Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ངོ་སྤྲོད།

Posted on 2016-09-172016-09-17 By ཁ་བརྡ་ 5 Comments on གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ངོ་སྤྲོད།

རེ་མདོ་སེངྒེ།

 
༄༅།། ཕྱི་ལོ་ ༢༠༡༡ ལོར་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་ཁོ་བོའི་ཞིབ་འཇུག་ཆེད་རྩོམ། བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཞེས་པའི་དཔེ་དེབ་དེའི་མཇུག་སྐྱོང་ལྟ་བུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁང་ནས་ནན་ཆེས་ཐུགས་རེ་གནང་དོན་ལྟར། བར་ལམ་ལོ་ཤས་རིང་ལས་བྲེལ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་སྒེར་གྱི་ངལ་གསོ་དང་སློབ་སྦྱོང་གི་དུས་ཚོད་གང་ཡོད་བེད་སྤྱད་དེ། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་བཅུའི་བདག་ཉིད་ཅན་གྱི་དཔེ་དེབ་འདི་དག་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱས། དེ་རིང་སྟེ་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ ཚེས་ ༡༦ ཉིན་ཤེས་རིག་ལྷན་ཁང་གིས་གོ་སྒྲིག་གནང་དོན་ལྟར་ཤེས་རིག་བཀའ་བློན་སྐུ་ངོ་དངོས་གྲུབ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཕེབས་པའི་ཐོག་ནས་དབུ་འབྱེད་ཀྱི་མཛད་སྒོ་ཚུགས། དཔེ་དེབ་འདི་དག་དེ་རིང་དངོས་སུ་ཀློག་པ་པོའི་སྤྱན་སྔར་དངོས་སུ་འགྲེམས་སྤེལ་ཐུབ་པ་སྤྲོ་བ་བརྟས། གཤམ་དུ་རྩོམ་པ་པོས་དཔེ་དེབ་འདི་དག་གི་སྔོན་གླེང་གི་ཚུལ་དུ་བྲིས་པ་འགོད་སྤེལ་ཞུས་ཡོད།

unnamed-4

ཐོག་མར་བཤད་འདོད་པའི་སྐད་ཆ་འགའ་ཤས།

༄༅།། སྲོལ་རྒྱུན་དང་དེང་རབས་ཀྱི་བར་མ་དོ་རུ་ལྷག་པ་ནི། ཀུན་སྤྱོད་ཉམས་རྒུད་དུ་འགྲོ་བའི་རྐྱེན་རྩ་གཙོ་བོ་ཞིག་ཡིན་པས། མི་གཤིས་དང་ཀུན་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། སྲོལ་རྒྱུན་གྱི་བཟང་པོའི་ཀུན་སྤྱོད་དང། བསམ་བློའི་དཔལ་ཡོན་ལ་བརྟེན་ནས། མི་གཤིས་དང་ཀུན་སྤྱོད་བསྐྱར་གསོ་བྱ་བ་ནི། མི་ངོ་མར་འགྱུར་བའི་བྱེད་ཐབས་གཏན་ཚིགས་ལྡན་པ་ཞིག་ཏུ་གྱུར་ཡོད།

 

དང་པོ། རྒྱབ་ལྗོངས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བོད་རིགས་གཞོན་སྐྱེས་རྣམས་བོད་མིའི་ཤེས་ཡོན་དང༌། བསམ་བློ། ཀུན་སྤྱོད་བཅས་ཀྱི་གཞི་རྩ་ཡོད་པའི་ཐོག དེང་རབས་ཤེས་ཡོན་གྱི་གནས་ཚད་འདང་ངེས་ཀྱི། འདབ་གཤོག་གཉིས་ལྡན་ཞིག་ཏུ་བསྐྱེད་བསྲིང་བྱ་དགོས་པའི་ཐུགས་རེ་མཛད་པ་དང་མཉམ་དུ། ཡུལ་ལུང་དང༌། རིགས་རུས། ཤ་མདོག དབུལ་ཕྱུག ཤེས་ཡོན་ཡོད་མེད་བཅས་ཀྱི་ཁྱད་པར་ལ་མ་ལྟོས་པར། མི་ཡོངས་རྫོགས་བསམ་བློ་དང་ཀུན་སྤྱོད་གཞན་ཕན་ཚུལ་མཐུན་ཞིག་ཡོང་དགོས་པའི་གལ་གནད་ལ་དགོངས་ཏེ། འཛམ་གླིང་སྤྱིའི་ཤེས་ཡོན་ལམ་ལུགས་ཁྲོད་ལྷགས་པའི་བསམ་བློ་དང་ཀུན་སྤྱོད་ཀྱི་སྟོང་ཆ་མང་པོ་ཞིག བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཐོག་ནས། སྐོང་ཐུབ་པའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པ་དེ་དག སྔོག་འདོན་བྱ་དགོས་པའི་བཀའ་སློབ་སྔ་ཕྱིར་ཕེབས་ཡོད།
དེ་བཞིན་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང༌། བོད་ཀྱི་མ་འོངས་པའི་ཆོས་སྲིད་ཀྱི་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་མིན། ད་ལྟའི་གཞོན་རབས་པ་རྣམས་ཀྱི་ཤེས་ཡོན་དང་ཀུན་སྤྱོད་ལ་རག་ལས་ཤིང༌། ཁོང་ཚོ་ཤེས་ཡོན་དང་གཞན་ཕན་བཟང་སྤྱོད་ལྡན་པ་ཞིག་ཡོང་ཐུབ་མིན་ཡང། མིག་ལྟོས་དང་གསོ་སྐྱོང་བྱེད་སྟངས་ལ་རག་ལས་པས། གཞོན་སྐྱེས་ཚོར་སློབ་དེབ་ངོས་ཀྱི་སློབ་སྦྱོང་སྤྲད་པ་ཙམ་མ་ཡིན་པར། ཆུང་དུས་ནས་གཞན་ཕན་བཟང་སྤྱོད་གཤིས་རྒྱུད་དང་འདྲེས་པ་ཞིག་ཡོང་ཐབས་བྱ་བ་དགོས་པ་ནི། ཤིན་ཏུ་གལ་གནད་ཆེ་བའི་ཚུལ་གསུང་གི་ཡོད་པར་བརྟེན། གསུང་ཚིག་འདི་ཕྲན་གྱི་དྲན་ངོས་ནས་ཡལ་ཐབས་མེད་པའི་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར།
ལོ་ཤས་གོང་དུ་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཞེས་པའི་ཆེད་རྩོམ་འབྲི་བའི་སྐབས། ཡིག་ཆ་ལྟ་ཀློག་བྱས་པ་ཙམ་མ་ཡིན་པར། སྤྱི་ཚོགས་ཕྱི་ནང་གི་མི་སྣ་མཐོ་དམའ་བར་གསུམ་མང་པོ་ཞིག་གི་སེམས་པའི་གཏིང་རིམ་བསྔོགས་ནས། ཅི་ནུས་ཀྱིས་ཞིབ་འཇུག་རྒྱུས་ལོན་བྱ་རྒྱུ་བྱུང། སྤྱི་ཚོགས་འདིའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ངོ་མ་མཐོང་བའི་སྐབས། གོང་གསལ་བཀའ་སློབ་ཁག་གི་བསྟན་དོན་ལྟར། རང་རེར་ཀུན་སྤྱོད་ཀྱི་སློབ་གསོ་གལ་ཆེ་བ་ཙམ་དུ་མ་ཟད། ཁ་ཚ་དགོས་གཏུགས་སུ་གྱུར་འདུག་པའི་ངོས་འཛིན་གཏིང་ཟབ་ཐོབ།

 

གཉིས་པ། འཕྲལ་རྐྱེན།

unnamed-5ཕྱི་ལོ་ ༢༠༡༢ ལོའི་ལོ་མཇུག་ཡས་མས་སུ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། འཛིན་གྲྭ་བདུན་པ་ཡན་གྱི་བོད་ཡིག་གི་ཀློག་དེབ་རེ་ཟུང་འབྲི་དགོས་པའི་བཀའ་མངགས་ཕེབས་ཀྱང། ངའི་སློབ་སྦྱོང་གི་ཁ་ཕྱོགས་དང་ལས་ཀའི་བྲེལ་བ་གང་འདྲ་ཡིན་པ་རང་ཉིད་ཀྱིས་གསལ་པོར་ཤེས་ཀྱི་ཡོད་སྟབས། ཐོག་མར་ལས་གཞི་འདི་ཁས་ལེན་བྱེད་པའི་སྤོབས་པ་མ་བྱུང་ཡང། ཞིབ་ཏུ་བསམ་པའི་སྐབས་དེང་སང་ཀློག་དེབ་མང་ཙམ་མཐོང་རྒྱུ་འདུག་མོད། བོད་རང་གི་འཚོ་བ་དང་མི་སྣ་རྩོམ་སྙིང་བྱས་ནས་བྲིས་པ་ཉུང་ཞིང། བསྒྱུར་རྩོམ་གྱི་རིགས་མང་ཆེ་བ། ཚིག་བརྗོད་ཀྱི་ཐོག་ནས་བོད་སྐད་ཀྱི་ཚིག་འགྲོས་ངོ་མར་གྱུར་ཐུབ་མེད་པའི་ཐོག བསམ་བློ་དང་གོམས་གཤིས་གཉིས་ཀ་བོད་ཀྱི་ཁྱད་ཆོས་ལྡན་པ་ཞིག རང་བཞིན་གྱིས་ཡོང་དཀའ་བས། མི་གཤིས་དང་ཀུན་སྤྱོད་ཉམས་གསོ་བྱེད་པའི་དམིགས་ཡུལ་གྱི་ཐད་ནས་བལྟས་ན། བོད་སྐད་དང་བོད་དྲི་ངོ་མ་ཚོར་ཐུབ་པ་དང༌། བོད་རང་གི་མི་སྣ་རྩོམ་སྙིང་བྱས་པའི་ཀློག་དེབ་རིགས་དགོས་པ་ཤིན་ཏུ་གལ་གནད་དུ་གྱུར་ཡོད་པས། བྱ་སྒྲུང་བྱེའུ་སྒྲུང་དང། གཞན་གྱི་མི་སྣ་རྩོམ་སྙིང་བྱས་པའི་སྒྱུར་རྩོམ་ཙམ་མ་ཡིན་པར། བོད་སྐད་ངོ་མའི་རྗོད་ཚིག་དང། བོད་མི་ངོ་མ་རྩོམ་སྙིང་བྱས་པའི་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་ཀློག་དེབ་རིགས། ཤིན་ཏུ་དགོས་གལ་ཆེན་པོར་གྱུར་པའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས། ལས་བྲེལ་དང་དུས་ཚོད་ཀྱི་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར། བོད་སྐད་དང་བོད་གཤིས་ངོ་མ་ལྡན་པའི་བོད་ཡིག་གི་ཀློག་དེབ་འགའ་ཤས་འབྲི་རྒྱུ་དང་ལེན་ཞུས།

 

གསུམ་པ། ནང་དོན་དང་རྩོམ་ཐབས།

unnamed-6ཀློག་དེབ་འདི་དག་སྒྱུ་རྩལ་དང་རྩོམ་ཐབས་ཀྱི་ཐད་ནས་གནས་ཚད་ལོངས་པ་ཞིག་བྱུང་ཡོད་པའི་སྤོབས་པ་མི་འདུག་ཀྱང། སྔ་མོ་ནས་སྐྱེས་བུ་དམ་པ་མང་པོའི་རྣམ་ཐར་ཁག་ལ་མཇལ་བའི་སྐབས། ཆོས་ལུགས་ཀྱི་ལྟ་ཚུལ་རྐྱང་པ་མ་ཡིན་པར། མི་གཞི་དང་བསམ་བློ། ཡ་རབས་བཟང་པོའི་ཀུན་སྤྱོད། ཤེས་ཡོན་སློབ་སྦྱོང་གི་ལྟ་བ་དང་ཧུར་བརྩོན་བཅས། གང་ཅིའི་ཐད་ནས་ཁོང་རྣམ་པའི་མཛད་སྤྱོད་ནི། ང་ཚོས་མིག་དཔེར་ལྟ་འོས་པ་ཤ་སྟག་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོད། དེར་བརྟེན་ཀློག་དེབ་འདི་དག་འབྲི་འགོ་འཛུགས་པའི་སྐབས་སུ་ཡང། རྟོག་པ་འཆར་ཡན་གྱི་ཀློང་ནས་གང་བྱུང་བཏུས་སྒྲིག་བྱས་པ་ཙམ་མ་ཡིན་པར། ཁོང་རྣམ་པའི་ཡ་རབས་ཚུལ་མཐུན་གྱི་ཀུན་སྤྱོད་དང་མི་གཤིས། ཤེས་ཡོན་དོན་དུ་གཉེར་བའི་དམིགས་རྒྱང་། མདོར་ན། མིག་སྔའི་འགོག་རྐྱེན་ཡོངས་རྫོགས་ལ་གདོང་ལེན་བྱས་ཏེ། རང་ཉིད་ཤེས་ཡོན་ལྡན་པ་དང། ཀུན་སྤྱོད་ལྡན་པ། གཞན་ཕན་གྱི་ཁོག་རྒྱ་ཡོད་པ་བཅས་ཇི་ལྟར་བྱས་པའི་ཚུལ་རྣམ་ཐར་དང་ལོ་རྒྱུས་སོ་སོ་ལས་དྲངས་ཏེ། ཅི་ནུས་ཀྱིས་ཚིག་བརྗོད་སླ་བོར་བཅོས་ཤིང། གཏམ་རྒྱུད་ཀྱི་རྩོམ་ཐབས་སྤྱད་ནས་བྲིས་ཡོད་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཞེས་གསུངས་པ་ལྟར་ལགས་ན། ཀློག་དེབ་འདི་དག་བྱ་སྒྲུང་བྱེའུ་སྒྲུང་དག་དང་མི་འདྲ་བར། མི་གཞིའི་ཀུན་སྤྱོད་དང། ཤེས་ཡོན་ཡར་ལྡན་དུ་སྤེལ་བའི་དངོས་བྱུང་གི་ཐབས་ཚུལ་སྣ་ཚོགས་ཚིག་གསལ་གོ་བདེར་བཀོད་པས། གཞི་རིམ་སློབ་མ་ཙམ་དུ་མ་ཟད། དགེ་རྒན་དང། ཕ་མ་རྣམས་ཀྱིས་ཀྱང་ཀློག་དགོས་པའི་རིན་ཐང་ལྡན་ངེས་སྙམ་ཞིང། དགེ་རྒན་དང་ཕ་མའི་ངོས་ནས་བྱིས་པ་ཚོར་ཀུན་སྤྱོད་ཀྱི་བསླབ་བྱའི་ཚུལ་དུ་ངོ་སྤྲོད་བྱེད་ཐུབ་ན། སྐད་ཡིག་དང། ཀུན་སྤྱོད། བསམ་བློ་གང་ཅིར་ཤུགས་རྐྱེན་ངེས་ཅན་འབྱུང་བའི་ཁག་ཐེག་བྱེད་ཐུབ། ཀློག་དེབ་འདི་དག་གི་སྤྱི་ཁྱབ་ཀྱི་མིང་ལ། གཏམ་རྒྱུད་ཀྱི་ལམ་ནས་ཡབ་མེས་ཀྱི་ཞབས་རྗེས་འཚོལ་བ་ཞེས་བཏགས་པ་ཡང། ཀློག་དེབ་འདི་དག་བརྒྱུད་ནས་དམ་པ་གོང་མ་མང་པོའི་ཞབས་རྗེས་མཐོང་ཐུབ་པའི་རྒྱུ་མཚན་གྱིས་ཡིན།

ཀློག་དེབ་འདི་དག་འབྲི་སྟངས་ཀྱི་རྣམ་པ་ནི། རྩ་བའི་བྱུང་བ་རྣམས་མི་སྣ་སུ་ཡིན་པ་དེའི་རྣམ་ཐར་དང་ལོ་རྒྱུས་གཞི་ལ་བཞག་ནས་བྲིས་ཡོད་ཀྱང༌། གཏམ་བརྗོད་དང་རྣམ་འགྱུར་སོགས་མི་སྣའི་ཕྱིའི་ཉམས་འགྱུར་དང། ཁོར་ཡུག་གི་གནས་སྟངས་མང་དག་ཅིག་རྩོམ་པ་པོས་བཅོས་སྒྲིག་བྱས་ཏེ། གཏམ་བརྗོད་ཟློས་གར་དང་འཁྲབ་གཞུང་གི་རྣམ་པ་ཐོན་ཐབས་ཞུས་ཤིང། མི་སྣའི་གཏམ་བརྗོད་ཀྱང་གོ་བདེ་བོ་ཡོང་ཐབས་གཙོ་འདོན་བྱས་ཡོད།
འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། ཀློག་པ་པོར་གོ་བརྡ་འཕྲོད་བདེ་བའི་ཆེད་དུ། གཏམ་རྒྱུད་སོ་སོའི་རྩོམ་སྙིང་གི་མི་སྣ་སུ་ཡིན་པ་དེ་མི་རང་བཞིན་པའི་ངང་ཚུལ་ཐོག་ནས་འབྲི་བ་གཙོ་འདོན་བྱས་པ་ལས། རྒྱལ་བ་དང་བྱང་ཆུབ་སེམས་དཔའི་སྤྲུལ་བ་ཡིན་པའི་ཐུན་མོང་མ་ཡིན་པའི་གནས་ཚུལ་ཁག་བསྲེས་མེད། དེར་བརྟེན་རིགས་ཤིག་ལ་དམ་པ་གོང་མ་ཚོ་སྐྱེས་བུ་རང་བཞིན་པའི་སར་བཞག་ནས་མ་གུས་པ་ཞུས་འདུག་སྙམ་པའི་རྣམ་རྟོག་འབྱུང་སྲིད་ཀྱང། ཕྲན་ལ་མཚོན་ན་མཛད་རྗེས་ཅན་གྱི་སྐྱེས་བུ་ཁོང་རྣམ་པའི་མཛད་སྤྱོད་བཟང་པོ་རྣམས། གཞོན་སྐྱེས་ཀྱི་མི་རབས་ཚོར་མིག་དཔེར་སྟོན་འདོད་པ་ལས། མ་གུས་པ་ཞུ་འདོད་པ་གཏན་ནས་མེད་པས་གོ་བ་ལོག་ཕྱོགས་སུ་མི་འཁྱེར་བའི་རེ་བ་ཞུ་ཞིང་། ངལ་གསོའི་བར་གསེང་དང་སྒེར་ལ་དབང་བའི་དུས་ཚོད་སིལ་མ་རྣམས་སུ་འབད་བརྩོན་བགྱིས་པ་འདི་དག་བོད་ཀྱི་གཞོན་སྐྱེས་རྣམས་ཆོས་སྤྱོད་ཞི་བའི་ས་བོན་ཞིག་ཏུ་འཚར་ལོངས་ཡོང་བའི་རྒྱུར་འགྱུར་བའི་རེ་སྨོན་དང་བཅས།

རྩོམ་པ་པོ་རེ་མདོ་སེངྒེས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༢ ཚེས་ ༣ ཉིན་བྲིས།

ངོ་སྤྲོད།

Post navigation

Previous Post: སྐྱོ་གདུང་ངག་གི་འགྱུར་ཁུགས།
Next Post: གློག་བརྙན་ཁྲེལ་གཞུང་མེད་པའི་དགའ་རོགས་ལ་དགོངས་འཆར།

Comments (5) on “གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ངོ་སྤྲོད།”

  1. དཔའ་ཆེན་དོན་གྲུབ་ says:
    2016-09-17 at 2:01 am

    རྗེས་སུ་ཡི་རངས་ཞུ་འོ་་་གང་མགྱོགས་བཀླག་སྐལ་ལྡན་པར་སྨོན།

  2. ཕུན་ཚོགས། says:
    2016-09-17 at 2:15 am

    ༄༅།། རྩོམ་པ་པོར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིས་ད་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པས་ཐུགས་རྗེ་ཆེ་ཞུ། འགན་ཁུར་གཏན་ནས་མེད་པའི་སྟོང་སྐད་སྒྲོག་མཁན་དང་ཁྱེད་ཚོའི་བར་ལ་མི་འདྲ་བའི་ཁྱད་པར་ནི་རྣམ་དཔྱོད་དང་གྲུབ་འབྲས་ཡིན། ཁྱེད་ཀྱི་མཛད་རྗེས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།

  3. གཡག་རྒོད says:
    2016-09-17 at 8:36 am

    རྗེ་སུ་ཡི་རངས་ཞུ་ཡོད། རྩོམ་པ་པོ་ཚད་ལྡན་ཡིན་རྐྱེན་ཨ་རིའི་ཀློག་དེབ་ལྟ་བུའི་ཡ་མ་བརླ་དེ་འདྲ་མིན་པའི་ཡིད་ཆེས་གཙང་མ་ཡོད། སྔོན་མ་གཞི་རིམ་གྱི་ཀློག་དེབ་དེ་ཚོ་མགོ་ན་བྱེད་རང་ཡོད། ཀློག་ན་ཚིག་སྦྱོར་མི་བདེ་བ། ནང་དོན་ཆོས་ལུགས་ཀྱིས་ཤན་ཞུགས་ཏེ་ལྷ་སྒྲུང་ཀླུ་སྒྲུང་འདྲ་རྐྱང་བཤད་དེ་ཡོད་པས་བྱིས་པ་ཚོ་ཉོབ་སྣང་སྐྱེས་ཀྱི་ཡོད། ལོ་རྒྱུས་ཡིན་ན་ལོ་རྒྱུས་ཁམས་གཙང་། ཆོས་གཞུང་ཡིན་ན་ཆོས་གཞུང་ཁམས་གཙང་བྱས་ཏེ་རང་རང་གི་ཁྱད་ཆོས་དེ་རང་རང་གི་སྟེང་ནས་མངོན་ཐུབ་པ་ཡིན་ན་རིག་གནས་འཕེལ་རྒྱས་དང་ངོ་བོ་སྲུང་སྐྱོབ་ལ་ཕན་འབྲས་བླ་ན་མེད་པ་ཐོན་ཐུབ། དེ་མིན་ཉ་ཉོག་མང་པོ་ཞིག་བསྲེས་ཏེ་རྩ་ཆེ་རབ་རྩལ་ཡོད་མདོག་བསྟན་ནས་རང་མགོ་རང་གིས་གཡོག་ན་ཅི་ཕན།

  4. འཕྲུལ་གྱི་བཙན་པོ། says:
    2016-09-17 at 11:06 am

    རྗེས་སུ་ཡི་རངས་ཡོད།མགྱོགས་ནས་མྱུར་དུ་དེབ་དེ་དག་ཀློག་ཐུབ་རེ་བ་ཡོད།

  5. ལྷ་སྒང་ཆོས་གྲགས། says:
    2016-09-19 at 12:41 am

    མང་པོ་ཞིག་གིས་བཙན་བྱོལ་ནང་དུ་བོད་ཕྲུག་ཚོའི་བོད་པའི་སྐད་ཡིག་ཡར་རྒྱས་མི་འགྲོ་བའི་རྒྱུ་རྐྱེན་གཙོ་ཆེ་ཤོས་ཤིག་ནི། བོད་སྐད་ནང་དུ་བཀླག་རྒྱུའི་དཔེ་དེབ་ཉུང་བས་ཡིན་པར་འདོད་མཁན་ཡོད་སྲིད་ཀྱང་། དོན་དངོས་ཀྱི་རྒྱུ་རྐྱེན་ནི་དེ་མིན་པར། སློབ་ཕྲུག་ཚོར་སློབ་དེབ་ཤོག་གྲངས་ཁ་ཤས་ཤིག་ལས་སྤྲོས་པའི་དཔེ་དེབ་གཞན་གང་ཡང་ཀློག་འདོད་ཀྱི་འདུན་པ་མེད་པས་རེད། དེ་ནི་དཔེ་དེབ་ཀློག་པའི་གོམས་གཤིས་དང་དཔེ་དེབ་ཟེར་བ་དེ་བཀླག་རྒྱུ་ཞིག་ཡིན་པའི་འདུ་ཤེས་སོགས་མེད་པས་རེད། དེ་ཡང་ཡིན་ཏེ། ཁོ་ཚོ་ཕལ་ཆེ་བའི་ཨིན་ཧིན་སོགས་ཀྱི་འབྲི་ཀློག་ཆུ་ཚད་ལ་བལྟས་ནའང་། ལས་སླ་པོས་ཤེས་ནུས་པ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme