Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་དབྱིངས་སྐྱིད་ཀྱི་འཛུམ་མདངས་དང་རྒྱུག་རྩལ་གླེང་བ།

Posted on 2016-08-202016-08-20 By ཁ་བརྡ 10 Comments on ཆོས་དབྱིངས་སྐྱིད་ཀྱི་འཛུམ་མདངས་དང་རྒྱུག་རྩལ་གླེང་བ།

e43493a4-67c8-44b3-8bda-1cd31d727000ཤེད་བུ།

 

རྒྱ་ནག་ལ་མཚོན་ན། ཨོ་ལིམ་པིག་གི་རྩེད་འགྲན་འདིར་དོ་དབྱིངས་ཆེན་པོ་བྱེད་ཀྱིན་ཡོད་ལ། གྲུབ་འབྲས་ཡང་ཆེན་པོ་ཐོབ་ཡོད། ཨོ་ལིམ་པིག་ནི་རྒྱ་ནག་དང་ཨ་རི་གཉིས་ཀྱིས་གསེར་དངུལ་ཟངས་གསུམ་གྱི་རྟགས་མའི་གྲངས་འབོར་ངོམ་རེས་བྱེད་ས་ཞིག་ཡིན། རྒྱ་ནག་གིས་ཨ་རིར་འགྲན་སློང་བའི་རྨི་ལམ་འཇགས་མ་མྱོང་ནའང་དཔལ་འབྱོར་དང་དམག་དོན། ལག་རྩལ་དང་ཆ་འཕྲིན་གང་ཅིའི་ཐད་ནས་རྨི་ལམ་ཙམ་གྱི་ངོ་བོར་ལྷག་ཡོད། ཡིན་ནའང་། གཞུང་ལམ་དང་ཁང་བརྩེགས། ཨོ་ལིམ་པིག་གི་བྱ་དགའི་གྲངས་འབོར་འགྲན་རྩོད་སྟེང་ནས་ཨ་རིར་འགྲན་ཡར་སླེབས་ཐུབ་པའི་རེ་བ་ཡོད་པ་ཡིན་ལ། རྒྱ་ནག་གིས་ཀྱང་དེའི་ཐད་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་བྱེད་ཀྱིན་ཡོད། རྒྱུ་རྐྱེན་དེའི་དབང་གིས་ད་ལོ་བོད་ཀྱི་ལུས་རྩལ་བ་གཉིས་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་ཐུབ་ཡོད།

ལུས་རྩལ་བ་གཉིས་བོ་གང་ཡིན་ཡང་གསེར་དངུལ་ཟངས་གསུམ་གང་རུང་གི་རྟགས་མ་ལེན་པར་རྒྱ་ནག་ལ་གདེང་ཚོད་ཡོད་པ་ཡིན། དེའི་གདེང་ཚོད་མེད་ན་རེ་བ་ཆེན་པོ་ཡོད་ཙམ་གྱིས་ཀྱང་རྒྱ་ནག་གིས་འཛམ་གླིང་ལུས་རྩལ་འགྲན་ཚོགས་འདིའི་ནང་བོད་དང་ཡུ་གུར་བ་ཞིག་གཏོང་མི་སྲིད་པ་ཡིན། རྒྱུ་མཚན་ཧ་ཅང་སླ་སྟེ་རྒྱལ་ཁབ་གང་སར་ཁྱབ་པའི་བོད་པ་དང་ཡུ་གར་བ་ཚོས་ཀྱང་དར་ཆ་ཕྱར་ནས་རྩེད་འགྲན་དེ་རུ་རྒྱབ་སྐྱོར་བྱེད་པར་ཡོང་བ་ཡིན་ལ། སྣང་ཚུལ་དེ་རྒྱ་ནག་གིས་གཏན་ནས་མཐོང་མི་འདོད་པ་ཞིག་ཡིན། ཡིན་ནའང་། རྟགས་མ་དེ་གསུམ་གང་རུང་རེ་ལེན་ཐུབ་སོང་ན་དེ་ལུགས་མཚན་སྙན་ཡོང་གི་ཡོད་པས་མཚན་སྙན་དེ་འདེམས་ཀྱིན་ཡོད།

བོད་ཀྱི་ལུས་རྩལ་བའི་ནང་གྲུབ་འབྲས་མངོན་གསལ་ཐོན་ཡོད་མཁན་ཧ་ཅང་མང་མོད། རྒྱ་ནག་ལ་གདེང་ཚོད་དེ་མེད་པས་ཨོ་ལིམ་པིག་འགྲན་ཚོགས་ནང་གཏོང་གི་མེད། དཔེར་ན། ཤི་ལོག་སྒྲོལ་མ་ཡིན་ན་རྒྱ་ནག་ལས་བརྒལ་ཏེ་ཨེ་ཤ་ཡའི་ནང་དུ་གྲགས་སྐད་ཅན་གྱི་ལུས་རྩལ་བ་ཞིག་ཡིན། སྤྱི་ལོ་ ༢༠༡༣ ཟླ་༩ ཚེས་ ༨ ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག སྤྱི་རྒྱ་ ༦༣ པའི་གྱད་རྩལ་འཇུ་རེས་ཀྱི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད།

སྤྱི་ལོ་ ༢༠༡༡ ལོར་ཊར་ཀི་(Turkey) ནང་སྐོང་ཚོགས་བྱས་པའི་འཛམ་གླིང་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་སྤྱི་རྒྱ་ ༦༧ པའི་གྱད་རྩལ་འཇུ་རེས་འགྲན་སྡུར་དང་། འདི་ལོའི་ཕྱི་ཟླ ༤ པའི་ནང་རྒྱ་གར་དུ་ཚོགས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་ལས་ཨང་དང་པོ་ཐོབ་ཡོད།

སྤྱི་ལོ་ ༢༠༡༥ ཟླ་༥ ཚེས་ ༦ ནས་ཚེས་ ༡༠ ཉིན་བར་ཨཱ་རབ་ཀྱི་རྒྱལ་ཁབ་ཁ་ཐར་(Qater)གྱི་རྒྱལ་ས་(Doha)ཌོལ་ཧཱ་ནས་ཨེ་ཤ་ཡའི་བུད་མེད་རང་དབང་གྱད་རྩལ་འཇུ་རེས་འགྲན་བསྡུར་ཚོགས་པའི་སྟེང་། སྤྱི་རྒྱ་ ༦༣ ཅན་གྱི་གྱད་རྩལ་འགྲན་བསྡུར་ལས་ཨང་དང་པོ་གསེར་གྱི་རྟགས་མ་བླངས་ཡོད།

༢༠༡༣ ལོའི་ཟླ་ ༤ ཚེས་ ༢༡ ཉིན། རྒྱ་གར་དུ་ཚོགས་པའི་གླང་ཆེན་ཨེ་ཤ་ཡའི་རང་དབང་གི་གྱད་རྩལ་འཇུ་རེས་གཟེངས་ཐོན་རྩལ་འགྲན་སྟེང་སྤྱི་རྒྱ་ ༦༣ ཡོད་པའི་བུད་མེད་འགྲན་བསྡུར་ལས་ཨང་དང་པོ་གསེར་གྱི་རྟགས་མ་བླངས།

༢༠༡༤ ལོའི་ཟླ་ ༣ ཚེས་ ༡༦ ཉིན། ཉི་ཧོང་རྒྱལ་ས་ཏུང་ཅིན་དུ་ཚོགས་པའི་འཛམ་གླིང་བུམ་པའི་སྐྱེས་མའི་རང་དབང་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་སྤྱི་རྒྱ་ ༦༣ ཡོད་པའི་བུད་མེད་འགྲན་བསྡུར་ལས་ཨང་གསུམ་པ་ཟངས་ཀྱི་རྟགས་མ་བཅས་བླངས་ཡོད།

༢༠༡༤ ཟླ་ ༩ ཚེས་ ༡༩ ཉིན། ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨིན་ཆེན་(Incheon)ནང་ཚོགས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་(Incheon Asian Games 4014 )ཞེས་པའི་སྟེང་། སྤྱི་རྒྱ་ ༦༣ ཡོད་པའི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག

དེ་ནས་མཚོ་མོ་སྐྱིད་ཡིན་ན་རྒྱ་ནག་རྒྱལ་ཡོང་ནས་གསེར་གྱི་རྟགས་མ་ཐོབ་པའི་ལུས་རྩལ་བ་ཞིག་ཡིན།    ཟླ་ ༩ པའི་ཚེས་ ༡༡ ཉིན་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྐྱེས་མའི་སྨི་ ༡༠༠༠༠ ཡི་འགྲན་བསྡུར་མཇུག་རྫོགས་པ་དང་། ལོ་ན་ ༢༡ ཡིན་པའི་མཚོ་མོ་སྐྱིད་ཀྱིས་སྐར་མ་ ༣༡ དང་སྐར་ཆ་ ༥༥ :༦༦ གི་གྲུབ་འབྲས་བརྟེན་ནས་གསེར་གྱི་རྟགས་མ་བླངས་ཏེ་མཚོ་སྔོན་གྱི་ཟིན་ཐོ་གཏོར། རྨིད་༥༠༠༠ བུད་མེད་འགྲན་རྒྱུག་ལས་ཀྱང་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེའི་སྟེང་དངུལ་གྱི་རྟགས་མ་བླངས་ཡོད།

ལུས་རྩལ་བ་དབང་རྒྱལ་ལ་མཚོན་ནའང་། རྒྱ་ནག་རྒྱལ་ཡོངས་ཁུང་ལུང་རྟགས་མའི་ཆེད་ལས་རང་བཞིན་གྱི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་རྟིང་རྩོད་འགྲན་ཐེངས་བརྒྱད་པ་དང་། མཚོ་སྔོན་ཟི་ལིང་འགྲན་ཚོགས་ཀྱི་ཁུ་ཚུར་གཞུ་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཚོགས་ཏེ། སྤྱི་ལོ་༢༠༡༤ ལོའི་ཟླ་ ༨ ཚེས་༢༤ ཉིན་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་དུ་མཇུག་སྒྲིལ་ཡོད་ལ། སྐབས་དེའི་འགྲན་བསྡུར་ཐོག་ཧྥ་རན་སི་དང་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་གཙོས་པའི་རྒྱལ་ཁབ་༩ ལྷག་གི་ཁུ་ཚུར་གཞུ་རྩལ་བ་མཉམ་ཞུགས་གནང་ཡོད་པ་དང་། ཟི་ལིང་འགྲན་ཁུལ་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་གཞུ་རྩལ་བ་དབང་རྒྱལ་ལགས་སྤྱི་རྒྱ་ ༩༥ ཡི་ཤུགས་ཚད་ཡོད་པའི་འགྲན་བསྡུར་ཁྲོད་ཁ་གཏད་དག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་ཐོབ་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཁུང་ལུང་རྟགས་མའི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་ཁྲོད་ཀྱི་གསེར་གྱི་རྟགས་མ་ཐོབ་ཡོད།

འདི་འདྲའི་ལུས་རྩལ་བ་རེ་བ་ཅན་མང་པོ་ཡོད་མོད་གཅིག་ཀྱང་བཏང་མེད་པ་ནི། རྒྱ་ནག་ལ་གདེང་ཚོད་མ་རྙེད་པས་ཡིན།

ཨོ་ལིམ་པིག་གི་ལས་རྩལ་འགྲན་ཚོགས་འདི་རྒྱལ་སྤྱིའི་ཅིག་ཅིག་ཟེར་བ་དག་དང་མི་འདྲ་བར་འདི་ནི་རྒྱལ་ཁབ་སོ་སོའི་གཟི་བརྗིད་ངོམ་ས་དང་མཚན་མཐོང་བཙལ་ས་ཞིག་ཡིན། ན་ནིང་ཆོས་དབྱིངས་སྐྱིད་ཞུགས་སྐབས་ཆོས་དབྱིངས་སྐྱིད་ལ་རྒྱབ་སྐྱོར་བ་གཉིས་ཐོན་ཡོད། རིགས་གཉིས་ཀྱིས་རྒྱལ་དར་མི་འདྲ་བ་རེ་འཕྱར་ནས་འབོད་ཚིག་གཅིག་བསྒྲགས་ཡོད། དེ་ལ་བོད་སྐད་དུ་”ཆོས་དབྱིངས་སྐྱིད། ཧྲ་ལ་བྱོས། “ཞེས་པ་དང་། རྒྱ་སྐད་དུ་”切洋吉加油 “ཞེས་པ་དེ་རེད། སྐབས་འདིར་BBCགསར་ཁང་གིས། རྒྱལ་དར་དམར་པོ་དང་སེང་གེ་ཅན་འཛིན་མཁན་འདི་གཉིས་ཁ་གཏད་ནས་འཐབ་རྩོད་བྱེད་རྒྱུ་ལས་འདི་གཉིས་ཀྱི་ཐུན་མོང་གིས་གཞི་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཡོང་མི་སྲིད་པ་ཞིག་ཡིན། ཡིན་ནའང་། དེ་རིང་ཁོ་གཉིས་ཀྱིས་བུ་མོ་གཅིག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅེས་བསྒྲགས་ཡོད།

འགྲན་རྩོད་ཀྱི་རྒྱུག་སྐོར་ཐ་མའི་སྐབས་སུ་ལུས་རྩལ་བ་ཡོད་ཚད་ངལ་བས་གདུང་ཞིང་ཐོབ་ཤོར་གྱི་ཧམ་པས་དེད་ནས། གདོང་གི་མདངས་ཡལ་ཞིང་ལུས་ཀྱི་ཐང་ཆད་ཡོད་ནའང་ཆོས་དབྱིངས་སྐྱིད་ཀྱིས་རྒྱུག་སྐོར་ཐ་མ་དེ་འཛུམ་མདངས་ཀྱིས་བསྐྱལ་ནས་བོད་པའི་མི་གཤིས་ཀྱི་བླ་ངོམ་ཡོད་ལ། སྣང་ཚུལ་དེར་དཔྱད་བརྗོད་པ་གང་མང་ཞིག་ཧང་སངས་ཤིང་། ནུབ་ཕྱོགས་མཚན་ཉིད་རིག་པའི་མེས་པོ་དག་གིས་མི་ཡི་མཚན་ཉིད་ལ་རྣམ་དཔྱོད་རྒྱུད་ལྡན། ཤར་ཕྱོགས་པ་དག་གིས་སྨྲ་ཤེས་ཤིང་དོན་གོ་བ་ལས་གཞན་དུ་སྟོན་པ་ཏཱ་ལའི་བླ་མས་”མི་ཡི་མཚན་ཉིད་ལ་འཛུམ་མདངས་ལྡན་པ་”བཞག་པར་དགོས་དམིགས་དམིགས་བསལ་བ་དང་། དཔེ་མཚོན་རང་བཞིན་གྱིས་ངོས་འཛིན་ཐོབ་ཡོད།

སྐབས་དེར་ཆོས་དབྱིངས་སྐྱིད་ཀྱིས་གསར་འགོད་པར་”ན་ནིང་གི་ཟླ་བཅུ་གཅིག་པར་ངའི་རྐང་པར་རྨས་ཕོག་ནས། རེབ་འདིའི་འགྲན་བསྡུར་ཁྲོད་ནུས་པ་ཡོད་ཚད་འདོན་མ་ཐུབ་པར་བྱ་དགའ་ཨང་དང་པོ་ལེན་མ་ཐུབ་མོད། ཡིན་ནའང་ཕྱིན་ཆད་ངས་ད་རུང་མུ་མཐུད་དུ་སྦྱོར་བརྡར་བྱས་ནས། ཉིས་སྟོང་བཅུ་དྲུག་ལོའི་པཱ་ཞི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཏེ། རང་གི་ཆེས་བཟང་བོའི་ནུས་པ་འདོན་རྒྱུ་ཡིན་”ཞེས་བསྒྲགས་ཡོད། སྐད་ཆ་འདིའི་ནང་དུ་ཆོས་དབྱིངས་སྐྱིད་གདེང་ཚོད་དང་སྙིང་སྟོབས། རེ་བ་བཅས་འདུས་ཡོད། ད་དུང་ལོ་དེའི་ལྟད་མོ་བ་རྣམས་ལ་ད་དུང་རྨིད་བཞི་བརྒྱ་ལྔ་བརྒྱ་ཙམ་ལ་རྒྱུག་དགོས་བྱུང་ན་ཆོས་དབྱིངས་སྐྱིད་ཀྱིས་གསེར་གྱི་རྟགས་མ་ལེན་ངེས་ཀྱི་སྣང་ཚུལ་ཞིག་སྤྲད་ཡོད།

ཁ་སང་མོས་”ངས་འགྲན་བསྡུར་འདིའི་ཆེད་དུ་སྟོབས་ཤུགས་ཡོད་ཚད་འདོན་རྒྱུ་ཡིན་པས། བགེགས་དང་བར་ཆད་མི་འབྱུང་བར་ཤོག་”ཅེས་བསྒྲགས་ཡོད། འདིའི་ནང་དུ་ཆོས་དབྱིངས་སྐྱིད་ཀྱིས་ཡོད་ཚད་ནས་ཡོད་ཚད་བཤད་འདུག བཀའ་དྲིན་ཆེ། ཆོས་དབྱིངས་སྐྱིད། ཚིག་འདིས་ངའི་ངག་ལྐུགས་པར་བྱས་སོང་། མགྲིན་པ་བརྣང་བར་བྱས་སོང་།

ད་ལོར་ཁྱོད་ཨོ་ལིམ་པིག་གི་རྩེད་འགྲན་པར་བདམས་ཐོན་བྱུང་བ་གསལ་བསྒྲགས་སྐབས། མི་ལ་ལས་བུད་མེད་ལ་ཟླ་མཚན་འབབ་པ་སོགས་ན་རྒྱུ་མང་བས་ད་ཁྱོད་མ་ཞུགས་ཨ་ཅེ་ལོ་ལོ། ཁྱོད་ཀྱི་གྲུབ་འབྲས་མར་ཟགས་པའི་སྣང་བརྙན་དེ་ངས་སེམས་ཀྱིས་མི་བཟོད་ཀི་ཟེར་གྱིན་འདུག་མོད། དེ་དག་གིས་ཁྱོད་ཀྱི་སྐད་ཆ་སྔ་ཕྱི་འདི་དག་ལ་འདང་བརྒྱབ་མྱོང་ཨེ་ཡོད་དམ། ཁྱོད་ཀྱི་སེམས་ཚོར་ལ་འདང་བརྒྱབ་མྱོང་ཨེ་ཡོད་སྙམ་གྱིན་གདའ། གང་ལྟར་ཁྱོད་ཀྱིས་”མཇུག་འབྲས་ཅི་འདྲ་བྱུང་ཡང་ང་ལ་དུས་རྒྱུན་རྒྱབ་སྐྱོར་བྱེད་མཁན་དང་ང་ལ་དགའ་མཁན་ཚོར་བློ་ཕམ་མི་འབྱུང་བར་སྨོན། འདི་ངས་ཁྱོད་ཚོར་བཏོན་པའི་རེ་བ་ཡིན་”ཞེས་བསྒྲགས་པ་བཞིན། ངས་ཁྱོད་ཀྱི་རྒྱལ་ཕམ་ལ་བསྒུག་མེད་པར་གར་སྟེགས་སྟེང་གི་ཁྱོད་ཀྱི་འཛུམ་མདངས་ལ་བསྒུག་ཡོད། ཁྱོད་ཀྱི་འཛུམ་མདངས་ཁོ་ནས་མི་རྣམས་ལ་བསམ་གཞིག་རེ་བྱིན་ཡོད། བསམ་གཞིག་ཟབ་མོ་ཅན་དག་གིས་ཁྱོད་ཀྱི་འཛུམ་མདངས་ཀྱི་འབྱུང་ཁུངས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དཔལ་ཡོན་ལས་བཙལ་གྱིན་ཡོད་ལ། ནང་བའི་ལྟ་གྲུབ་ཀྱང་སྔོག་གིན་ཡོད། གོང་ས་མཆོག་གིས་མི་ཚེའི་བདེ་སྐྱིད་དང་དོན་སྙིང་གི་ཐད་ནས་འགྲོ་བ་མི་རྣམས་ལ་ལམ་སྟོན་བྱས་པ་དེར་ཁྱོད་གསོན་དཔེ་བསྐྲུན་གྱིན་ཡོད། མི་ཚང་མ་ལ་རྒྱལ་ཕམ་ལས་རིན་ཐང་གཙོ་བའི་འདུ་ཤེས་ཤིག་བག་ལ་ཉལ་ནས་ཡོད། ཁ་སང་རྒྱུག་འགྲན་སྐབས་ཤིག་ལ་བུ་མོ་གཉིས་བརྡབ་སྐྱོན་བྱུང་རྗེས་ཕན་ཚུན་ལ་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་བྱེད་རེས་ཀྱི་རྣམ་པ་དེས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་བཞིན་ན་ནིང་ཁྱོད་ཀྱིས་མི་རྣམས་ཀྱི་ཡིད་རབ་འཕྲོག་ཡོད། ད་ལོར་ཡང་ངས་དེ་ལ་སྒུག་པར་འདོད།

འདི་ལྟར་ཕྱོགས་བསྡོམས་ཤིག་བྱས་ན། ཁྱོད་གར་སྟེགས་དེར་ཕེབས་པ་ཙམ་གྱི་རིན་ཐང་རྫོགས་མཐའ་མེད་ལ། ད་ལོའི་ཨོ་ལིམ་པིག་གི་བུད་མེད་འདུར་རྒྱུག་གི་གསེར་གྱི་རྟགས་མ་ཁྱོད་ཀྱི་དབུ་རྒྱན་ཁོ་ནར་ལྡིང་སྐོར་བྱེད་ཀྱིན་གདའ། འདི་ལྟར་ངས་ད་ལོར་ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་པར་བརྩེ་བའི་དྲ་གྲོགས་ཚོར་རྒྱན་འཇོག་བྱེད་ཀྱི་ཡིན།

སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠། དུས་ཚོད་༤: ༢༠སྟེང་ཕེ་རེ་སིར།

བསམ་ཚུལ།

Post navigation

Previous Post: གསང་དོན་ཕྱི་ལ་བསྒྲགས་པའི་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ནང་དོན་འཁོད་ཡིག
Next Post: སེམས་མ་སྡུག

Comments (10) on “ཆོས་དབྱིངས་སྐྱིད་ཀྱི་འཛུམ་མདངས་དང་རྒྱུག་རྩལ་གླེང་བ།”

  1. གཡག་རྒོད says:
    2016-08-20 at 4:29 am

    ཁ་བརྡ་དྲ་སྟེང་ན་རྩོམ་ཡིག་མགོ་མཇུག་ཚང་བ་འདི་འདྲ་མཐོང་དཀོན་ཙམ་ཡོད། མཆན་ནག་རེ་མ་གཏོགས་འབྲི་མི་ཤེས་བའི་གྲ་ལོག་དང་བླ་རྒན་དག་གིས་ཐེངས་གཅིག་གཟིགས་དང་བློ་བསྐྱེད་རེ་འབྱུང་བར་ཐེ་ཚོམས་མེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-08-20 at 6:14 am

    ལུས་རྩལ་བ་གཉིས་བོ་་་་་ མ་རེད། ལུས་རྩལ་བ་གཉིས་པོ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-08-20 at 6:20 am

    ་་་་་་ འདི་འདྲའི་ལུས་རྩལ་བ་རེ་བ་ཅན་མང་པོ་ཡོད་མོད་གཅིག་ཀྱང་བཏང་མེད་པ་ནི། རྒྱ་ནག་ལ་གདེང་ཚོད་མ་རྙེད་པས་ཡིན། ་་་་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-08-20 at 6:21 am

    སྔར་ཨང་དང་པོ་ལོན་སར། ད་ལོ་ཨང་ལྔ་པ་ཙམ་ལས་ཐོབ་མེད། དེ་ཡང་དགའ་བསུ་ཞུའོ།། །།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-20 at 10:00 am

    རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་
    ནས་བོད་པ་དང་ཡུ་གུར་མི་རིགས་རྩེད་མགྲན་ནང་
    གཏོང་གི་ཡོད་པ་ལས་བོད་མི་རིགས་དང་ཡུ་གུར་མི་
    རིགས་ལ་དགའ་ནས་རྩེད་མགྲན་ནང་བཏང་བ་ཞིག་ཨ་ཡིན་ནམ་?

  6. དཔའ་ཆེན་དོན་གྲུབ་ says:
    2016-08-20 at 11:40 am

    དཔྱད་ཞིབ་ཡག་པོ་བྲིས་འདུག ཀློག་རིན་ཡོད་པ་ཞིག

  7. དབང་ཕྱུག་ says:
    2016-08-21 at 3:51 pm

    ལེགས་སོ་ཞུ།

  8. རིང་བློ་ལྡན says:
    2016-08-23 at 11:04 pm

    འོད་རྩལ་སྟེང་གི་བོད་ཡིག་ནི་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་གཉིས་ཀྱི་བཀའ་དྲིན་མིན་ན་ཡང་།གང་ལྟར་བོད་པ་རང་གིས་བདག་བཟུང་བྱས་ན་འགྲིག འོད་རྩལ་བོད་ཡིག་འབྲུག་པ་ཚོར་ལ་གཏན་ནས་འབྲེལ་བ་མེད།གང་ལྟར་ལུས་རྩལ་ཁོང་གཉིས་ལ་རྟེན་འབྲེལ་ཞུ། དཀའ་ལས་མྱོང་སོང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-08-24 at 12:00 am

    ཡང་འདིར་ཅིག་ཆད་འདུག ལུས་རྩལ་པ་གཉིས་པོ། འདིར་པ་དང་པོ་ལས། བ་དང་བོ་མི་འཇུག

  10. ཚ་བའི་མེ་ལྕེ says:
    2016-08-24 at 2:42 am

    གྲོགས་ཤེད་བུ་ལགས་ཀྱི་ལོ་ཤས་སྔོན་ནས་རྩོམ་ཡིག་བཀླག་སྐལ་མ་བྱུང་ལ་དེ་དང་འབྲེལ་བའི་སྟེང་་ནས་མཆན་འགོད་པའི་དུས་ཀྱང་གཏན་ནས་མ་བྱུང་བས་དེ་བས་སྐུ་ཉིད་ལ་དགའ་བསུ་ཞུ་ན་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme