Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལི་ཐང་དུ་བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་ཐུབ་བམ།

Posted on 2016-08-082016-08-08 By ཁ་བརྡ་ 3 Comments on ལི་ཐང་དུ་བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་ཐུབ་བམ།

དཔྱད་བརྗོད་པ། སེར་སྨད་བློ་དགའ།

 
ལི་ཐང་གི་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱིས། ཕྱི་ལོ་༢༠༠༧/༨/༡ ཉིན། བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་ཤུགས་ཆེར་བྱས་པས་ཁོང་འཕྲལ་དུ་འཛིན་བཟུང་བྱས་པ་དང་། དེ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་བརྒྱད་ཀྱི་རིང་ས་གནས་དེར་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩིའི་རྟ་རྒྱུག་འདུ་འཛོམས་དེ་ཚོགས་ཐུབ་མེད་པ་རེད། དེ་སྔ་དུས་ཆེན་དེ་ལི་ཐང་གྲོང་འདབ་ཀྱི་མདོ་སྡེ་ཐང་ཞེས་པའི་སྤང་ཐང་དེར་འདུ་འཛོམས་བྱེད་ཀྱི་ཡོད་ཀྱང་། ད་ལོ་དུས་ཆེན་དེ་བསྐྱར་གསོའི་ཆེད་ལི་ཐང་འཐིལ་ནས་ལེ་དབར་ ༥༠ ལྷག་སར་ཡོད་པའི་འབུམ་ཡག་ཐང་། ཞེས་པའི་འབྲོག་ས་དེར་དུས་ཆེན་སྲུང་བརྩི་ཡི་རྟ་རྒྱུག་འདུ་འཛོམས་ཤིག་བསྡུས་ཡོད། འོན་ཀྱང་ལས་འགུལ་དེར་རྒྱའི་འདོད་པ་ཁེངས་མེད་པ་རེད།

རྒྱ་ལ་དགོས་པ་དེ། གུང་ཁྲན་ཏང་གིས་རྒྱ་ནག་གི་སྲིད་དབང་རྒྱུན་སྐྱོང་བྱ་ཐུབ་པ་དང་དྲག་པོས་གཅིག་བསྡུད་བྱ་ཐུབ་པ། དེ་མཚུངས་བོད་ཀྱི་གནད་དོན་ཡང་དུས་ཡུན་ཐུང་ངུའི་ནང་གྲགས་མེད་འགུལ་མེད་བཟོ་ཐུབ་པ་བྱ་རྒྱུ་དེ་རེད། དེར་བརྟེན་བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་ཐུབ་པ་བྱ་རྒྱུ་ཡང་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། བོད་ཕྱོགས་ནས་ཉེ་བའི་ལོ་ཤས་ནས་གུང་ཁྲན་གྱིས་བོད་ལ་གཅིག་འོག་གཅིག་གནོན་དང་དྲག་པོས་ཐོབ་ཐང་བཙན་འཕྲོག་བྱས་པ་སོགས་ཀྱིས་དབང་གིས། གོ་ཚོད་ལྟར་ན་ལི་ཐང་དང་དེའི་ཉེ་འགྲམ། དཔེར་ན། ལི་ཐང་རྫོང་དུ་བོད་མི་ ༤༦༤༠༥། ཉག་ཆུ་རྫོང་དུ་བོད་མི་ ༣༧༨༧༧ ། འབའ་རྫོང་དུ་བོད་མི་ ༤༡༨༠༢ ། ཉག་རོང་རྫོང་དུ་བོད་མི་ ༣༨༢༧༧ ། རྟའུ་རྫོང་དུ་བོད་མི་ ༤༠༩༢༠ ། ཡོད་པ་སོགས་ས་གནས་དང་ཉེ་འཁོར་བོད་མི་རྣམས་ཆབ་སྲིད་ཀྱི་ཐད་ནས་ཡོངས་སུ་གཉིད་སད་པ་མ་ཟད་མགོ་བོ་ཡང་ཕྲན་བུ་བཀྱག་ཡོད་པའི་ཐོག ལྷག་པར་ན་གཞོན་ཚོའི་ཀླད་པའི་སྒུལ་སྐྱོད་ཤུགས་ཆེ་རུ་སོང་བའི་རྒྱུ་མཚན་བཅས་ལ་བརྟེན་ནས་མི་ལོ་ཧྲིལ་པོ་བརྒྱད་ཀྱི་རིང་དམག་གི་དུས་ཆེན་དེ་བསྐྱར་གསོ་བྱེད་བཅུག་མེད་པ་རེད། དེར་བརྟེན་བརྒྱད་གཅིག་དམག་གི་དུས་ཆེན་དེ་མུ་མཐུད་སྲུང་བརྩི་ཐུབ་མིན་དེའང་རྒྱ་ཕྱོགས་ནས་དངུལ་གྱི་སྟོབས་ཤུགས་དང་གོ་གནས་བེད་སྤྱོད་གཏོང་སྟངས། བོད་ཀྱི་ཕྱོགས་ནས་གནས་ཚུལ་གྱི་གོ་རྟོགས་དང་ལ་རྒྱའི་སྙིང་སྟོབས་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད།

unnamed-11ལི་ཐང་དུ་ད་ལོའི་དམག་གི་དུས་ཆེན་སྲུང་བརྩི་བྱས་པའི་ཉེ་བའི་དུས་ཚོད་ནང་ལི་ཐང་གི་གནས་ཚུལ་འདྲ་བའི་གསར་འགྱུར་མང་པོ་ཞིག་རྒྱ་ནག་གུང་ཁྲན་ཏང་གི་དྲྭ་ཚིགས་ནང་ཐད་ཀར་བཞག་ཡོད་པ། དཔེར་ན། ༢༠༡༦/༧/༢༨ ཉིན་གྱི་འབའ་ཐང་རྩྭ་ཐང་གི་སྐྱ་རྩལ་འགྲན་བསྡུར་དང་། ༧/༣༠ ཉིན་གྱི་ཁམས་སེར་ཤུལ་སྦྲ་གུར་དུས་ཆེན། ༧/༣༠ ཉིན་གྱི་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར། ༧/༣༠ ཉིན་གྱི་མཚོ་སྔོན་མགོ་ལོག་གི་བྱིས་པའི་སྒྱུ་རྩལ་ཟློས་གར། ༨/༡ ཉིན་གྱི་“བརྒྱད་གཅིག” དམག་བཙུགས་དུས་ཆེན་སྲུང་བརྩིའི་ཆེད་ཧྲང་ཧའེ་གླུ་གར་ཁང་གི་ཟློས་གར་འཁྲབ་སྟོན། བཅས་གུང་ཁྲན་ཏང་གི་དྲྭ་རྒྱའི་གསར་འགྱུར་སོགས་སུ་ཆེད་གཏོང་བྱས་ཀྱང་། ལི་ཐང་ནས་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩི་བྱས་པ་དེ་བརྒྱུད་ལམ་དེ་དག་ནང་ཆེད་དུ་མ་བཏང་བ་རེད། འོན་ཀྱང་རྒྱལ་ནང་གི་གསར་འགྱུར་ཆུང་ཁག་ཏུ་གནས་ཚུལ་དེ་བཏང་བཅུག་ནས་དེའི་བརྙན་ཐུང་རེ་ཟུང་སྤྱི་ཚོགས་དྲ་ལམ་དུ་གཏོང་ཙམ་གཏོང་ཙམ་བྱས་པ་རེད།

དེས་གནད་དོན་ག་རེ་མཚོན་ཡོད་ཟེར་ན། གཅིག་ནི། ད་ལོའི་རྟ་རྒྱུག་དུས་ཆེན་སྲུང་བརྩི་བྱས་པ་དེས་ས་གནས་མི་མང་གི་མངོན་འདོད་ཚོད་ལྟ་བྱས་པའམ་སྤྱི་ཡོངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཞིག་ཡིན། གཉིས་ནི། རྫོང་གི་ལས་བྱེད་ཚོས་དབུས་གཞུང་ལ་ལས་དོན་དེའི་ཐད་གཞུང་དོན་ཧུར་བསྐྱེད་བྱེད་ཀྱི་ཡོད་པའི་བརྡ་ལན་ཙམ་གཏོང་བའི་ཆེད་དུ་ཡིན། གསུམ་ནི། དབུས་གཞུང་གི་ཆོག་མཆན་མེད་པར་ལས་དོན་དེ་རྩོམ་མི་སྲིད་པས་རྒྱའི་ཕུགས་རེ་ལྟར་བསྐྱར་གསོ་བྱེད་མ་ཐུབ་པར་བརྟེན་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཕྱིར་མངོན་པ་ཞིག་རེད། བཞི་ནི། གསར་འགྱུར་ཆུང་ཁག་ཏུ་གཏོང་བཅུག་པ་ནི་ཕྱིའི་རྣམ་པ་ཙམ་འགྲེམས་སྟོན་བྱས་པ་དང་མང་ཚོགས་ནང་དེ་འབྲེལ་གྱི་གནད་དོན་ཇི་ཡོང་ལྟ་རྟོགས་བྱ་ཆེད་བེད་སྤྱོད་པ་ཙམ་རེད།

དམག་གི་དུས་ཆེན་དེ་ལི་ཐང་རྫོང་གིས་ ༢༠༡༦/༧/༢༥ ནས་བཟུང་ཚེས་ ༣༡ བར། ཉིན་དྲུག་གི་རིང་གྲ་སྒྲིག་བྱས་ཏེ་ཕྱི་ཟླ་ ༨ ཚེས་ ༡/༢/༣ བཅས་ཉིན་གསུམ་རིང་ཚོགས་ཡོད། སྤྱིར་ལི་ཐང་རྫོང་གཅིག་ལ་ཡུལ་ཚོའམ་ཤང་ ༢༤ དང་། མི་གྲངས་ ༤༦༤༠༥ ཡོད་པ་རེད། རྫོང་གིས་ཇུས་འགོད་བྱེད་སྟངས་ཀྱི་ཆ་ནས། འབུམ་ཡག་ཐང་ལ་གཡོན་རུའི་ཧོར་རྙིང་སྡེ་པའི་དབྱར་སྐྱིད་རྟ་རྒྱུག་ཟིན་པ་དང་། ལི་ཐང་གཡོན་རུའི་ཁོངས་ནས་ཚེ་མགོན་དང་། དཔོན་སྐོར། ཧོར་རྙིང་། བདག་གཞུང་མ་བཅས་ཀྱི་ཡུལ་ཚོ་བཞིའམ་ཤང་བཞི་ལ་འབུམ་ཡག་ཐང་དུ་གུར་སྒར་བརྒྱབ་བཅུག་ནས། ཁྱོན་སྡོད་གུར་ ༢༠༠ ལྷག་དང་མི་གྲངས་ ༩༣༠༠ ལྷག་འཛོམས་ཡོད་པ་རེད། རྫོང་གི་ལས་ཁུངས་ ༡༨ ཀྱིས་སྡོད་གུར་ཕུབ་ནས་ལས་བྱེད་ཀྱི་ཕ་མ་དང་འབྲེལ་ཡོད་ཙམ་ཉར་ཆོག་པ་ལས་གཞན་དོ་དམ་བྱས། མི་གྲངས་ཀྱི་ཆ་ནས་བལྟས་ཡོང་དུས་ལོ་རྗེས་མར་བརྒྱད་གཅིག་དམག་གི་དུས་ཆེན་དེ་མུ་མཐུད་ནས་ཚུགས་མི་ཐུབ་པར་འགྲེལ་བཤད་བྱས་ཀྱང་འདྲ་པོ་ཡོད་པ་རེད།

unnamed-12

དེ་སྔ་ ༢༠༠༧ གྱི་གོང་ནས་རྟ་རྒྱུག་དུས་ཆེན་དེར་ལི་ཐང་རྫོང་རང་ཁོངས་ནས། ལི་ཐང་གྲོང་ཤོག་བརྒྱད། ལི་ཐང་དགོན་པ། མོ་ལ་སྟོད་སྨད་བར་གསུམ། འཇའ་བ། ཚོ་གསུམ། སྣ་བུ་སོགས་ཡུལ་ཚོའམ་ཤང་༢༤ དང་། ལི་ཐང་ཡུལ་མིའི་ཁོངས་ནས་མགོ་ལོག་དང་། ཨོ་ཐོག སྡེ་ཚ་སོགས་དང་། རྫོང་གཞན་པའི་ཁོངས་ནས་སྡེ་རོང་དང་འདབ་པ། ཆ་འཕྲེང་། འབའ་པ་སོགས་ནས་མི་སྣ་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། ད་ལན་དེའི་ཐད་ལི་ཐང་རྫོང་ནས་གོང་འཁོད་ལི་ཐང་གཡོན་རུའི་ཤང་བཞི་ཕུད་པས། དེའི་ལྷག་མ་ཡོངས་རྫོགས་དམག་གི་དུས་ཆེན་དེར་མཉམ་ཞུགས་བྱ་མི་ཆོག་པའི་དམ་དྲག་བཀག་འགོག་ནན་ཆེར་བྱས་འདུག

འདི་ནས་མཐོང་ཐུབ་པའི་གནས་ཚུལ་གསུམ་ཡོད་ལ། གཅིག་ནི། ལི་ཐང་རྫོང་གི་ཡུལ་ཚོ་ལྷག་མ་ཉི་ཤུ་དང་དགོན་སྡེ་ཁག ལི་ཐང་གི་ཡུལ་མི་ཁོངས་ཀྱི་ཡུལ་ཚོ་གཞན་པ་དང་། སྡེ་རོང་། འདབ་པ། ཆ་ཕྲེང་། འབའ་པ་སོགས་ཀྱི་བོད་མི་རྣམས་ལ་རྒྱ་ནག་གཞུང་དང་ལི་ཐང་རྫོང་གཉིས་ཀས་བརྡ་ལན་གང་འདྲ་ཞིག་སྤྲད་ཡོད་མེད་ཐད་འདི་ནས་འགྲེལ་བརྗོད་བྱ་མི་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། གཉིས་ནི། བོད་པ་ནང་ཁུལ་དུམ་བུར་བྱས་ནས་བེད་སྤྱོད་གཏོང་སྲོལ་ཡོད་པའི་གུང་ཁྲན་གྱི་སྲིད་ཇུས་དེ་བསྐྱར་དུ་འགྲེལ་བཤད་ཐེངས་གཅིག་བྱས་པ་དང་། གསུམ་ནི། ལི་ཐང་རྫོང་གི་རྒྱ་འབྲེལ་གནད་ཡོད་མི་སྣའི་ཀླད་པའི་ཆུ་ཚད་ཤིན་ཏུ་དམའ་པོ་ཡིན་པའི་གནད་དོན་གསལ་པོ་ཆགས་པ་དང་ཕྱོགས་མཚུངས། རྫོང་གི་དབང་ཡོད་མི་སྣ་བསྐོ་བཞག་བྱེད་སྟངས་ཀྱི་གནས་ཚུལ་ཡང་གཅིག་འཐེན་གཅིག་སྐྱོར་གྱི་ལམ་ལུགས་དེ་མུ་མཐུད་གནས་བཞིན་པར་ཁ་གསལ་གཏིང་གསལ་ཆགས་པ་རེད།

སྐབས་དེའི་རྩེད་མོའི་རིགས་ནི། གཙོ་བོ་རྟ་རྒྱུག་དང་། གཡག་རྒྱུག གླུ་ལེན་པ། བྲོ་འཆམ་པ། ཤད་ཤུགས་བསྡུར་བ་སོགས་སྣ་ཚོགས་ཤིག་གོ་སྒྲིག་བྱས་ཡོད་ཀྱང་། རྩེད་མོ་དངོས་གཞིའི་སྐབས་སུ་ཕྱོགས་བཞི་ནས་དམག་གིས་ལྟ་རྟོགས་ནན་པོ་བྱེད་པ་དང་ཕྱོགས་རེར་དམག་མི་བརྒྱ་སྐོར་ཙམ་ཡོད། གོས་ནག་ཅན་གྱི་དྲག་དམག་གིས་རང་སྲུང་ཡོ་བྱད་དང་གློག་གི་དབྱུག་པ་སོགས་ཁྱེར་ནས་ཡར་འགྲོ་མར་འགྲོ་བྱེད་པ་ཙམ་ལས། སྤྱི་ཡོངས་ཀྱི་ཆ་ནས་དམག་མིའི་རྣམ་འགྱུར་ཧ་ལས་པའི་ཞི་འཇམ་ལྟ་བུ་རེད་ཟེར། འོན་ཏེ་འབྲོག་པའི་སྦྲ་དང་སྡོད་གུར་སོགས་ཀྱི་རྩེ་མོར་དམག་གི་དར་ཆ་སྒྲེངས་འཛུགས་བྱ་དགོས་པའི་བཙན་བཀའ་གཏོང་མཁན་ད་ལོ་མི་འདུག་ཟེར།

unnamed-13

རྫོང་གིས་རྒྱང་གྲགས་ནས་དྲིལ་བསྒྲགས་བྱས་པ་ལྟར་ན། མི་ཉག་ར་རྔ་ཁ་ནས་དམག་མི་ ༨༠༠ སླེབས་ཡོད་པ་དང་དྲག་དམག་ ༢༠༠ ཡོད། ད་ལན་དམག་གི་དུས་ཆེན་འདིར་རྒྱག་རེས་བྱེད་མི་ཆོག སྡེ་ཤོག་ཕན་ཚུན་དབར་ཕན་ཚུན་དཀྲུགས་ཤིང་རྒྱག་མི་ཆོག སྡེ་པ་སོ་སོར་མིང་ངན་བཟོ་བའི་བྱ་བ་རྩོམ་མི་ཆོག དོ་བདག་སོ་སོ་ནས་གནས་ཚུལ་གང་བྱུང་མི་འབུད་པའི་འགན་ལེན་བྱ་དགོས། ཤོག་ཁའི་སྡེ་དཔོན་སོ་སོ་ལའང་འགན་ཆེན་པོ་ཡོད། རང་ཁོངས་ཀྱི་མི་གྲངས་དང་འགྲུལ་པ་མི་ངོ་ཤེས་པ་བྱ་དགོས་ཟེར།

རྒྱུག་རྟའི་བང་རྩལ་འགྲན་པའི་ཁྲོད་ཨང་རིམ་བཅུ་པ་བར་བྱ་དགའ་ཡོད་པ་དང་། ཨང་དང་པོར་རྒྱ་སྒོར་ ༥༠༠༠༠ སྤྲད་ཡོད་པ་རེད། འོན་ཀྱང་། ལྡོག་ཕྱོགས་ནས་མི་ལ་རྨས་སྐྱོན་བྱེད་པ་སོགས་གནས་ཚུལ་ངན་པ་ཇི་བྱུང་གི་འགན་ཡོངས་རྫོགས་ལི་ཐང་རྫོང་གིས་ལེན་གྱི་ཡིན་ཟེར། སྐབས་དེར་རྒྱུག་རྟ་ ༤༠༠ ཙམ་ཡོད་ནའང་རྒྱུག་རྟའི་བང་རྩལ་འགྲན་པར་སྡེ་ཤོག་གམ་ཡུལ་ཚོ་རེ་ནས་སྐྱ་མི་བཅུ་བཞི་རེ་ཐོ་འགོད་བྱ་དགོས་ཀྱི་ཡོད་པ་རེད།

གནས་ཚུལ་དེ་ནས་གནད་དོན་ག་རེ་མཐོང་གིན་འདུག་ཟེར་ན། གཅིག་ནི། རྒྱ་ནག་གཞུང་གིས་བོད་པའི་མི་སེམས་འགུག་ཐབས་མི་བྱེད་པར་ཇུས་འོག་ཏུ་བཙུད་པ་དང་སྡིག་རའི་འོག་ཏུ་མགོ་བོ་སྒུར་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་དེ་ཕྱིན་མངོན་པ་རེད། གཉིས་ནི། ཟུར་གཅིག་ནས་དམག་གིས་ཞི་འཇམ་གྱི་རྣམ་པ་མངོན་བཅུག་པ་དེས་གོམ་པ་དང་པོའི་ལས་དོན་ལམ་ལྷོང་ཡོང་བར་རྣམ་དཔྱོད་བེད་སྤྱོད་བྱས་པའི་ཁུལ་ཙམ་རེད། གསུམ་ནི། བོད་མི་རྣམས་རྟས་དྲུད་བཅུག་པ་དང་རྟ་ལ་མནར་གཅོད་སྤྱོད་ཚད་མེད་བཏང་ནས་བང་འགྲན་བཅུག་པ་དེས་བོད་པའི་གནའ་བོའི་ཡུལ་སྲོལ་དེ་དག་རྒྱ་ནག་གི་དེང་རབས་མི་སྣའི་གཙོ་བོས་བྱས་པའི་འཛམ་གླིང་མི་མང་ལ་འགྲེམས་སྟོན་བྱས་པ་ཞིག་ཡིན། བཞི་ནི། དམག་གི་དུས་ཆེན་ལ་མཉམ་ཞུགས་བྱས་པའི་བོད་མི་རྣམས་ལ་དམག་གི་སྡིག་རའི་འོག་ནས་སྤྲོ་སྐྱིད་དང་རི་སྐྱིད་གཏོང་བ་ནི་སྐྱིད་པོ་མེད་པར་དྲན་གསོ་གཏོང་བའམ་གོ་བརྡ་སྤྲད་པ་ཞིག་རེད།

བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་བྱ་དགོས་པའི་དམིགས་ཡུལ་སྐོར་རྫོང་ནས་མི་ནས་མི་བརྒྱུད་དེ་སྤྱི་ཚོགས་ནང་སྐད་ཆ་བཀྲམས་པ་ནི། ༢༠༡༦/༧/༣༠ ཉིན་ལི་ཐང་དང་ཐག་ཉེ་བའི་རྫ་ཆུ་ཁའི་རྩྭ་ཐང་དུ་བོད་རིགས་མང་ཚོགས་ཁྲི་ལས་བརྒལ་བ་འཛོམས་ནས་རི་སྐྱིད་རྟ་རྒྱུག་བྱ་རྒྱུ་ཡིན་པ་དང་། དེར་ལི་ཐང་གི་མི་མང་པོ་ཞིག་ཤོར་འགྲོ་བས། རྫོང་རང་རང་སོ་སོའི་ས་ཐོག་ནས་རང་ཚུགས་བརྟན་པོ་བྱས་ནས་རྩེད་མོ་རྩེ་དགོས་ཀྱི་རེད་ཟེར་བ་དེ་རེད། འོན་ཀྱང་། སྤྱི་ཚོགས་ནང་གི་སྐད་ཆ་ལྟར་ན། ད་ལོའི་རྟ་རྒྱུག་དེས་བོད་པ་རང་གི་སྤྱི་ཚོགས་ནང་། རྫོང་ཁག་གཞན་པའི་བོད་པ་དང་ལི་ཐང་རྫོང་གི་བོད་པའི་དབར། དགོན་པ་དང་མང་ཚོགས་དབར། སྡེ་ཚོ་དང་སྡེ་ཚོའི་དབར་སྐད་ཆ་མཐོ་དམན་མང་པོ་ཡོང་རྒྱུ་དང་། སྡུག་ས་ནས་ཕན་ཚུན་འཁོན་འཛིན་དང་འགལ་ཟླ་ཆགས་རྒྱུའི་ཉེན་ཁ་ཡང་ཆེན་པོ་རེད་ཟེར།

དམག་གི་དུས་ཆེན་དེར་མཉམ་ཞུགས་བྱེད་མཁན་ཚོའི་ཁྲོད་ནས། ཐེངས་འདིར་དམིགས་བསལ་སྐྱིད་པོ་བྱུང་སོང་ཟེར་ངེས་མེད་ལ། འགོ་ཁྲིད་ཚོས་རྫིག་ཉམས་སྟོན་རྒྱུ་དེ་ཙམ་མ་རག་པ་དང་རྩེད་མོ་དུས་ཐོག་ཏུ་རྩེ་མ་ཐུབ་པ་སོགས་བྱུང་བས། གོ་སྒྲིག་པའི་འབྲེལ་ཡོད་ནས་བཤད་ན། ད་ལོ་ས་གནས་སུ་གློག་དང་ཆུ་མེད་པ། ལི་ཐང་འཐིལ་ནས་ལེ་དབར་ ༥༠ ཙམ་གྱི་སར་འགྲོ་དགོས་པ་སོགས་ཀྱིས་འགན་འཁུར་ལེན་དཀའ་བའི་གནས་ཚུལ་འདི་ལ་བལྟས་ན། ལོ་རྗེས་མར་ས་གནས་དེར་དམག་གི་དུས་ཆེན་དེ་ཚུགས་རྒྱུ་ཁག་པོ་རེེེད་ཟེར།

སྔར་ལམ་ལྟར་ན་དུས་སྟོན་ལ་ཡོང་མཁན་ཚང་མ་དངོས་གཞིའི་མཛད་སྒོར་མཉམ་ཞུགས་བྱེད་ཀྱིན་ཡོད་མོད། ད་ལོར་འབྲེལ་ཡོད་ལས་བྱེད་དང་དེའི་འབྲེལ་ཡོད་ཡིད་གཏན་འཕེལ་བ་སྐོར་ཞིག་གིས་ཟུར་དུ་དངོས་གཞིའི་མཛད་སྒོ་ཆུང་ཆུང་ཞིག་བསྡུས་འདུག་ལ། རྒྱལ་ཕྱི་ནང་དང་རྒྱལ་ནང་གི་ཡུལ་ལུང་རེ་འགའ་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པའི་རྣམ་འགྱུར་སྟོན་མཁན་རེ་ཟུང་འདུག་ཀྱང་། དེ་དག་ནི་རྫོང་གིས་གོ་སྒྲིག་བྱས་པའི་མཐོན་ཆེན་མགྲོན་པོ་ཤ་སྟག་རེད་ཟེར།

གསར་འགྱུར་ཐུང་ཐུང་འདི་ལས་རང་བཞིན་གྱིས་གད་མོ་ཤོར་འོང་བའི་གནས་ཚུལ། གཅིག་ནི། རྫོང་སྲིད་གཞུང་ནས་ལི་ཐང་དང་ཁ་ཐག་ཉེ་བའི་ཡུལ་ལུང་ཁག་དང་ལི་ཐང་གི་ཡུལ་མིའི་དབར་ཞེན་ཁོག་སློང་རེས་བྱས་པ་དེ་ནི། བོད་པ་རྣམས་ས་ཁུལ་གྱིས་བཅད་དེ་རྫོང་མང་པོ་བཟོས་པ་ནི་གུང་ཁྲན་གྱིས་རྒྱ་ནག་གི་སྲིད་དབང་རྒྱུན་སྐྱོང་བྱ་རྒྱུའི་རྩ་བའི་འཆར་གཞིའི་ནང་ཡོད་པར་ངོ་སྤྲོད་དང་དྲན་སློང་བྱས་པ་ཞིག་རེད། གཉིས་ནི། གཞུང་འབྲེལ་མཛད་སྒོ་ཆེན་པོའི་སྐབས་སུ་རྫོང་གི་དབང་འཛིན་པས་རྫིག་ཉམས་བྱ་རྒྱུ་གཙོ་བོ་བྱེད་པ་མ་གཏོགས་མཛད་སྒོའི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་མེད་པའི་གནས་ཚུལ་དེ་གསལ་པོ་ཆགས་པ་རེད། གསུམ་ནི། རྒྱ་ནག་གི་དབང་འཛིན་པའི་ངོས་ནས། རྒྱ་ནག་གི་རྫོང་སོ་སོའི་འགོ་ཁྲིད་ཀྱི་རྣམ་དཔྱོད་དང་འཇོན་ཐང་གཙོ་བོ་མི་བྱེད་པར་གོ་མིང་གཙོ་བོད་བྱེད་ཀྱིན་ཡོད་པའི་ནང་ཚུལ་དེ་ཕྱིར་ཐོན་པ་ཞིག་རེད། བཞི་ནི། རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོན་དང་མི་མང་གི་ཐོབ་ཐང་། མང་ཚོགས་ལ་བརྡབ་གསིག་ཐེབས་མིན་གྱི་གནད་དོན་དེ་གཙོ་བོ་མི་བྱེད་པར་གུང་ཁྲན་གྱི་ལྟ་བ་གཙོ་བོ་བྱེད་པ་དང་དམར་པོའི་བྱེད་སྒོ་ཁག་གཙོ་བོད་བྱེད་ཀྱི་ཡོད་པའི་ནང་དོན་དེ་ངོ་འཕྲོད་པ་ཞིག་ཡིན།

གསལ་བཤད།

Post navigation

Previous Post: ཀིརྟིའི་བྱེས་པ་གྲྭ་ཚང་གི་དྲ་རྒྱ་ཤར་གཏོང་བྱས་ཡོད།
Next Post: མགར་ཆེན་རིན་པོ་ཆེས་སྒྲོལ་དཀར་ཀྱིས་ཁོང་རང་ལ་སྲོག་ཐེངས་བརྒྱད་བསྐྱབས་པ་བྱུང་ཡོད་གསུངས།

Comments (3) on “ལི་ཐང་དུ་བརྒྱད་གཅིག་དམག་གི་དུས་ཆེན་བསྐྱར་གསོ་ཐུབ་བམ།”

  1. ༄།།སྟར་བུ་དམར་བོ། says:
    2016-08-10 at 12:54 pm

    སྐུ་ཞབས་ཁྱོད་སྤྱི་མཐུས་སུ་ལངས་པ་ལས་གསར་འགོད་པ་བྱས་ན་ཡག་ས་རེད་དཱ། སྤྱི་མཐུས་ལ་རེ་བ་མི་འདུག གསར་འགོད་པ་བྱས་ནའང་ཁྱོན་ཡོངས་ཀྱི་གནས་ཚུལ་གཡོ་གཟུར་ཕྱོགས་ལྷུང་མེད་པ་ཞིག་བྱེད་དགོས་པ་རེད། འགའ་རེ་འདྲ་ཆགས་པོ་བཟོས། ལ་ཕྱེད་ཅིག་མི་བདེན་རྫུན་སྒྲིག་བྱས། ཁ་ཤས་གབ་སྦས་བྱས་ན་ཡག་པོ་ཡོད་མ་རེད། ཁྱེད་གསར་འགོད་པ་བྱ་འདོད་ན་འདི་དག་ཐུགས་ལ་ངེས་པར་དུ་ཟུངས།

  2. བེ་རེ་གདོང་ནག says:
    2016-08-13 at 7:52 am

    ཞྭ་མོ་དེ་འདྲ་མཐོང་མྱོང་མེད། ཁམས་མི་ཉག་གི་སྐྱེས་དམན་ཚོས་དེ་འདྲ་པོ་ཞིག་གྱོན་གྱི་འདུག ཁམས་ལི་ཐང་གི་གོམས་སྲོལ་དམིགས་བསལ་བ་ཞིག་ཡིན་ནམ། ལི་ཐང་ལ་མི་གྲངས་ཁྲི་བཞི་མ་གཏོགས་མེད་པ་ཡིན་མི་སྲིད། གསར་འགོད་པས་ཁུངས་གང་ལ་བཅོལ་ཡིན་ན།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-08-13 at 8:07 am

    གླིང་གི་དཔའ་བོ་ཐང་ལ་བབས་པ་ལྟབུ་འདུག་ད་རྒྱ་གུང་
    ཁྲན་རྩ་མེད་བཟོ་དགོས་།
    བུ་དཔའ་བོ་ཡོད་ན་འཐོན་རན་རེད་།
    རྟ་མགྱོགས་པ་ཡོད་ན་རྒྱུགས་རན་རེད་།
    འབོས་ཕྲ་རེང་ཡོད་ན་རྒྱག་རན་རེད་།
    གྲི་རྣོ་བོ་ཡོད་ན་བསྣུན་རན་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme