་ཁུངས་འཁྱོལ་ཐབས་ཡོད་མ་རེད།

    ད་རིང་གི་ངའི་ལག་ནང་གི་ཀློག་དེབ་(རྡུལ་སྙེད་འཇིག་རྟེན། ) ནང་དུའང་། “ལྟོས་གྲུབ་རིག་པ་བ་” ཞེས་ལན་གྲངས་མང་པོར་བྲིས་འདུག འདི་ནི་ ་བཤེས་ལྷག་རྡོར་གྱིས་བསྒུར་ཅིང་བློ་བཟང་བསྟན་དར་གྱིས་་སུམ་རྟགས་ཞུ་དག་བྱས་ན་ཁོང་གཉིས་ཀའི་སུ་ཨ་མདོ་རེད། ཤོད་དང་། སྐུ་མཁྱེན། སྦུག་དོག་པོ་མ་གནང་རོགས།

  25. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 12:42 pm

    སྤྱི་སྐད་ལ་དག་བཅོས་བྱས་པ་འདི་གུ་དོག་མ་རེད་ལ། དག་བཅོས་ལ་བསམ་ཤེས་མེད་མཁན་ཚོ། གུ་དོག་དང་སྤྱོད་ངན་རེད། ལོ་ཡག་ལགས་སུ།

  26. ལོ་ཡག says:
    2016-09-26 at 1:09 pm

    འདི་དེ་སྔའི་བདག་སྒྲའི་སྐོར་མཆན་སྤེལ་ཞིག་སླར་རང་དྲན་གསོར་བཀོད། (ཚང་མས་གཟིགས་དང་། ཀརྡོར་གྱི་ལན་འདི་ལ། འདི་འདྲ་ལས་ཤེས་ཀྱི་མེད། སྙིང་རྗེ་བ་མ་རེད་དམ)

    #8 ལོ་ཡག ་ལགས་ཀྱིས་སྤེལ་དོན།:
    October 27th, 2015 at 4:28 am

    དྲ་གྲོགས་དང་དྲ་དགྲ་གཉི་ག་ཡིན་པའི་སྙུ་གུ་བ་ཀར་རྡོར་གཉེར་ཕྱག་པས་ཡིད་ལ་གང་དྲན་དྲན་དང་ཁ་ནས་གང་བྱུང་བྱུང་དུ་ལབ་རྗེས་འདི་ན་བྲོས་ནས་འགྲོ གར་འགྲོ་ཡང་ལན་འདི་ཁྱེར་ལ་སོང་།
    དེ་མིན་ལན་མ་ལྡོན་པའི་འཁང་ར་བྱེད་སྲིད།

    ཤེས་བྱའི་གཉོམ་ལག་མ་རྒྱས་པའི།།
    བུས་པ་ཀར་རྡོར་མལ་ན་ངུ་།།
    ལྟོགས་སམ་རིགས་པའི་ནུ་ཞོ་འདི།།
    འགྲངས་ཕྱིར་ཁ་ཡིས་མུར་ཞིག་ཀྱེ།།
    པུ་རུ་ཥ་ནི་སྐྱེས་པའི་སྒྲ།།
    ཡིན་ཕྱིར་པུ་ཡིག་ཕོར་བྱས་ཏེ།།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།།
    ཞེས་སུ་སྒྱུར་མཁན་བྱུང་བ་བདེན།།
    འོན་ཏེ་བ་བོ་ཕོ་མིན་པར།།
    སྒྲུབ་བྱེད་རི་བོང་རྭ་ཡི་སྤུན།།
    དཔའ་བོ་མཛའ་བོ་དགའ་བོ་ཞེས།།
    མདོ་ན་འབྱུང་བ་མ་མཐོང་ངམ། །
    དེ་ཀུན་ཕོ་རྟགས་མིན་ཞེ་ན།།
    ཨ་ཙི་མོ་ཡི་རྟགས་སམ་ཅི།།
    མོ་ལ་མོ་མཚན་མི་དགོས་སམ།།
    དཔའ་མོ་མཛའ་མོ་དགའ་མོ་ཞེས།།
    མཚན་མ་ཅན་དག་འདི་ན་གདའ།།
    ཕོ་མོའི་རྣམ་དབྱེ་མི་ནོར་གཅེས།།
    སྙིང་ཁམས་ཀུན་བས་ཆེ་ལུགས་ཀྱིས།།
    འདི་ཀུན་བདག་སྒྲ་མིན་ཟེར་ན། །
    བདག་པོའི་སྒྲ་དེ་ཅི་འདྲ་ཅི།།
    དཔའ་བོ་པ་དང་དཔའ་བོ་མ།།
    ཞེས་སུ་སྦྱར་ན་འཚེང་ངམ་ཅི།།
    སྔ་ཕྱི་བར་གྱི་མཁས་པའི་ཁྲོད།།
    པུ་ནི་པ་སྡེ་ལ་འདོད་པའི།།
    རྒྱུ་མཚན་ལུང་རིགས་དེ་བས་རྣོ།།
    བདག་སྒྲ་དྲུག་གི་འབྱུང་ལུགས་སོ།།
    ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་།།
    ཕ་ངོ་ཤེས་ཀྱང་དགྲ་མ་ཤེས།།
    ཐབ་ས་ཟིན་ཡང་ནང་མ་ཟིན།།
    འདི་འདྲའི་ལུགས་ཀྱིས་རང་སྡུག་ཉོ།།
    བོང་བུས་མ་སོང་ལམ་འཕྲང་མང་།།
    བྱིས་པས་མ་མཐོང་ཤེས་བྱ་མང་།།
    སྔོན་དུ་ཕྱོགས་སྔའི་ནམ་ལངས་ན།།
    དེ་ནས་ཉི་མ་ཤར་ཡང་སྲིད།།

    #11 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    October 27th, 2015 at 5:18 am

    དཔའ་བོ་དཔའ་མོ་བདག་སྒྲར་རུ། །
    འདོད་པ་ལོ་ཡག་ཁྱོད་ཀྱི་ལུགས། །
    ངས་ནི་དཔའ་དང་ལྡན་༼པ་༽འདི། །
    བདག་སྒྲ་ཡིན་ང་ཡི་ལུགས། །
    ་
    དེས་ན་བ་བོ་བདག་སྒྲ་ལ། །
    འཇུག་པར་འདོད་པ་ནོར་བ་རེད། །
    འོནད་ཀྱང་ནང་མ་ཇ་མ་སོགས། །
    དོན་གྱིས་བདག་སྒྲར་སོང་བ་ཡོད། །
    ་
    ཞིང་གི་ལོ་ཡག་དམན་ན་ཡང་། །
    བློ་གྲོས་ལོ་ཏོག་སྤེལ་བས་རིགས། །
    ཚིག་ངན་ལེགས་བཤད་འཇལ་བ་འདི། །
    ཆུ་ལན་ཆང་འཇལ་འདི་ལ་ཟེར། །

    #12 ལོ་ཡག ་ལགས་ཀྱིས་སྤེལ་དོན།:
    October 27th, 2015 at 8:24 am

    ཀར་རྡོར་ཀུན་ལ་མཁས་ན་ཡང་།།
    གཅིག་ལ་རྨོངས་པའི་རང་རྟགས་སུ།།
    ཆུ་ལན་འཇལ་བའི་ཆང་དེ་ཡང་།།
    མི་ཞིམ་ཁ་བའི་མཐར་ཐུག་ཉིད།།
    བགྲོ་བ་གཏམ་གྱི་འོ་ཇ་དྲངས་པ་ལ།།
    ཚིག་ངན་ཇ་རོ་འགའ་ཡིས་རྫོབ་དྲགས་ན།།
    ཕུ་ཡིས་བཏབ་སྟེ་དྭངས་སྙིགས་འབྱེད་པའི་ལས།།
    ལྷུར་བཞེས་ཉེས་པ་འདི་ཀོར་དགོངས་དག་མཛོད།།

  27. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 11:00 pm

    ལོ་ཡག་པ་ལ་གཉེར་ཕྱག་པས། །
    ཁ་བརྡ་པ་ལ་བློ་སྐྱེད་དྲངས། །
    བདག་སྒྲ་པ་ལ་པ་ཐོབ་པ། །
    ཐུ་མིའི་བོད་སྐད་སྤྱི་སྐད་རེད། །

  28. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 11:14 pm

    བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > བྱང་ཨ་རིའི་སློབ་དེབ་དང་དཔེ་སྟོན་སློབ་གྲྭའི་སྐོར་ལ་གསལ་བཤད་གནང་།
    བྱང་ཨ་རིའི་སློབ་དེབ་དང་དཔེ་སྟོན་སློབ་གྲྭའི་སྐོར་ལ་གསལ་བཤད་གནང་།
    བོད་ཀྱི་དུས་བབ། ཆུ་ཚོད་ ༨ སྔོན་ལ། རིག་པ། (༠)
    ་
    http://tibettimes.net/%E0%BD%A4%E0%BD%BA%E0%BD%A6%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BC%8B%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BD%93%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B-2/

  29. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 11:23 pm

    ་་་་་་་་་ ད་ལོ་བསྐྱར་དུ་སྐོར་སྐྱོད་གནང་སྐབས་མཐོང་ཚུལ་མ་འདྲ་བ་གཙོ་བོ་དེ་སློབ་ཕྲུག་ཚོ་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བོད་ཡིག་དགེ་རྒན་རྣམ་པ་ཚོའི་མགོ་བོ་ཡང་ཅུང་ཡར་མགྱོགས་ཐུབ་ཙམ་བྱུང་ཡོད་སྐོར་གསུངས་སོང་། ་་་་་་་་་་

  30. ཀརྡོ་རབ་འབྱམས་པ་ says:
    2016-09-26 at 11:24 pm

    ་་་་་་་་་བོད་ཡིག་དགེ་རྒན་རྣམ་པ་ཚོའི་མགོ་བོ་ཡང་ཅུང་ཡར་མགྱོགས་ཐུབ་ཙམ་བྱུང་ཡོད་་་་་་་

  31. དཔའ་ཆེན་དོན་གྲུབ་ says:
    2016-09-26 at 11:59 pm

    ཅོ་རུ་ཉོན། གཏམ་གོ་ན་མཁས་པ་ཡིན་ཟེར་བ་ཅིས་མ་བདེན། མའོ་ཙེ་ཏུང་གི་གསུང་བཏུས་ཨ་མདོ་གཅིག་པུར་བཀྲམ་པ་རེད་དམ། དེ་བོད་བསྒྱུར་བྱེད་མཁན་ཨ་མདོ་བ་རྐྱང་རེད་དམ། ཁྱོད་ཚོས་མཁས་དབང་ཟེར་བའང་དེ་ཙམ་ཞིག་མ་རེད་དམ། ཧ་ཧ་ ཡུལ་གྱར་བའི་ཁྲོད་དུ་ཁྱོད་ཚོར་མཁས་དབང་མང་པོ་ལ་དཔེ་རེད་འདུག ཧ་ཧ་ཧ་ཧ

    རྗེས་མ་ཚིག་མཛོད་ནང་དུ།
    ༼མཁས་དབང་ཞེས་པ་ནི་༽ ཞེན་ཁོག་གི་རྩིས་ཟིན་ལ་གཞན་གནོད་འདོད་ཀྱིས་རང་གི་ཉེ་མིའི་གྲས་ཀྱི་ཡི་གེ་བ་ལ་ཆེ་བསྟོད་ཀྱི་བརྗོད་ཚིག་ཅིག་ཅེས་འགྲེལ་དགོས་པ་མིན་འགྲོ།

  32. ལོ་ཡག says:
    2016-09-27 at 3:37 am

    ཤེས་བྱ་ཤེས་ལ་མ་ཤེས་པ་ཚོ། རིག་པ་གསལ་ལ་མི་གསལ་བ་ཚོ།
    ཨ་ལ་ཀུ་རེ། མཁས་པའི་དབང་བོ་རྣམ་པ་ཚོ། ཁྱེད་ཅག་ འབྱོར་པ་ཞེས་པའི་པ་སྒྲ་བྱ་བའི་མིང་གི་མིང་མཐའ་དང་། འབྱོར་བ་ཞེས་པའི་བ་སྒྲ་མིང་རྐྱང་གི་མིང་མཐའ་ཡིན་པར་བཤད་པ་ལྟར་ང་ཡང་འདོད།

    ཁྱེད་ཅག་ཀྱང་འདི་འདྲ་འདི་རྒྱང་དུ་འདོར་ཕྱིར་ཁོག་པའི་ནང་ནས་ཕྱིར་སྐྱུགས་མི་རུང་། དཔེར་ན། དགའ་པོ་ཞེས་པོ་སྒྲ་བྱ་བའི་མིང་མཐའ་དང་། དགའ་བོ་ཞེས་པའི་བོ་སྒྲ་བདག་སྒྲ་ལ་འདོད།

    ད་དུང་། རྫི་བོ། ཁོལ་བོ། མིའི་དབང་བོ། འཆད་ཁ་བ། རྣལ་འབྱོར་སྤྱོད་པ་བ། ཤ་ར་བ་སོགས་ལའང་དཔྱད་པ་ཐོངས།
    ཡིག་རྙིང་ལ་ལྟོས།

    ཁོ་མོ་ཡི་དགའ་བོ་རེད་ལྟ་བུའི་བོ་ཡིག་བདག་སྒྲ་པོ་ལ་བསྒྱར་ན་ནི། ང་ནི་ རིག་གསར་སྐབས་རྒྱ་མིས་གི་ཡིག་ལས་གཞན་པའི་འབྲེལ་སྒྲ་ཐམས་ཅད་མུན་བཙོན་དུ་བཅུག་པ་ལ་ཧང་གང་ཡང་མི་སངས་སོ། །

    མགོ་ཐམས་ཅད་ལ་ཞྭ་མོ་གཅིག་མ་བསྐྱོན་རོགས།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-27 at 8:38 am

    འབྱོར་བ། བྱ་ཚིག་དང་། འབྱོར་པ། མིང་ཚིག་ཡིན་པར་སྣང་ངོ་།

  34. ལོ་ཡག says:
    2016-09-28 at 2:27 am

    (གཤམ་གྱི་མཆན་ཐུང་འདི་རྫ་ཚེ་ལ་བཏབ་མོད། རྩོམ་པ་པོ་འདི་བས་ངེས་པར་ཤེས་དགོས་ཕྱིར་འདིར་ཡང་ཕབ་བོ)
    མཁན་པོས་འདྲ་པར་རྣམས་ལྷན་སྦྱར་གནང་བ་བཅས་དམིགས་ཡུལ་བཟང་པོ་ཞིག་འགྲུབ་ཕྱིར་སྐུ་ལས་བསྐྱོན་འདུག ཡི་རང་བའི་གནས་རེད།

    ཡིན་ཡང་མཁན་པོས་ད་དུང་ཡང་བརྡ་སྤྲོད་ཀྱི་གཞུང་དགོས་པར་འདུག ཡིག་ནོར་ལ་ཤས་གཏགས་ནོར་ཙམ་མ་ཡིན་པར་མ་ཤེས་པའི་ནོར་འཁྲུལ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།
    ཐུབ་ཕུན་གྱིས་མཁས་དབང་གོང་མ་ཚོའི་རིང་ལའང་དབེྱ་མཚམས་མ་ཆོད་པའི་རིགས་(བདག་སྒྲ)་ཕྱོགས་སྔར་བླངས་ཏེ། དཔྱད་པ་གཡག་ཞར་གྱིས་རྩྭ་ཟོས་པ་ཙམ་བྱས་རྗེས། འདོད་ཕྱོགས་རང་དང་མ་མཐུན་པ་དག་ལ་བརྡ་སྤྲོད་སྦྱོངས་ཟེར་པ་ལས་བརྡ་སྤྲོད་སྨྲྲ་བ་ཀུན་ལ་ཐུན་མོང་དུ་གྲུབ་པའི་རིགས་དཔྱིས་ཕྱིན་པར་ཤེས་མེད་པ་དག་ལ་དེ་ལྟར་བརྗོད་ན་ནི་དོན་དུ་འགྱུར་རོ།།

  35. ལོ་ཡག says:
    2016-09-28 at 5:09 am

    ཡིག་ནོར་ཟམ་མ་ཆད་དུ་འབྱུང་བཞིན་པའི་རིགས་གཅིག་ནི་དཔེར་ན།

    #11 ཀླུ་སྨྱོན་ལགས་ཀྱི་
    September 23rd, 2016 at 11:46 am

    བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་ཀྱི་རིགས་འདིས་རྩམ་པ་བཟའ་མ་མྱོང་བར་རྩམ་པའི་ཞིམ་མངར་བཤད་ཀྱི་ཡོད་ནི་རེད། ངེས་པ་དོན་གྱི་བོད་ཀྱི་རྩོམ་རིགས་དཔྱད་བརྗོད་པ་ནི་དཔལ་དོན་གྲུབ་རྒྱལ་རེད།
    (འབུམ་རམས་པ་ཞིག་གིས་རྩོམ་རིག་གླེང་བ་ཞེས་པའི་མཆན)

    ཞེས་པ་འདིའི་ནང་གི་ “དཔྱད་བརྗོད་པ” ཞེས་པ་འདི་རེད། ནོར་ཏེ། “དཔྱད་རྗོད་པ” ཞེས་བྲི་དགོས། རྒྱུ་མཚན་ནི་འདས་མ་འོངས་ཀྱི་ཆ་ནས་མ་ཡིན་པར། དུས་གསུམ་བྱེ་བྲག་པའི་དངོས་པོ་བདག་གི་སྒྲ་ཡིན་པས་རེད། སྔོན་འཇུག་ཕོ་ཡིག་སྦྱར་ན་དངོས་པོ་གཞན་ལས་མི་སྟོན་པས་ན་ནོར་བར་ཤེས་པར་བྱ། རྟགས་འཇུག་ཤེས་ན་འདི་ལ་རྩོད་པ་མེད། མི་ཤེས་པའི་མིས་རྩོད་པ་མང་དུ་བྱ་ཐང་སྟེ། ཞེ་སུན་ནོ།

    དེ་བཞིན་རྫ་ཚེས་ཕབ་བཤུས་གནང་བའི་་གོང་ས་མཆོག་གི་ཆོས་ལུགས་མཉམ་འཛོམས་ཀྱི་གསུང་བཤད་་་་ཞེས་པའི་ནང་དུ་དང་། ལན་གཞན་དུའང་།
    “རྗེས་འབྲངས་པ་” ཞེས་བྲིས་དང་འབྲི་བཞིན་པ་ནོར་ཏེ། “རྗེས་འབྲང་བ”འམ་བ་བདག་སྒྲར་མི་འདོད་པ་དག་ལྟར་ན། “རྗེས་འབྲང་པ་” ཞེས་བྲི་དགོས། རྒྱུ་མཚན་ནི་བྱེད་ཚིག་གི་སྒྲ་ལ་ད་ལྟ་བ་བྲི་དགོས་པས་ཡིན།

    རྟགས་འཇུག་ནི་འདི་འདྲ་འདིའི་ཁྱད་པར་མི་ནོར་བའི་ཕྱིར་དུའོ།

  36. ཀརྡོ་རབ་འབྱམས་པ་ says:
    2016-09-28 at 8:17 am

    ་་་་་་་་་ “རྗེས་འབྲངས་པ་” ཞེས་བྲིས་དང་འབྲི་བཞིན་པ་ནོར་ཏེ། “རྗེས་འབྲང་བ”འམ་བ་བདག་སྒྲར་མི་འདོད་པ་དག་ལྟར་ན། “རྗེས་འབྲང་པ་” ཞེས་བྲི་དགོས། རྒྱུ་མཚན་ནི་བྱེད་ཚིག་གི་སྒྲ་ལ་ད་ལྟ་བ་བྲི་དགོས་པས་ཡིན།

    རྟགས་འཇུག་ནི་འདི་འདྲ་འདིའི་ཁྱད་པར་མི་ནོར་བའི་ཕྱིར་དུའོ། ་་་་་་་་་་

  37. རྡོ་སེངྒེ། says:
    2016-10-01 at 1:07 am

    ཡང་་་་་ནད་རྙིང་ཞིག་སླེབས་འདུག་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme