Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མ་འདས་སྤྲུལ་སྐུ་ཁྲི་འདོན་མཛད་རྒྱུ་རེད།

Posted on 2016-06-252016-06-25 By ཁ་བརྡ 16 Comments on མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མ་འདས་སྤྲུལ་སྐུ་ཁྲི་འདོན་མཛད་རྒྱུ་རེད།

ཨེ་མ་ཧོ།

 
དེ་ཡང་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་ན་ནིང་དབྱར་མཇུག་ཙམ་ནས་བཟུང་བླ་རུང་ནང་བསྟན་སློབ་གླིང་ནས་ཕེབས་ཐོན་གྱིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་སྐོར་སྐྱོད་མཛད་དེ། རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་བགྲོ་གླེང་མང་པོར་བཀའ་སློབ་ལམ་སྟོན་དང་། སྐད་ཡིག་མྱུར་སྐྱོབ། སེམས་ཅན་སྲོག་བླུ། རིམས་ནད་སྔོན་འགོག། ནང་བསྟན་དར་སྤེལ་སོགས་ལས་ཀྱི་བགྱི་བ་རླབས་པོ་ཆེ་ཇི་སྙེད་ཅིག་བརྩམས་པ་དག་རེ་ཞིག་གྲུབ་ཏེ་བོད་ཟླ་པཞི་པ་ཕྱི་མའི་ཚེས་པ་18 ཉིན་གདན་ས་བླ་མ་རུང་དུ་ཕེབས་གྲུབ་ཅིང་། འདི་ཟླའི་བོད་ཚེས་26སྟེ་ཕྱི་ལོ་2016/6/30ཉིན་ནས་དབུ་བཟུང་གིས་ཆོས་སྡེ་འདིའི་གྲྭ་བཙུན་དགེ་བསྙེན་ཡོངས་ཀྱི་བགོ་སྐལ་དུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་བརྩམས་གནང་བའི་དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ལྗགས་ཁྲིད་གནང་རྒྱུར་གཏན་ཁེལ་ཡོད་སྐོར་འབྲེལ་ཡོད་ཚན་པས་ཆོས་སྡེ་སྤྱི་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།

དེ་ཡང་སྙིང་གཏམ་སྤྲིན་གྱི་རོལ་མོ་ཞེས་སུ་གསོལ་བའི་དཔེ་ཆ་འདིར་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཆོས་ཀྱི་གནད་འགག་མང་པོར་དངོས་བྱུང་ལོ་རྒྱུས་དང་ཚན་རིག་གི་དཔྱད་འབྲས་སོགས་ཀྱིས་ཁུངས་སྐྱེལ་གྱིས་ངོ་སྤྲོད་གོ་བདེར་མཛད་ཅིང་། གཞན་མི་རིགས་ཀྱི་སྐད་ཡིག་དང་། གོམས་སྲོལ། ཁོར་ཡུག་སོགས་ཀྱི་གནད་དོན་མང་པོ་བསེད་བཀྲོལ་དང་ལམ་སྟོན་གནད་ལ་ཐིངས་པ་གནང་ཡོད་པས་དེང་འདིར་ང་ཚོར་ཤིན་ཏུ་རབ་ཏུ་མཁོ་གལ་ཆེ་ཞིང་སྐབས་སུ་བབ་པའི་དུས་རབས་ཀྱི་ལམ་ཡིག་མཆོག་ཏུ་གྱུར་པ་ཞིག་ལགས།

unnamed-2༼༼དེའང་འདི་སྐད་ཐོས་ཏེ། འདི་ནས་ཡར་བརྩིས་པའི་ཕྱི་ལོ་1995ལོ་ཆོས་རྗེ་མཆོག་གིས་སྙིང་གཏམ་སྤྲིན་གྱི་རོལ་མོ་བརྩམས་གྲུབ་ནས་ཚོགས་ཀྱི་དབུས་སུ་འདི་སྐད་དུ།

དེ་རིང་ངས་སྤྲུལ་སྐུ་ཞིག་ཁྲི་འདོན་བྱེད་རྒྱུ་ཡིན། དེ་ནི་ངའི་མ་འདས་སྤྲུལ་སྐུ་བྱས་ན་ཆོག། རྒྱལ་ཚབ་བྱས་ན་ཆོག། ད་དེ་ཉིད་གདན་ཡོང་ན་ཆོག་གསུངས་མཚམས། སློབ་ཚོགས་ཡོངས་ཀྱིས་མི་སུ་ཞིག་ཡིན་ནམ་སྙམ་པའི་སྒང་དུ། མཁན་རིན་པོ་ཆེ་འཆི་མེད་རིག་འཛིན་ནས་གླེགས་བམ་དེ་ཉིད་དར་དཀར་དང་བཅས་ཕྱག་གཉིས་ཀྱིས་དབུ་ཐོད་དུ་བཟུང་སྟེ་ཚོགས་དབུས་ནས་ཐད་ཀར་བྱོན་ནས་ཁྲི་ཁར་བཞུགས་སུ་གསོལ།
དེ་ནས་ཆོས་རྗེ་མཆོག་གིས། དེ་རིང་སྤྲུལ་སྐུ་དེ་མི་ཞིག་མ་རེད། སྙིང་གཏམ་སྤྲིན་གྱི་རོལ་མོ་འདི་རེད། འགྲོ་དོན་ནམ་མཁའ་དང་མཉམ་པའི་རྟེན་འབྲེལ་དུ་ཁྲི་འདོན་བྱས་པ་ཡིན། མཁན་ཚུལ་ཁྲིམས་བློ་གྲོས་ལ་སྐུ་གསུང་ཐུགས་རྟེན་གྱི་འབུལ་བ་བྱེད་དགོས་པས་ཁྱེད་འདིར་ཤོག་གསུངས་ནས། ཐོལ་བྱུང་དུ་ཚུལ་ཁྲིམས་བློ་གྲོས་ཞེས་པའི་མཚན་ཡིག་ཚང་བའི་ཤིས་བརྗོད་ཀྱི་ཚིག་བཞི་གསུངས་པ་སོགས་ཡ་མཚན་པའི་མཛད་དོ།༽༽

དེ་ལྟར་རྨད་དུ་བྱུང་བའི་ལེགས་བཤད་འདི་ཉིད་བརྩམས་པར་མ་ཟད་ཁྲི་ཁར་བཀོད་པ་སོགས་ཀྱི་མཛད་ཚུལ་དེ་དག་ལ་ཕྱི་ནང་གསང་གསུམ་གྱི་དགོས་པ་དགོངས་གཞི་བསམ་གྱིས་མི་ཁྱབ་པ་མངའ་བ་དག་ནི་དུས་ཀྱི་འགྱུར་བས་ར་སྤྲོད་བྱེད་ཅིང་བྱ་བ་ལས་ཕལ་པའི་བློ་ཡིས་དཔག་པར་དཀའ་ཞིང་སྨྲ་ལྕེས་འགྲེལ་ཐབས་བྲལ་ཨང་།

unnamed-3འོན་ཀྱང་ད་སྐབས་འདིར་ཆོས་རྗེ་ཉིད་ཀྱི་དོན་གྱི་རྒྱལ་ཚབ་ཏུ་གྱུར་པའི་བྱང་སེམས་བདག་ཉིད་ཆེན་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་སྐུ་ངོ་མས་གོང་གི་དཔེ་ཆ་དེ་ཉིད་ལྗགས་ཁྲིད་གནང་རྒྱུའི་སྐལ་བཟང་མངོན་དུ་ཤར་བ་ནི་བསྟན་དང་འགྲོ་བ་སྤྱི་སྒེར་གང་ལའང་བྱིས་པ་སྣུབ་དྲུད་བརྒྱ་སྟོང་གཅིག་སྤྲུལ་སྐུའི་མིང་གིས་བསྙད་དེ་ཁྲི་ཁར་བཞག་པ་ལས་བརྒྱ་སྟོང་ཁྲི་འགྱུར་གྱི་ཕན་ཡོན་དང་དགེ་མཚན་ཆེ་ངེས་པས་འདིར་དགོས་དབང་གིས་ཁ་བྱང་འདི་བཏགས་པ་ལས་ཚུལ་ཁྲིམས་བློ་གྲོས་ཡབ་སྲས་ཀྱི་སྐུ་ཚེའི་ནང་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན་སོགས་ཀྱི་འོ་རྒྱལ་ལྷག་མ་དེ་དག་དང་ལེན་མ་གནང་ཞིང་མི་གནང་བ་རྒྱུས་ཡོད་ཀུན་ལ་ལོས་གསལ།

ལོས་ཡིན་ཏེ་སྤྱིར་མཁན་རིན་པོ་ཆེའི་བཀའ་སློབ་གང་ལའང་། མདོ་སྔགས་རིག་པའི་གཞུང་ལ་གཞི་བཅོལ་ཞིང་། འཛམ་གླིང་ཤར་ནུབ་རིག་པས་ཟུར་བརྒྱན་ནས། ཟབ་བརླིང་མཁྱེན་བརྩེ་སྤོབས་པའི་གདེང་ཚུགས་དང་བཅས་ཏེ། ཐུན་མིན་ཁྱད་གཤིས་ལྡན་པའི་ཁྲིད་ཐབས་དང་། མཐའ་བྲལ་ལྟ་དགོངས་སྤྱོད་པའི་ཐབས་མཁས་ལ་བརྟེན་ནས་གསུངས་པ་སོགས་ཀྱི་ཁྱད་ཆོས་བླ་ན་མཐོ་བའི་ཁར། ད་རེབ་ཀྱི་བཀའ་ཆོས་འདི་ནི་ཡུལ་དུས་གནས་སྐབས་གང་ལ་བསམས་ཀྱང་། བཤད་བྱ་དང་འཆད་མཁན་ཅི་ལ་དཔག་ཀྱང་གཏན་དུ་ཕྱིར་ཡོང་མེད་པའི་གོ་སྐབས་བཟང་པོ་ཞིག་ཏུ་ཐག་ཆོད་པས། དད་འདུན་ཟབ་པའི་སློབ་ཚོགས་ཡོངས་དུས་ལས་འགྱང་མེད་ཀྱིས་ཕེབས་འབྱོར་ཡོང་གལ་ཆེ་བའི་དྲན་སྐུལ་དང་། གཞན་སྔ་སྲོལ་ལྟར་ཆེད་དུ་བླ་མའི་བཀའ་ཆོས་གསན་དུ་ཕེབས་མཁན་དག་ནས་ཀྱང་དེ་ལུགས་མཁྱེན་རྟོགས་ཡོང་བའི་འབོད་སྐུལ་འདི་ཕན་པའི་སེམས་བྱུང་ཕྲ་མོས་ཀུན་ནས་བསླངས་ཏེ་ཞུ་བ་པོ་ནི་གུས་པ་བོད་ལྕེ་རང་སྒེར་ལགས་ན་འགལ་ཞིང་ཉེས་ཆ་བྱུང་རིགས་བླ་མ་མཆེད་པོའི་ཚོགས་ལ་བཤགས་སོ།།

2016/6/24

ངོ་སྤྲོད།

Post navigation

Previous Post: བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།
Next Post: ཆུང་ཚེ་རིང་ལགས་སུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐོར་བཅར་འདྲི།

Comments (16) on “མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མ་འདས་སྤྲུལ་སྐུ་ཁྲི་འདོན་མཛད་རྒྱུ་རེད།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-06-25 at 10:30 pm

    མཁན་རིན་པོ་ཆེ་འཆི་མེད་རིག་འཛིན་ཞབས་ཀྱིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་འདེམས་སྐོ་རྨད་བྱུང་མཛད་པ་བོད་ལྕེ་རང་སྒེར་མཆོག་གིས་བྲིས་པ་ངོ་མཚར་ཆེ་བ་མཆིས་པས་བཀའ་དྲིན་ཆེ་ཞུའོ། འོན་ཀྱང་བོད་རིག་གཞུང་དཔེ་ཆ་རྣམས་ན་མེད་པའི་མིང་ཚིག་འགའ་ལ་ངོ་རྒོལ་བྱེད་དགོས་པ་འདུག དེ་དག་ནི། དངོས་མ་ལ་ངོ་མ་དང་། འོང་ལ་ཡོང་། ད་རེས་ལ་ད་རེབ་བཅས་ཡིན་ནོ།

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-06-26 at 4:55 am

    ་་་་་་་་་ དེ་རིང་སྤྲུལ་སྐུ་དེ་མི་ཞིག་མ་རེད། སྙིང་གཏམ་སྤྲིན་གྱི་རོལ་མོ་འདི་རེད། ་་་་་་་་

  3. ཏི་སི། says:
    2016-06-26 at 6:53 am

    ཨེ་མ་ཧོ། ཟེར་མཁན་དེས་ཁོ་རང་མཁན་ཚུལ་བློ་ལ་དད་འདུན་ཡོད་འདོག་རེད་ཀྱང་དོན་ལ་མཁན་པོ་ཚང་ལ་དེ་ལས་ལྟ་ལོག་བསྐུར་འདེབས་ཅན་གཞན་ཅི། མཁན་ཆེན་ཡབ་སྲས་གཉིས་ལ་བླ་སློབ་རྒྱུད་འཛིན་ཅན་སངས་རྒྱས་གཏད་རབ་ལྟ་བུ་སློབ་བུ་ཞིག་ཡིན་པ་ལས། མ་འདས་སྤྲུལ་སྐུ་ཞུ་ན་ཆེ་རྒྱུ་ཅི་ཡོད། མ་གཞི་ཨེ་མ་ཧོ་ཚང་མི་དེས་ཉིན་གཅིག
    མཁན་ཆེན་ཚུལ་བློ་འཛམ་གླིང་ཤར་ནུབ་སྤྱོད་མི་ཐུབ་པའི་ལས་ཅན་བཟོ་ན་མི་ཤེས། མི་དྲན་དགུ་དྲན། མི་བྱེད་དགུ་བྱེད་མཁན་ཞིག་རེད། ཁྱོད་ལྟ་བུ་ཞིག་ཁ་སྔོན་ཡང་རྙིང་མའི་འཛིན་ཞིག་བསྡམས། ད་ཡང་མཁན་ཆེན་ཚང་མ་འངས་སྤྲུལ་སྐུ་ངོས་འཛི་་བྱས་ཧཧཧ།

  4. གཡག་རྒོད། says:
    2016-06-26 at 1:49 pm

    སངས་རྒྱས་ཀྱི་བཀའ་ལས་ལྷག་པའི་ཁྲི་འདོན་ཡིན་ན་ཅིག་བྱེད་དགོས་བ་མེད་འགྲོ མི་འདི་ཚོ་འཇིག་རྟེན་གྲགས་པ་ཁོ་ནས་བཟི་ཡོད་པ་ཅི་འདྲའི་སྙིང་ན་བ་ལ།

  5. ཨ་ཁུ་འབྲོག་པ། says:
    2016-06-27 at 7:09 am

    མཆན་འགོད་གནང་མཁན་ཚོས་དཔྱད་བརྗོད་ཀྱི་ནང་དོན་ངོ་མ་རྟོགས་མེད་པ་འདྲ།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-27 at 10:17 am

    ཨ་ཁུ་འབྲོག་པ་མེད་ཚེ་མཆན་འགོད་ཚོས་དཔྱད་བརྗོད་ནང་དོན་རྟོགས་རེ་བྲལ། ཧཧཧཧཧ་་་་་ནག་ཁུངས་ནས་འབར་རྫས་འཇོག་པར་དཀའ་ལས་ཨང་། སྤྲུལ་སྐུ་ངོས་འཛིན་འདྲ་གླེགས་བམ་ཀློག་རྒྱུ་ཅིག་མ་རེད་དམ། ཧང་སངས་མདོག་ལའང་།

  7. རླུང་ཐོག། says:
    2016-06-27 at 7:16 pm

    མི་འཚོའི་མི་མང་གི་ཟུང་ཁྲག་འཇེམས་ཁོ་ན་ལས་ཕན་སེམས་གཅིག་ཀྱང་མེད། སྐྱེ་བ་གཅིག་ལ་སྐྱེ་ལུས་གཉིས། ལྟས་ངན་རང་རེད།

  8. ཉི་མ། says:
    2016-06-28 at 2:31 am

    སྲིད་དོན་པ་དང་འཇིག་རྟེན་ཆོས་བརྒྱད་པ་འདི་ཚོའི་བྱེད་རྒྱུ་འབེལ་བ་ལ། ཨ་ཁ་ཁ།

  9. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2016-06-28 at 8:40 am

    འདི་ནི་༧གོང་ས་ཆེན་པོས་འུ་ཚོར་དམངས་གཙོའི་ལམ་བཟང་བསྩལ་བ་དང་མཛད་པ་སྒོ་ཀུན་ནས་མཚུངས་སོ།

  10. བཀྲ་ཤིས། says:
    2016-06-29 at 10:18 am

    སྐྱོན་བརྗོད་འདི་དང་འདི། སྐྱོན་བརྗོད་འདི་ལ་དགག་པ་འདི་ཡིན་ཟེར་བའི་ཚིགས་བཅད་གཅིག་ཀྱང་མེད་ནའང། ལྟས་ངན་སོགས་མ་རངས་པའི་ངན་ཚིག་གང་དྲན་འདོད་རྒྱལ་དུ་སྨྲ་བའི་རིགས་རྣམས་ནི་དཔེར་ན། བདུད་ལྷས་བྱིན་དང་དགེ་སློང་ལེགས་སྐར་གཉིས་ནས་བཅོམ་ལྡན་འདས་ལ་མི་སྡུག་པའི་རང་བཞིན་དང་སྐྱོན་གྱི་གོང་བུར་མཐོང་བ་དང་ཅི་མི་འདྲ།

  11. ཉི་མ། says:
    2016-07-01 at 8:39 am

    མཁན་ཚུལ་བློ་འདི་ཚད་མའི་རིགས་པ་ལ་རྩ་ནས་མི་དགའ་བ་དེ་ག་རེ་ཡིན་ནམ།

  12. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-07-01 at 9:02 am

    མཁན་པོ་ཚུལ་བློ་ཚད་མ་རིག་པ་ལ་མ་དགའ་བ་དེར་ཁོ་རང་གིས་བསམ་པའི་འཁྱེར་སོ་ཅིག་རེད། དེར་ཧང་སང་ཡ་ཡོད་མ་རེད། དེང་སང་བླ་རུང་སྒར་ལ་རྐྱེན་ཆག་ཅིག་འོང་གི་ཡོད་པ་འདི་མཁན་ཆེན་ཚོས་འགྲོ་འདུག་བྱ་སྤྱོད་དང་འབྲེལ་བ་ཆེན་པོ་ཡོད་པ་སྨྲོས་མི་དགོས་པ་རེད། མི་མང་གིས་གོང་དུ་བཀུར་འོང་དུས་རང་སྣང་ཆེན་པོ་ཅིག་༼སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་ན་ལས༽ སྐྱེས་ནས་ཕོ་ངས་འཇོན་ཡོད་བསམ་པས་བྱ་སྤྱོད་ཀྱིས་ཆབ་སྲིད་པའི་གནད་ཡོད་མི་སྣ་ལ་འཕོག་ཐུག་གཏོང་གི་ཡོད། ཆབ་སྲིད་པར་གནད་ལུགས་དྲང་བདེན་བཤད་ས་མེད། གང་ན་ཁེ་བཟང་ཡོད་ན་དེར་འབྱར་འགྲོ་བ་ཆོས་ཉིད་རེད་ལ་ད་དུང་ཡང་མཁན་ཆེན་ཚོ་ནུབ་གླིང་དང་ལྷག་པར་དུ་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་ཡུལ་གྲུ་ནང་འགྲུལ་སྐྱོད་མང་དྲག་ན་ཉིན་གཅིག་རི་ཁྲོད་ལ་མ་གཏོགས་འགྲོ་དབང་མེད་པར་ཅིག་བཟོ་ངེས་པར་མེད། དེས་ན་ད་ལྟ་ནས་ཐབས་མཁས་སྒོས་ཕྱག་ལས་གནང་རྒྱུ་གལ་ཆེ་མི་འདུག་གམ།

  13. བཀྲ་ཤིས། says:
    2016-07-01 at 2:35 pm

    བཅོམ་ལྡན་འདས་ནས་ཆོས་འཁོར་རིམ་པ་གསུམ་གྱི་ནང་དུ་རིག་ལམ་དང་ཚད་མའི་གཞུང་གང་དུ་ཡང་མ་གསུང། མི་མཁྱེན་པ་ནི་ག་ལ་ཡིན་ཏེ་ཐམས་ཅད་མཁྱེན་པ་ཡིན་པས་སོ། དེ་བཞིན་མཁན་ཆེན་ཚུལ་བློས་རྟོག་གེ་རྐྱང་པའི་ཐལ་བརྡབ་རྩོད་པའི་ལམ་ལུགས་ཀྱི་རིགས་ལམ་ལ་མི་མཉེས་པ་དང་གལ་ཆེན་མི་བརྩི་བ་དེས། ཁོང་ཡང་དག་ཚད་མ་གསུམ་གྱི་དོན་མི་མཁྱེན་པ་ནི་ག་ལ་ཡིན་ཏེ་མིག་མཐོང་ལག་ཟིན་མངོན་སུམ་ཚད་མས་གྲུབ་བོ།

  14. ཉི་མ། says:
    2016-07-02 at 3:51 am

    བཀྲ་ཤིས་ལགས། བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཆོས་འཁོརརིམ་པ་གསུམ་པོའི་བཀའ་རྣམས་ཆ་ཚང་བཀླག་ནས་དེ་དག་གི་ནང་དུ་ཚད་མའི་རིག་ལམ་བསྟན་མི་འདུག་གསུང་གི་ཡོད་དམ། ཡང་ན་ཧོ་ཚོད་བྱེད་ཀྱིས་བཤད་ཀྱི་ཡོད། གསུངས་དང་ལགས།

  15. ཀརྡོ་གཉེར་ཕྱག་པ་་ says:
    2016-07-02 at 5:56 am

    མདོ་ལས།
    ་་་་་་
    དུ་བ་ལས་ནི་མེར་ཤེས་དང་། །
    ་་་་ཞེས་སོགས་ཀྱིས་ཚད་མའི་རིགས་ལམ་བསྟན་ཡོད་རེད།

  16. བཀྲ་ཤིས། says:
    2016-07-02 at 11:15 am

    རྒན་ཉི་མ་ལགས། ཆོས་འཁོར་དང་པོ་བདེན་པ་བཞི། གཉིས་པ་མཚན་ཉིད་མེད་པ། གསུམ་པ་ངེས་དོན་རྣམ་པར་འབྱེད་པ་ཞེས་ཡོངས་སུ་གྲགས་པ་དེ་ལས་ཕོ་ཚོད་དང་ཧོ་ཚོད་བྱེད་རྒྱུ་གང་ལྷག་འདུག་པས་ལགས། ཚད་མའི་གཞུང་འདི་དང་འདི་གསུང་རེད་ཅེས་གསལ་ཁ་སྟོན་གནང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme