Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོགས་དུང་སྐྱོབ་མཁན་འདྲ་ཡོད་དམ།

Posted on 2010-04-282010-04-28 By lungrik 17 Comments on ཞོགས་དུང་སྐྱོབ་མཁན་འདྲ་ཡོད་དམ།

ལུང་རིགས་རྒྱལ།

ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོ་དེར་ཟི་ལིང་གྲོང་ཁྱེར་གྱི་ཉེན་རྟོག་པ་འགའ་སྐུ་ཞབས་ཞོགས་དུང་གི་ལས་ཁུངས་སུ་འཛུལ། དེས་མི་ཚད་ཁོང་ལ་འཁྲིད་དུ་བཅུག་སྟེ་ཁོང་གི་ཁྱིམ་དུའང་འཛུལ། ད་དུང་ཁོང་གི་དཔེ་ཀློག་ཁང་དང་ཡིག་ཚགས་ཀྱི་ནང་གང་སར་འཛུལ། ས་སྔོག་རྡོ་སྔོག་གི་རིམ་པ་འདི་ཚར་བ་དང་མཉམ་དུ་ཁོང་ཁྲིད་དེ་མིའི་རིགས་ནམ་ཡང་འགྲོ་མི་འདོད་སའི་དམྱལ་བའི་ཡུལ་ཞིག་ཏུ་ཕྱིན་སོང་། ད་ཐེངས་ཀྱི་དམྱལ་ཁམས་དེའི་མིང་ལ་ཇི་སྐད་དུ། ༼ཨེར་ཧྲི་ལོའུ་པུའུ་༽ཟེར་ཞིང་། དམྱལ་ཁམས་ཚན་ཁག་ཉི་ཤུ་རྩ་དྲུག་པ་དེ་ཡིན་ས་རེད།

ཁ་སང་དེ་རིང་ནི་ཁོང་གི་དོན་ལྔ་སྣོད་དྲུག་སྔོག་བཞིན་པའི་དུས་ཡིན། བྱང་ཆ་ཡོད་པའི་འདྲི་གཅོད་པ་དེ་དག་གིས་རྩོམ་པ་པོ་ཁོང་དང་མཉམ་དུ་གནམ་ས་གོ་འབྱེད་ལ་གཞུང་འབྲེལ་གྱིས་བསྐྱར་ཞིབ་དང་ཡང་ཞིབ་བྱེད་བཞིན་ཡོད། སྐབས་འདིར་ ༢༠༠༨ ལོར་འཇམ་དབྱངས་སྐྱིད་ལགས་ཀྱིས་མྱངས་པའི་མནར་གཅོད་ཀྱི་གོ་རིམ་དེ་ཚོ་དྲན་ཞིང་། འཇིགས་ཡེར་བ་དང་སྐྱུག་མེར་བའི་གློག་བརྙན་ཞིག་མིག་ཁ་རུ་ཡང་ཡང་འཁོར་ཡོང་གི།

བཙན་འདྲི་དང་བཙུར་འདྲི་འདི་དག་ལ་དུས་ཡུན་ཅི་ཙམ་འགོར་མིན་བཤད་དཀའ། གང་ལྟར་མི་ཚེ་གཅིག་རིང་གི་སུན་སྣང་ཆེ་ཤོས་ཀྱི་དུས་ཚོད་ནི་འདི་ཡིན། “་་་་དེ་ནས་་་་་” “་་་་འོ་ན་་་་” ཞེས་སོགས་ཉིན་དང་མཚན་ལ་བསྟུད་ནས་འདྲི་གི་རེད།

དེང་སྐབས་པེ་ཅིན་གྱི་ལག་ལྗིད་མོ་དེའི་འོག་ན་སྐུ་ཞབས་ཞོགས་དུང་དང་བསྡུར་ས་གཞན་ཞིག་ཡོད་པ་ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལོའུ་ཞོ་པའོ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་མིང་གིས་བཟུང་སྟེ་ནན་སྐུལ་བྱས་པར་མ་ལྟོས་པར། པེ་ཅིན་གྱིས་ཁོང་ལ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ཞོགས་དུང་ནི་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་འབྲི་མཁན་རེད། ལོའུ་ཞོ་པོ་ནི་ ༢༠༠༨ ལོའི་རྩ་ཁྲིམས་འབྲི་མཁན་རེད། ཁོང་གཉིས་ཀྱི་ནག་ཉེས་ལ་ཆེ་ཆུང་ཇི་ལྟར་གཞལ་མིན་མི་ཤེས། གང་ལྟར་རྒྱ་རིགས་ནང་ཁུལ་ལ་ཤུགས་རྐྱེན་ཆེ་བའི་རྒྱ་རིགས་ཤེས་ཡོན་པ་ཞིག་དང་། བོད་རིགས་ནང་ཁུལ་ལ་ཤུགས་རྐྱེན་ཆེ་བའི་བོད་རིགས་ཤེས་ཡོན་པ་ཞིག་རེད། ཁོང་གཉིས་ཀའི་མགོར་གཡོགས་རྒྱུའི་ནག་ཉེས་ནི་རྒྱལ་ཁབ་མགོ་རྟིང་སློག་མཁན་དང་། མེས་རྒྱལ་ཁ་བྲལ་ཏུ་གཏོང་མཁན་གཉིས་ཡིན། ནག་ཉེས་འདི་གཉིས་ཀའི་སྦྱོར་སྟངས་ཁ་ཁ་ཡིན་རུང་། མཐར་ཐུག་གི་ཚབས་ཆེ་ཆུང་དང་གོ་དོན་གཅིག་མཚུངས་ཡིན། ད་ལྟའི་གུང་ཁྲན་ཏང་ལ་གྱོད་གཞི་འདི་གཉིས་ལས་ལྷག་པའི་དཀའ་ངལ་དང་ཉེས་པ་ཞིག་མེད།

སྐུ་ཞབས་ཞོགས་དུང་གི་མ་འོངས་པ་ནི་བཤད་དཀའ་བ་ཞིག་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བཤད་ཚད་ནི་བདེན་དགོས་པ་རེད། ཁོང་ཚོས་མི་ཞིག་ནག་པོ་རེད་ལབ་ཚར་དུས་ཐབས་བརྒྱ་ཇུས་སྟོང་གིས་མི་དེ་ནག་པོ་ནག་རྐྱང་ཞིག་ཏུ་གཏོང་གི་རེད། ཚད་འདི་ལ་བསླེབས་དུས་ཕར་ཕྱོགས་དེའི་དམིགས་ཡུལ་མ་གཏོགས་དྲང་བདེན་དང་གནས་ལུགས་ཟེར་བའང་མེད།

ད་ཐེངས་ཁོང་ཚོས་ཞོགས་དུང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱེད་མཁན་གྱི་ནག་ཉེས་བཙུགས་ཚུལ་ཁོའི་བུ་མོས་བཤད་འདུག ནག་ཉེས་འདི་ཞོགས་དུང་གི་མགོར་འཛུགས་རྒྱུ་ནི་རྒྱ་ནག་ལ་མཚོན་ན་གོ་སྐབས་ཡག་པོ་དང་ཁ་ཚ་དུས་གཏུགས་ལྟ་བུར་གྱུར་ཡོད། བསྡུས་ཏེ་བཤད་ན། ཞི་རྒོལ་ཆེན་མོ་ནི་སུས་སྐུལ་མིན་གང་ལྟར་ཡང་། གནམ་ས་གོ་འབྱེད་ནི་ཞི་རྒོལ་ཆེན་མོའི་འགུལ་སྟངས་གཞན་ཞིག་ཏུ་ཚོར་ཡོད། ཉེན་ཁ་ཡང་ཆེན་པོར་མཐོང་གི་ཡོད། དེ་བས་རྒྱ་ནག་གཞུང་གིས་ཨུ་ཐུག་ན་ཞི་རྒོལ་ཆེན་མོའི་ཉེས་པ་ཡང་ཞོགས་དུང་གི་མགོར་འཕེན་སྲིད། རྡུང་འཕྲོག་བཅོམ་སྲེག་གི་ཞྭ་མོ་གཡོག་སྟེ། ཞོགས་དུང་ནག་པོ་ནག་རྐྱང་ཞིག་བཟོ་ཡང་སྲིད།

ཞོགས་དུང་འཇུས་པ་འདིས་ཟི་ལིང་གི་བོད་རིགས་ཤེས་ཡོན་པ་གཞན་དག་ལའང་ཉེན་བརྡ་བཏང་ཡོད། ཉམས་མྱོང་གིས་ར་སྤྲད་པ་ལྟར། འདྲི་གཅོད་པ་འདི་དག་གིས་ཞོགས་དུང་ལ་ཁོང་གི་གྲོགས་པོ་ཚོའི་སྐོར་ཡང་འདྲི་བཞིན་པ་ནི་རང་བཞིན་གྱི་གནས་ཚུལ་ཙམ་ཡིན།

ད་ནི་ང་ཚོར་ཁོང་སྐྱོབ་རྒྱུའི་ནུས་པ་ཅི་ཞིག་ཡོད་དམ།

༡། ཁོང་གི་གནམ་ས་གོ་འབྱེད་དེ་དབྱིན་ཡིག་སོགས་སྐད་ཡིག་ཅི་ཙམ་གྱི་ནང་དུ་བསྒྱུར་ཐུབ་བམ། རྒྱ་ནག་གིས་ཁོང་ནག་པོ་བཟོས་རུང་། འཛམ་བུའི་གླིང་ལ་ཁོང་དཀར་པོ་ཆགས་འཇུག་རྒྱུའི་འགན་འཁྲི་ང་ཚོར་ལོས་ཡོད།

༢། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་སྐུལ་ཅི་ཙམ་བྱེད་ཐུབ་བམ། ཁོང་གིས་མཐའ་མ་དེར་རང་གི་ནང་མི་དང་སྡེ་མི་ཚོའི་ཞུ་འབོད་ཙམ་མ་གཏོགས་ཅི་ཡང་མ་གོ་ཚེ་ང་ཚོས་ཀྱང་ཁོང་ནག་པོ་བཟོ་རོགས་བྱས་པ་མ་རེད་དམ།

༣། ང་ཚོར་ཡོད་པའི་ནུས་པ་དང་པོ་ནི་ཁོང་དཀར་པོ་ནས་ནག་པོར་འགྱུར་མི་འཇུག་རྒྱུ་དེ་རེད། ནུས་པ་གཉིས་པ་ནི་ཁོང་དཀར་ས་ནས་གློད་འཇུག་རྒྱུ་དེ་རེད། ད་ལྟའི་ཆར་ང་ཚོས་ནུས་པ་འདི་གཉིས་ཀྱི་གང་ལ་ཡང་ཚོད་ལྟ་བྱས་མེད་པ་ནི་བློ་ཕམ་གྱི་གནས་རེད།

གསར་འགྱུར།

Post navigation

Previous Post: ས་འགུལ་གྱིས་བསླབས་པའི་བསླབ་བྱ་ཟབ་མོ།
Next Post: བོད་འབྱོར་རྩོམ་ཡིག -ངས་སྐད་ཆ་བདེན་པ་ཞིག་བཤད་ན་འདོད།

Comments (17) on “ཞོགས་དུང་སྐྱོབ་མཁན་འདྲ་ཡོད་དམ།”

  1. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 1:02 pm

    སྔོན་དུ་གནས་ཚུལ་གསལ་བོ་ཞིག་དགོས་ངེས་འདུག་།མ་མཐའ་ཡང་འཛམ་གླིང་ཐོག་ཏུ་ཁྱབ་བསྒྲགས་བྱས་ན་དོན་དག་འགའ་ཤས་ཤེས་དགོས་ངེས་རེད།
    ༼༡༽ཞོགས་དུང་ལ་ཉེས་སྐྱོན་གང་འདྲ་ཞིག་འཛུགས་བཞིན་འདུག་།ངས་གོ་ཚུལ་ལ་།སྐྱོན་གཉིས་འཛུགས་བཞིན་འདུག་ཟེར་།གཅིག་།རྒྱལ་ཁབ་ཁ་བྲལ་གཏོང་བར་སྐུལ་སློང་བྱས་པའི་ཉེས་བ་དང་།གཉིས་།སྲིད་གཞུང་མགོ་རྟིང་སློག་པའི་ཉེས་བ་རེད་ཟེར།དོན་གྱི་གང་རེད་དམ་།ཡང་ན་གཉིས་ཀ་རེད་དམ།རྒྱ་གཞུང་གི་ཁྲིམས་ཐོག་ནས་བཤད་ན་འདི་གཉིས་ལ་ཁྱད་པར་ཆེན་པོ་རེད་།ཁྲིམས་གཅོད་ཚུལ་དང།ཁྲིམས་ཡངས་ཉེས་ཡང་འདྲ་གིན་མ་རེད་།འདི་ངེས་པར་ཏུ་གསལ་བོ་བྱ་དགོས་ནི་རེད་།ཡིན་ནའང་ད་བར་ཏུ་ལན་གསལ་བོ་ཞིག་མི་འདུག་།་ག་རེ་ཡིན་ནམ།རབ་ཡིན་ན་ཞོགས་དུང་གི་ལྕམ་གྱི་ལག་ཏུ་ཡོད་པའི་ཡི་གེ་པར་བཤུས་ཤིག་དང་།དེ་མིན་རྒྱ་ཡིག་གི་ཚིག་རེ་རེ་ང་ཚོས་ཤེས་ཐུབ་པའི་ཐབས་ཤེས་ཡོད་དམ་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་།

    ༼༢༽ད་ལྟ་ཁོང་ལ་།ཁྲིམས་རྩོད་པ་འདུག་གམ་།པེ་ཅིན་སོགས་ནས་ཁོའི་ཚབ་དུ་བླངས་ནས་ཁྲིམས་རྩོད་པ་འདྲ་ཡོང་སྲིད་དམ།

  2. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 1:14 pm

    ཐོག་དང་པོ་དཔེ་དེབ་ཆ་ཚང་དབྱིན་ཡིག་ལ་བསྒྱུར་ནས་ཡོང་གིན་མ་རེད་།དེ་བས་ཁོང་གི་བཀལ་བའི་ནག་ཉེས་དང་།དཔེ་དེབ་བརྗོད་བྱ་རྣམས་བསྟུར་ནས་རྩོམ་མང་པོ་བྲིས་ན་།ག་ལེར་དཔེ་དེབ་ཀྱི་རིན་ཐང་དང་།དགོས་མཁོ་ཆེ་རུ་འགྲོ་གིན་འདུག་།
    ཞོགས་དུང་བ་བཟུང་བའི་སྔོན་ཏག་ཏག་ལ་ཧྥ་རན་སིའི་གསར་འགྱུར་འགོད་ལ་ཞིག་འཕྲད་འདུག་།ཁོ་མི་རྩོམ་ཞིག་བྲིས་འདུག་པ་དང་།མི་ཞིག་གིས་དབྱིན་ཇིར་བསྒྱུར་ཏེ་།ད་ལྟ་འདོན་རྩིས་འདུག་།
    དེ་བཞིན་རང་རང་གི་ཐད་ནས་རྩོམ་མང་པོ་ཕྲིས་།ག་རེ་བྲིས་ན་འགྲིག་གིན་རེད་།སྡིག་ཡང་འགྲིག་གིན་རེད།གང་ལྟར་ཁ་ནས་གླེང་བ་དེ་གལ་ཆེ་།

  3. lungrik says:
    2010-04-28 at 1:15 pm

    རྒྱ་ནག་ཉམས་ཞིབ་པ་ལགས། ཁོང་གི་བུ་མོས་ཡིག་ཐོག་ལ་བལྟས་ནས་བཤད་དུས་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བ་ཡིན་པའི་༼དོགས་གཞིའི་༽འོག་ནས་འཇུས་འདུག་ཟེར། ཉེས་པ་ཆེ་ཆུང་མི་ཤེས། ཁ་སང་ཉིན་གང་ལ་གྱོད་དོན་འདི་རིགས་སྐོར་གྱི་ཉེས་པ་དང་། ཉེས་ཁྲིམས་ཀྱི་སྐོར་བཙལ་བ་ཡིན། ཁ་གསལ་བོ་ཞིག་གྲོལ་ཐུབ་མ་སོང་།

    འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དུས་ཉེས་ཁྲིམས་འངྲ་གི་མ་རེད་འདོད།

    ཡི་གེ་དེའི་ངོ་བཤུས་སློང་བ་ལས། སྐད་ཆ་གསལ་བོ་ཞིག་དྲིས་ན་ཡག་ས་རེད། ཡིག་ཆ་ཡར་འགྲོ་མར་འགྲོའི་རིགས་དཀའ་ལས་འཕར་མ་རེད་འདོད། བྱུང་ན་ནི་རབ་རེད།

    ཁོང་ལ་ཁྲིམས་རྩོད་པ་ཞིག་དགོས་དོན་མི་འདུག གལ་སྲིད་ཁྲིམས་རྩོད་པ་ཞིག་སླེབས་པའི་དབང་དུ་བཏང་ཡང་རྩོད་ཡ་དེ་སུ་ཡིན་མིན་དང་། གནད་དོན་གང་ཡིན་མིས་ཤེས་སོང་ན་དེ་ནས་བཅད་ཁྲ་ཡང་གསལ་བོ་རེད་འདོད། མ་མཐར་ཡང་ད་ལྟའི་ཆ་ལ་དེ་འདྲ་ཞིག་རེད། དེ་བས་ཁྲིམས་རྩོད་པ་ཞིག་ཡོང་རྒྱུར་རེ་བ་རྒྱག་གི་མེད།

  4. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-04-28 at 2:26 pm

    ཁོང་ལ་ཆབ་སྲིད་ཀྱི་ནག་ཉེས་བཀལ་ཡོད་པས། ཕ་ཡུལ་ནས་ཁོང་གློད་གྲོལ་གྱི་ཐད་ལ་འགུལ་བསྐྱོད་རྒྱག་དཀའ་མོ་རེད་ཟེར། ཕ་ཡུལ་གྱི་ཡུལ་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ལ་དཀར་འདོན་ཞིག་བྱེད་པར་རེ་སྒུག་བྱས་འདུག ལས་འགན་འདི་བྱེས་གྱར་བོད་མི་ཚོའི་ལག་ན་ཡོད་པ་རེད།

  5. འདྲེ་རིག་ལྡན། says:
    2010-04-28 at 2:37 pm

    བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདིའི་ཐད་དུ་ད་ལྟའི་བར་དུསྐད་ཆ་ཚིག་གཅིག་ཀྱང་གླེང་མ་སོང་། ཕལ་ཆེར་ཡོང་སྒོ་མེད་སོང་བས་ཡིན་རྒྱུ་རེད། དགུ་བཅུ་གསུམ་ཟེར་བའི་ཆབ་སྲིད་བཙོན་ཟུར་ཡིན་ཟེར་མཁན་དེ་ཚོ་ཡང་ལྐུགས་སོང་བ་འདྲ། གང་ལྟར། ད་ང་ཚོས་རང་རང་ས་ནས་གང་དང་ཅི་བྱེད་ཐུབ་མིན་ལ་བལྟ་དགོས་འདུག

  6. lungrik says:
    2010-04-28 at 2:47 pm

    སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་གང་ལ་འགལ་རུང་། མི་ཞིག་གི་ཚད་གཞིའི་སྟེང་ནས་བཤད་ན། སྐུ་ཞབས་ཞོགས་དུང་གི་སེམས་ཁམས་འདི་བརྩེ་བས་ཁེངས་བསྡད་འདུག བྱམས་སྙིང་རྗེས་ཟིན་བསྡད་འདུག ༼སངས་རྒྱས་ཆོས་ལུགས་ཉམས་སུ་ལེན་མཁན་ཞིག་ལའང་འདི་ལས་ལྷག་ཅིག་ཅི་དགོས།༽ འགྲོ་བ་མི་ཞིག་གི་ཚད་ནས་སྐད་ཆ་བཤད་མཁན་དང་། སྐྱིད་སྡུག་ཤེས་མཁན། ལས་ཀ་བྱེད་མཁན་ཞིག་རེད། དཔེར་ན། ཁོང་མ་འཇུས་པའི་ཉིན་འགའི་གོང་དུ་ཟི་ལིང་གི་ཤེས་ཡོན་པ་དེ་ཚོས་སྲོག་ཉེན་ལ་མ་འཛེམས་པར་མི་རིགས་འདིར་རང་རང་གི་ཚོར་བ་རློན་པ་དང་རྗེན་པ་ཅི་འདྲ་ཞིག་བསྟན་སོང་། བོད་མི་རིགས་འདིས་ད་དུང་ཡང་རང་གི་ངོ་གདོང་ལ་ས་བཏབས་ཏེ་ས་འོག་ལ་བསྡུ་གི་འདུག

    ཁོང་མ་འཇུས་པའི་བདུན་ཕྲུག་གཅིག་གི་སྔོན་ཏག་ཏག་དེར་ཟི་ལིང་ནས་བཤད་བའི་སྐད་ཆ་ཁ་ཤས་ཧྤ་རན་སིར་གནས་སྡོད་གྲོགས་མོ་ཞིག་གིས་བསྐུར་བསླེབས་སོང་། གལ་སྲིད་དུས་ཚོད་ཀྱིས་ལྕོགས་ན་བོད་ཡིག་ལ་བསྒྱུར་ནས་འདོན་གི་ཡིན།

  7. འདྲེ་རིག་ལྡན། says:
    2010-04-28 at 4:00 pm

    ལུང་རིགས་ལགས། རྩོམ་ཡིག་དེ་གང་མྱུར་བསྒྱུར་ནས་འདོན་སྤེལ་གནང་བར་སྒུག་ཡོད། ཨོ་རེད། རྡ་སའི་དགེ་བཤེས་སྡོམ་མེད་ཅིག་ལས་་་་་་ ང་ཚོའི་ཞོགས་དུང་དཀར་པོ་དུང་ཞིག་རེད། འདི་ཡང་ཅིག་བཤད་ན་འདོད་སོང་།

  8. སྡེ་དགེ་འཇིགས་མེད། says:
    2010-04-28 at 4:56 pm

    བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་ལ། ང་ཚོ་བོད་རིགས་ཡོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འོན་ཀྱང་ཁོང་གིས་སྐྱོ་སེམས་ཀྱིས་བརྩམས་པའི་དེབ་འགའི་ནང་དུ། སངས་རྒྱས་ཆོས་ལ་ལོག་པར་ལྟ་བའི་དམར་ཕྱོགས་ཀྱི་ལྟ་ངན་ཀླ་ཀློའི་རིང་ལུགས་ལ་རྒྱུ་མཚན་མེད་པར་འུར་བསྟོད་བྱས་འདུག་པས། དེ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཚམས་འཇོག་མི་རུང་།
    བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་མྱུར་དུ་རང་དབང་ཐོབ་པར་བྱེད་དགོས།

  9. རྒྱ་ནག་ཉམས་ཞིབ་པ། says:
    2010-04-28 at 5:42 pm

    ལུང་རིགས་རྒྱལ་།
    དེ་གཉིས་ལ་ཁྱད་པར་འདུག་།ཁ་བྲལ་ཏུ་གཏོང་བའི་སྐུལ་སློང་ཟེར་བའི་ཉེས་མིང་བཙུགས་པ་ཡིན་ན་།ལོ་ཐག་སོགས་ཅུང་ཟད་ཐུང་བར་མིན་ན་སྙམ་པ་དང་།ཉེས་ཁྲིམས་༡༠༣་ནང་གི་དོན་ཚན་གཉིས་བ་ནི་དེའི་སྐོར་མིན་ན་སྙམ་།ཡིན་ནའང་ཁྲིམས་དེབ་སོགས་ལ་གསལ་བོ་བལྟ་མི་ཐུབ་།
    སྲིད་གཞུང་མགོ་རྟིང་སློག་པའི་ནག་ཉེས་ནི་།
    http://en.wikipedia.org/wiki/Inciting_subversion_of_state_power
    འདི་ལ་ལྟོས་དང་།གཉིས་ཀ་ཁྱད་པར་ཡོད་ས་རེད་།

    པེ་ཅིན་གྱི་ཁྲིམས་རྩོད་པ་ཞིག་བཙལ་ན་།ཁྲིམས་ཐག་དངོས་སུ་གཅོད་དུས་།ཅུང་ཟད་ཕན་མི་ཐོགས་ནམ་སྙམ་པའི་རེ་བ་འདུག་།ཁྲིམས་རྩོད་པ་གཅིག་ཀྱང་མེད་པ་ལས་བཟང་བར་སྙམ་།དགོས་དོན་མི་འདུག་ཅེས་ཚིག་ཐག་བཅད་ནས་བཤད་ན་།རྒྱུ་མཚན་ཅི་ཡིན་ཧ་མི་གོ་།

    ཞོགས་དུང་གི་བྱམས་དང་སྙིང་རྗེ་དེ་ཞོགས་དུང་གིས་མ་གཏོགས་ཤེས་ནི་མ་རེད་།བོད་ཀྱི་སྤྱི་དོན་ཞིག་གླེང་བ་ནི་རླབས་ཆེན་དང་།སྙིང་སྟོབས་ཆེན་པོ་རེད་།རྗེས་སུ་ཡིད་རངས་ཡོད་།དེ་མིན་གཞན་ལས་ལྷག་དང་མི་ལྷག་གི་སྐད་ཆ་དེ་།ལྟ་བའི་ཞེན་ཕྱོགས་ཀྱི་སྐད་ཆ་ཤིག་རེད།ཞོགས་དུང་འབྲེལ་བ་ཆེན་པོ་མི་འདུག།

    .

  10. འདྲེ་རིག་ལྡན། says:
    2010-04-28 at 6:41 pm

    བྱམས་དང་སྙིང་རྗེ་ཟེར་བ་དེ་བཤད་ན། རྡ་ས་ན་དགེ་བའི་བཤེས་གཉེན་གྱི་མིང་འཁུར་མཁན་རེ་ཟུང་ཡོད་པ་རེད། ཁ་གདངས་ཚད་ལ་ཆོས་དང་སྙིང་རྗེ་བཤད་པ་རེད། སེམས་འགུལ་ཚད་ལ་གཞན་གྱི་རྐང་པ་གཅོག་པར་རྩོམ་པ་རེད། འདིའི་རིགས་ལ་རྣག་ཐོག་ཁབ་གཙེགས་ཀྱི་ཐེར་འདོན་ཡིག་ཆེན་རེ་རེ་འབྲི་དགོས་འདུག

  11. ཁ་ཕྱོགས་མེད says:
    2010-04-28 at 11:03 pm

    གང་ལྟར་སྐུ་ཞབས་ཞོགས་དུང་ཁྲིད་སོང། དྲང་བདེན་དང་ལ་རྒྱ་ཡི་ཆེད་དུ་རང་སྲོག་གཏོང་ཕོད་པའི་དཔའ་བོ་ཞིག་མེད་སོང། བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་འགན་འཁུར་བའི་ལྷག་བསམ་ཡངས་པའི་སེམས་དཔའ་ཞིག་བརླགས་སོང། དོན་དངོས་དང་དྲང་བདེན་སྨྲ་བའི་མགྲིན་ཚབ་པ་ཞིག་མུན་དོང་དུ་བཅུགས་སོང། ད་ང་ཚོས་ཅི་བྱེད། གང་བྱས་ན་ཕན།
    རིགས་ཞེན་དང་ལ་རྒྱའི་མེ་ལྕེ་བྲང་ཁོག་དབུས་ནས་རྟག་ཏུ་འབར་བའི་སྐྱེས་བུ་ཁོང་གི་ཚབ་ཏུ་སུ་ཞིག་འཚོལ།
    རེད་ཡ་ད་ང་ཚོས་མུ་མཐུད་ནས་ལས་འགུལ་གང་མང་སྤེལ་ཏེ་སྐུ་ཞབས་ཁོང་ལ་རྒྱལ་སྤྱིའི་དོ་སྣང་སླེབས་ཐུབ་ལ་འབད་བརྩོན་བྱེད་དགོས་ནི་ཡིན་རྒྱུ་རེད།
    དེ་མིན་གང་བྱེད་ཐུབ།

  12. lungrik says:
    2010-04-28 at 11:49 pm

    རྒྱ་ནག་ཉམས་ཞིབ་པ་ལགས།

    གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    ངས་ལོའུ་ཞའོ་པའོ་དང་ཞོགས་དུང་གཉིས་ཀྱི་ནག་ཉེས་མཐར་གཏུགས་ན་གཅིག་པ་ཡིན་ཅེས་བཤད་དོན་ནི། རྒྱ་གཞུང་གིས་རྒྱ་རིགས་ཚོར་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་མ་གཏོགས་ཁ་བྲལ་གྱི་ཉེས་མིང་བཏགས་པ་མེད་པའམ་ཉུང་ཉུང་ཡིན། བོད་རིགས་ཚོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འདོགས་པ་མ་གཏོགས་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་བཀལ་བ་མེད་པའམ་ཉུང་ཉུང་ཡིན།
    གུང་ཁྲན་ཏང་ལ་མཚོན་ན། ཉེས་མིང་འདོགས་སྟངས་འདི་ལ་རྒྱུ་མཚན་སྙིང་རྗེ་བོ་དེ་འདྲ་ཡོད་པ་རེད།

    ཁྲིམས་རྩོད་པ་ཞིག་ཡོད་ནས་ཕན་ཐོགས་ན་ལོས་ཀྱང་དགོས། ཡིན་ཡང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་དར་གཉིས་ཀྱི་གྱོད་དོན་སྐབས་ནས་བཟུང་ཕལ་ཆེར་རྒྱ་མིའི་ཁྲིམས་རྩོད་པ་འབོད་པའི་ཐབས་ཤེས་ཤིག་བྱས་པ་རེད། ཕན་ཐོགས་ནི་མ་བྱུང་། དོན་གྲུབ་དབང་ཆེན་ལ་ཁྲིམས་རྩོད་པ་སྐད་བཏང་བ་རེད། གནས་སྟངས་ནི་གཅིག་པ་རེད།

    ཁྲིམས་ཐོག་ནས་བརྡར་ཤ་གཅོད་པའི་གོ་སྐབས་ཤིག་ཡོད་ཚེ། ཞོགས་དུང་ལ་མཚོན་ན་ཁྲིམས་ཁང་ནས་ཁོ་རང་གིས་བཤད་ཐུབ་གི་རེད། བཤད་ཤེས་གི་རེད། ཁྲིམས་ལུགས་ཀྱི་གནད་དོན་ཙམ་མིན་པར། ཁྲིམས་ལུགས་ཀྱིས་ཁ་གྲགས་གི་མེད་སའི་གནས་སྟངས་དག་ཀྱང་ཁོས་བཤད་ཤེས་གི་རེད་འདོད། དེར་བརྟེན་ཁྲིམས་རྩོད་པ་ཞིག་འཚོལ་དུ་རྒྱུག་རྩིས་ཡིན་ན་དཀའ་ལས་འཕར་མ་མིན་འགྲོ་བསམ་པ་ཡིན།

  13. རིག་གསལ། says:
    2010-04-29 at 12:38 am

    ཞོགས་དུང་སྐྱོབས་ཐབ་ལོས་བྱེད་བོད་པའི་སྐྱེད་སྡུག་མཉམ་མྱོང་རེད།

  14. རྩམ་དགའ། says:
    2010-04-29 at 1:28 am

    ཁྲིམས་རྩོད་པ་ཡོད་ཀྱང་ཕན་གི་མ་རེད་་་་་བདེན་པ་ལོག་པར་སྨྲ་བའི་སྲིད་གཞུང་ཞིག་ལ་མཚོན་ན་ཁྲིམས་ནི་རི་མོ་ཙམ་རེད། ལྷག་པར་དུ་བོད་རིགས་ཤིག་ལ་རྒྱའི་ཁྲིམས་རྩོད་པས་ཕན་མི་ཐོག་པར་དངོས་ཡོད་གནས་ཚུལ་རེད། དཔེར་མཚོན་མང་བོ་ཡོད་ནི་རེད་ལགས། དེ་ལས་ང་ཚོས་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་རེ་གནང་ཐུབ་ན་དེ་ལས་ཡན་ཞིག་ཡོད་ནི་མ་རེད་དོ།

  15. ཡ་གེ་མ་མཆུ། says:
    2010-04-29 at 3:49 am

    ཡ་ཡ་ད་ག་འདྲ་བྱེད་དགོས་རྒྱུ་རེད། དངོས་གནས་སྙིང་རྗེ་ཨ་བོད་པ་ཞིག་གི་བོད་མི་རིགས་ཀྱི་ཆེད་དུ་བཙོན་ལ་འགྲོ་དགོས་པ་རེད། དེ་མིན་ཁོ་རང་གི་སྒེར་དོན་རྩ་བ་ནས་མ་རེད་དེ་དངོས་གནས་ཧ་གོ་དགོས་པ་གལ་ཆེན་པོ་རེད་ཡ།

  16. རྒྱ་ནག་ཉམས་ཞིབ་པ། says:
    2010-04-29 at 12:54 pm

    དབྱིན་ཇིའི་སྐད་གྲགས་ཅན་གྱི་དུས་དེབ་དཔལ་འབྱོར་སྨྲ་བ་ཟེར་བའི་་སྟེང་དུའང་ཞོགས་དུང་གི་སྐོར་བཀོད་འདུག་།མི་སྲིད་པའི་ཡག་པོ་འདུག་།ཤུགས་རྒྱབ་པ་དེ་་ནུས་བ་འདྲ་ཐོན་གིན་འདུག་།མི་འཐུད་དུ་ཟེར་བ་ལས་གཞན་ཅི་ཡང་མེད་།
    http://www.economist.com/world/asia/displaystory.cfm?story_id=16010325

  17. རྩམ་དགའ། says:
    2010-04-30 at 12:57 am

    བཀུར་འོས་ལུང་རིགས་ལགས།
    ༡་་་གནམ་ས་གོ་འབྱེད་དེ་རྒྱ་ཡིག་ལ་བསྒྱུར་ཚར་ཡོད་ནི་ཨེ་རེད་ལགས།
    ༢་་་ཞོགས་དུང་ཁོང་ལ་འདྲི་གཅོད་བྱེད་མཁན་བོད་མི་དེ་ཚོ་སུ་དང་སུ་ཡིན་ཨེ་ཤེས་ལགས།
    ༣་་་ད་སྐབས་ཁོང་གི་ནང་མིའི་གནས་སྟངས་ག་འདྲ་ཞིག་གི་ཐོག་ནས་ཡོད་མེད་ཨེ་ཤེས་ལགས།
    རེད་་་ང་ཚོས་འདི་ནས་ཁོང་ལ་གདུང་སེམས་མཉམ་བསྐྱེད་གང་གནང་དགོས་སྐོར་ཁྱོད་དང་ཁྱོད་འདྲ་བའི་ཤེས་ཡོན་ཅན་རྣམས་པས་ཁ་གསལ་ལམ་སྟོན་གནང་རྒྱུར་དགོངས་འཇགས་འཚལ།
    དེ་མིན་དྲ་གྲོགས་མི་ཉུང་བ་ཞིག་གིས་ཅིག་ཅིག་མིག་མིག་ཟེར་བ་ལས་ལས་དོན་ག་འདྲ་ཞིག་བསྒྲུབ་དགོས་མི་ཤེས་ཀི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme