Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་སྐབས་༡༥པའི་བཀའ་བློན་བདུན་མང་མོས་འོས་འདེམས།

Posted on 2016-06-012016-06-04 By རེབ་གོང་བཀྲ་ཤིས། 38 Comments on བཀའ་ཤག་སྐབས་༡༥པའི་བཀའ་བློན་བདུན་མང་མོས་འོས་འདེམས།

ཡོང་ཁུངས། བོད་ཀྱི་དུས་བབ།

 
དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པ་མཚན་འདོན་གནང་བ་ལྟར་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་།
དེ་རིང་སྔ་དྲོར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ནང་བཀའ་བློན་འོས་མི་ ༧ མཚན་འདོན་གནང་སྐབས་སྤྱི་འཐུས་ཚོས་དགག་བྱ་བྱུང་སྟབས། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་འཐུས་ངོ་ཡོད་ཚོས་གསང་བའི་འོས་ཤོག་འཕངས་ཏེ་བརྒྱ་ཆ་ ༥༠ ཡན་ཐོབ་ཚེ་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ནང་སྤྱི་འཐུས་ ༤༣ ཡོད་པ་དག་གིས་འོས་ཤོག་འཕངས་ཏེ་བཀའ་བློན་འོས་མི་ཚང་མར་མང་མོས་ཐོབ་སོང་།

གསང་བའི་འོས་ཤོག་འཕེན་སྐབས་ཤེས་རིག་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་ལ་འོས་གྲངས་ ༢༩ ཐོབ་ཡོད་པ་དང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་འོས་གྲངས་ ༣༧ ། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་འོས་གྲངས་ ༣༨ ། བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཕགས་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡ ། སྤྱི་ཟུར་ཀརྨ་ཡེ་ཤེས་མཆོག་ལ་འོས་གྲངས་ ༢༧ ། སྤྱི་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག་ལ་འོས་གྲངས་ ༢༤ ། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ལ་འོས་གྲངས་ ༢༥ བཅས་ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།

བཀའ་ཤག་སྐབས་སྔ་མ་དག་གི་འགྲོ་སྟངས་ལྟར་ན། བཀའ་བློན་ཁྲི་པའམ་སྲིད་སྐྱོང་གིས་བཀའ་བློན་འོས་མི་དག་གི་ལོ་རྒྱུས་སྙིང་བསྡུས་ཡིག་ཐོག་ནས་གྲོས་ཚོགས་ནང་བཀྲམས་རྗེས། སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་རེ་རེ་བཞིན་མཚན་དང་ལོ་རྒྱུས་གྲོས་ཚོགས་ལ་སྙན་གསེང་ཞུས་ཏེ། སྤྱི་འཐུས་ཚོས་མང་མོས་སྤྱི་མོས་གང་ཐོབ་ལྟར་ཐག་གཅོད་གནང་སྲོལ་ཡོད་ཀྱང་། ཐེངས་འདིར་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་དག་གི་ལོ་རྒྱུས་གྲོས་ཚོགས་ནང་མ་བཀྲམས་པར། གྲོས་ཚོགས་ཡར་ཚོགས་མ་ཐག་ཐད་ཀར་ཤེས་རིག་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་གི་ལོ་རྒྱུས་སྒྲོགས་སྦྱང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་ལས་རིམ་རྣམ་བཞག་གནང་སྟེ། འོས་འདེམས་མ་གནང་སྔོན་ལ་བཀའ་བློན་འོས་མི་དག་གི་ལོ་རྒྱུས་ངེས་པར་དུ་གྲོས་ཚོགས་ནང་བཀྲམས་དགོས་སྐོར་གསུངས་པ་མ་ཟད། སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་དངོས་གྲུབ་ཚེ་རིང་ལ་དཔྱ་ཁྲལ་ལག་དེབ་ཡོད་མེད་དོགས་འདྲི་ཞུས་པ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐེངས་འདིར་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་མཚན་འདོན་གནང་སྟངས་དེའི་དབང་གིས་བཀའ་བློན་འོས་མི་ཚང་མར་དགག་པ་རྒྱག་རྒྱུ་ཡིན་ཚུལ་གསུངས་པ་བཅས་ལ་བརྟེན་ཏེ། བཀའ་བློན་འོས་མི་དག་གི་ལོ་རྒྱུས་སྙིང་བསྡུས་གྲོས་ཚོགས་ནང་བཀྲམས་རྗེས་འོས་མི་རེ་རེ་བཞིན་འོས་ཤོག་འཕངས་ཏེ་མང་མོས་ཐོབ་ཡོད།

13346802_10153896985474818_2832187061578419803_nཐེངས་འདིར་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་བདུན་གྱི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་བའི་ནང་། བདམས་འཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནི། མཐོ་སློབ་ཐོན་རྗེས་ ༡༩༧༩ ལོར་སྐབས་ ༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་དང་། ༡༩༨༣ ལོ་ནས་བཟུང་ཞབས་ཞུས་བསྒྲུབས་ཏེ་རིམ་བཞིན་ཟློས་གར་འགན་འཛིན་དང་ཤེས་རིག་དྲུང་ཆེ། ནང་སྲིད་དྲུང་ཆེ་བཅས་གནང་། ཨ་རིར་ནང་མི་ཟླ་བསྒྲིལ་ཆེད་ལོ་ཤས་བསྐྱོད་རྗེས་ ༢༠༡༢ ལོ་ནས་སླར་ཡང་ཤེས་རིག་དྲུང་ཆེ་གནང་མུས་ཐོག ༢༠༡༤ ལོར་སྐབས་ ༡༤ པའི་བཀའ་ཤག་ཏུ་འོས་ཐོན་གྱིས་ཤེས་རིག་བཀའ་བློན་གྱི་མཛད་འགན་བཞེས་ཡོད་འདུག

Kama-Geleck

བདམས་ཐོན་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནི། ནང་པའི་གཞུང་ཆེན་སློབ་གཉེར་དང་དབྱིན་ཇིའི་སྐད་ཡིག་ཐོག་ M.A ཐོན་རྗེས་ཕྱི་ལོ་ ༡༩༨༦ ལོ་ནས་གཞུང་ཞབས་ཞུས་ཏེ། རིམ་བཞིན་ཆོས་རིག་དྲུང་ཆེ་དང་། ཉི་ཧོང་སྐུ་ཚབ་དོན་གཅོད། ཤེས་རིག་དྲུང་ཆེ་བཅས་གནང་མཐར་ ༢༠༡༢ ལོར་བཀའ་དྲུང་དུ་བསྐོ་བཞག་གིས་ད་བར་ལས་འཁུར་གནང་མུས་ཡིན་འདུག

13307237_10153896985554818_1884542438760284752_n

བདམས་ཐོན་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནི། སློབ་གཉེར་ཐོན་རྗེས་ཕྱི་ལོ་ ༡༩༧༩ ནས་གཞུང་ཞབས་ཞུས་ཏེ་རིམ་བཞིན་ཐེག་པ་རིམ་འཛེགས་ཀྱིས་ ༢༠༠༡ ལོ་ནས་དྲུང་ཆེར་བསྐོ་གཞག་གིས། སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་བཅས་གནང་བ་དང་། ༢༠༡༢ ནས་བཟུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་གནང་མུས་ཡིན་འདུག

13321733_10153896985639818_36885332944761912_n

བདམས་ཐོན་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ནི། བོད་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་རྗེས་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་འབྱོར་བ་དང་། ༡༩༩༣ ལོ་ནས་གཞུང་ཞབས་ཞུས་ཏེ་རིམ་བཞིན་ཐེག་པ་རིམ་འཛེགས་ཀྱིས་ཕྱི་ལོ་ ༢༠༡༤ ལོ་ནས་བདེ་སྲུང་འཛིན་སྐྱོང་དྲུང་ཆེའི་ཕྱག་ལས་གནང་མུས་ཡིན་འདུག

13315601_10153896985664818_3024504984336662891_n

བདམས་ཐོན་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནི་ B.A དང་། B.Ed. ཐོན་རྗེས་ཕྱི་ལོ་ ༡༩༩༠ ནས་ལོ་བཞིའི་རིང་དགེ་རྒན་དང་། ༡༩༩༥ ལོ་ནས་སྐབས་གཉིས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ༢༠༠༣ ལོ་ནས་ ༢༠༡༡ ལོའི་བར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༣ དང་ ༡༤། ༡༥ བཅས་ཀྱི་སྤྱི་འཐུས་བཅས་གནང་ཡོད་འདུག

13330896_10153896985699818_1020711854483349835_n

བདམས་ཐོན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནི། B.A ཐོན་རྗེས་ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་དང་། ༢༠༠༨ ནས་ ༢༠༡༥ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐབས་ ༡༤ དང་ ༡༥ པའི་སྤྱི་འཐུས་ཀྱི་ལས་འཁུར་གནང་ཡོད་འདུག

13319985_10153896985714818_6551437428304674485_n

བདམས་ཐོན་བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ནི། གསར་འགྱུར་རིག་པའི་ཐོག་ M.A ཐོན་རྗེས་སླར་ཡང་ཨིན་ཡུལ་ནས་ M.A ཐོན་པ་དང་། ད་ལྟ་འབུམ་རམས་པའི་སློབ་གཉེར་བྱེད་མུས་ཡིན་འདུག་ལ། ༢༠༠༩ ནས་ ༢༠༡༢ ལོའི་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་དང་། ༢༠༠༩ ལོ་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་ཞུ་མུས་ཡིན་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ དང་ ༡༦ པ་གཉིས་ནང་སྤྱི་འཐུས་གནང་མུས་བཅས་ཡིན་འདུག

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: ཨ་མཆོག་མི་མང་གི་ཞི་རྒོལ།
Next Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འབྱེད།

Comments (38) on “བཀའ་ཤག་སྐབས་༡༥པའི་བཀའ་བློན་བདུན་མང་མོས་འོས་འདེམས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-01 at 8:59 am

    ཁ་དར་དཀར་པོ་དྭངས་གཙང་དྲི་མེད་ཅིག་གིས་བཀའ་བློན་རྣམས་པར་མཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཡོད། ས་ཡ་དྲུག་གི་ཆེད་དུ་ནུས་ཤུགས་གང་ཡོད་སྟོན་ཐུབ་པའི་རེ་འདུན་ཡོད་དོ།།

  2. ནུབ་ཕྱོགས་གངས་ཕྲུག says:
    2016-06-01 at 10:05 am

    ཀརྨ་ཡེ་ཤེས་དང་ཆོས་སྐྱོང་དབང་ཕྱུག་གཉིས་ནི། འཇོན་ཐང་ཡོད་མཁན་ཞིག་མ་རེད། ཁོ་གཉིས་ལ་སྤྱི་འཐུས་ཀྱི་འོས་ཡང་ཐོབ་མི་འདུག གང་ལྟར་བློ་སེང་གི་ཨབ་ཕྲུག་ཡིན་གྱི་རེད།

  3. ཨ་ཁུ་འབྲོག་པ། says:
    2016-06-01 at 11:44 am

    ད་འགྲིག་འདུག གསུང་སྐད་མ་བཀྱོན། གྲྭ་གཟུགས་གཡག་རྒོད་ཀྱི་བཟོ་འདྲ་བོ་དེ་ཚོ་བཀའ་བློན་ལ་མིང་འདོན་མ་བྱས་པ་དེ་གས་འཐུས་པ་རེད། ད་དེ་འདྲ་ཞིག་རེད། དེ་ཙམ་མ་གཏོགས་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་མ་རེད། ཚང་མས་དགའ་བསུ་ཞུས།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-01 at 12:14 pm

    བཀའ་བློན་གསར་པ་ཚོར་དགའ་བསུ་ཞུ་རྒྱུའི་ཚབ་ཏུ་སྐྱོན་འཛུགས་བྱེད་པ་དེ་བོད་མི་རིགས་ཀྱི་བཟང་སྤྱོད་དང་མ་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་།

  5. དྲང་སྲོང says:
    2016-06-01 at 12:46 pm

    བཀའ་བློན་ཚང་མར་མཚམས་འདྲི་བཀྲིས་བདེ་ལེགས་དང་འཆམ་མཐུན་ངང་སྤྱི་དོན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

  6. ཨ་ཁུ་འབྲོག་པ། says:
    2016-06-01 at 12:58 pm

    གང་ལྟར་ད་རེས་སྲིད་སྐྱོང་གིས་བཀའ་དྲིན་ཆེན་པོ་གནང་འདུག ལོས་ཡིན། ཟ་སྐད་འཐུང་སྐད་མི་ཤེས་པའི་གྲྭ་གཟུགས་གཡག་རྒོད་འདྲ་བ་དེ་ཚོ་དང་། གསེར་རྟ་ཚུལ་ཁྲིམས་དང་། འཇུ་ཆེན་དཀོན་མཆོག་ལྟ་བུ་བཀའ་བློན་ལ་མིང་འདོན་མ་བྱས་པ་དང་། ཀླད་རྙིང་ཕྱོགས་རིས་ཀྱི་གཞི་མ་པདྨ་ཆོས་འབྱོར་ལྟ་བུ་རང་འཇགས་མ་བཞག་པ་བཀའ་དྲིན་ཆེ། གལ་ཏེ་མིང་འདོན་བྱུང་ན་དགག་བྱ་ཡོད་མེད་ལ་མ་ལྟོས་པར་མང་མོས་འགྲོ་རྒྱུ་ཉག་ཅིག་རེད། དེ་ནས་ལྟད་མོ་ཡོད། ང་ལྟ་མངའ་རིས་འབྲོག་པ་ཡིན་ཙང་ཨའུ་ཙམ་ཡིན་འགྲོ། དེ་མིན་པའི་དབུས་གཙང་དང་། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཨ་མདོ་རྣམས་གསོན་པོར་ལྤགས་པ་བཤུ་ཡག་རེད།

  7. ནུབ་ཕྱོགས་གངས་ཕྲུག says:
    2016-06-01 at 1:24 pm

    ཨ་ཁུ་འབྲོག་པ། ང་ཡང་མངའ་རིས་འབྲོག་པ་ཡིན། འབྲོང་གི་བརྒྱུད་པ་ཡིན། རོང་ཕྲུག་བློ་སེང་ལ་སྐྱོན་མཚང་ངའི་འདོན་དགོས། མ་འགྲིག་པ་བྱུང་ན་སྐྱོན་དང་ལེགས་པོ་བྱུང་ན་དགའ་བསུ་ཞུ་གི་ཡིན།

  8. གངས་སེང། says:
    2016-06-01 at 1:46 pm

    ལས་འགན་མ་འཁུར་གོང་ནས་དགག་པ་དང་སྐྱོན་འཛུགས་བྱས་ཡོང་བ་དེ་ཏན་ཏན་སྐྱོན་མཐོང་མཁན་གྱི་བསམ་བློར་སྐྱོན་ཡོད་པ་བསྟན་པ་རེད།

  9. མྱྀ་ནག says:
    2016-06-01 at 1:50 pm

    ཉིས་སྟོང་བཅུ་གཅིག་ལོར་སྲིད་སྐྱོང་གཙོས་ཕྱག་རོགས་བཀའ་བློན་རྣམས་ལ་ཡིད་ཆེས་གཙང་མ་བྱས་ཏེ་རེ་བ་རི་འདྲ་བ་ཞིག་བཟུང་ཡིན། འོན་ཀྱང་། ཨ་མདོའི་གཏམ་དཔེར། རྫ་ཁྲ་ཡག་ཁ་རི་འགྲིམས་ཚར།། འབྲོག་རྭ་མེད་ཡིན་པ་རིག་ཚར་ཞེས་པ་བཞིན་ད་ལོ་ནས་རེ་བ་བརླགས་ཚར་སོང་།

  10. དྲང་སྲོང says:
    2016-06-01 at 2:14 pm

    དྲ་འབུ་ཚོ་རང་བསྡད་སར་མི་ཞོག་མི་བསྡད་སར་རང་བསྡོད་སྐྱབས་མགོན་ཡིད་བཞིན་ནོར་བུས་ཐུགས་ཕམ་གྱིས་བཀའ་སློབ་སྔ་ཕྱི་ག་ཚོད་གནང་སོང་ཡིད་ལ་སེམས་གཞན་སྐྱོན་རྐྱང་རྐྱང་མ་བརྗོད་རང་གིས་བྱ་སྤྱོད་ལ་ཡང་བརྟག་དཔྱད་བྱོས།

  11. ཁ་བ་རི་བ says:
    2016-06-01 at 2:48 pm

    དྲང་སྲོང་ལགས་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་ཡོད་།

  12. སྤོབས་པ་མཐའ་ཡས། says:
    2016-06-01 at 8:05 pm

    བཀའ་བློན་གྱི་གྲས་སུ་གྲ྄་བཙུན་ཁ་ཤས་སླེབས་པའི་རེ་བ་བརྒྱབ་ཡོད། ཡིན་ན་ཡང་། བཀུར་འོས་གཡུ་ཐོག་ཀརྨ་དགེ་ལེགས་གཅིག་པོ་ལས་གཞན་ཚང་མ་མི་སྐྱ་རེད་འདུག འོན་ཀྱང་ད་ལྟའི་སྲིད་སྐྱོང་མཆོག་ནི་དེང་རབས་ཚད་མཐོའི་ཤེས་ཡོན་གྱི་གནས་ཚད་ལྡན་ཞིང་བཙན་བྱོལ་བོད་མིའི་སྐྱིད་སྡུག་གནས་བབ་ལ་མཁྱེན་པ་ལ་ཁོང་ལས་ལྷག་པ་མེད་པར་ཡིད་ཆེས་གཙང་མ་ཡོད།

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-01 at 10:45 pm

    ད་འགྲིག་འདུག་ཚོགས་སྐྱིད་ཀྱི་རྗེས་སུ་ཡར་རྒྱུགས་མར་རྒྱུགས་བྱེད་
    མཁན་གཅིག་ཀྱང་བཀའ་བློན་ལ་སླེབས་མི་འདུག་ཡག་པོ་བྱུང་འདུག་
    དཐུགས་རྗེ་ཆེ་བཀྲིན་ཆེ་།

  14. ཨ་འབར་འཇིགས་དབང་། says:
    2016-06-01 at 11:15 pm

    ༅༅། བཀའ་ཤག་སྐབས་༡༥་པའི་བཀའ་བློན་བདམས་ཐོན་རྣམས་ལ་བཀྲིས་བདེ་བད་ལེགས་ཞུ་གི་ཡོད་
    ཁྱེད་རྣམས་ནས་༧མགོན་པོ་མཆོག་གི་བཀའ་སློབ་ཇི་གནང་རྣམས་ཐུགས་ལ་རྒྱུན་དུ་བཞག་རོགས་གནང་།
    ལྷག་པར་དུ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་དམིགས་བསལ་མཚམས་འདྲི་ཡོད།
    ལོ་གཞོན་ཤོས་དང་བེུད་ཀྱི་བཀའ་བློན་གཅིག་པུ་དེ་ཡིན་འདུག་
    ཉིན་མ་གཅིག་མཇལ་ཡོང་ལོ། ཤུགས་རྒྱོབས་།

  15. ཅང་ཤེས་རྟ་མཆོག says:
    2016-06-01 at 11:50 pm

    ད་ཡིན་ན་ལྟད་མོ་འདུག ཀརྨ་ཡེ་ཤེས་དང་ཆོས་སྐྱོང་དབང་ཕྱུག ཟླ་སྒྲོན་ཤར་གླིང་གསུམ་ནི་བཀའ་བློན་གྱི་འོས་ཆོས་མེད། ལོ་ལྔའི་འཁྲབ་སྟོན་ད་ལྟ་འགོ་བཙུགས་ཚར་སོང་ཡིད་ཆེས་བརྒྱ་ཆ་གཅིག་ཙམ་ཡང་སློབ་བཟང་སངས་རྒྱས་ཀྱི་བཀའ་ཤག་ལ་མེད། xxxx

  16. ཀ་བ་ཚེ་རིང་ says:
    2016-06-02 at 12:05 am

    བྱང་ཨ་རིའི་སྤྱི་འཐུས་པད་མ་ཕྱག་མཛོད་ཚང་གི་འཁྲབ་སྟོན་འགོ་བཙུགས་ཟིན་ཡོད་པ་གོ་རྒྱུ་འདུག་། ཁོང་པར་ཤ་ཚོང་པ་ཆོས་རིག་བཀའ་བློན་ལས་འཁུར་འཁྱུར་བ་པད་མ་ཆོས་འབྱོར་གྱིས་ཕྱག་མཛོད་ཚང་གི་རྨོ་པད་མ་ལགས་བཀའ་བློན་ལ་བསྐོ་སྲིད་པའི་རེ་བ་སྟོང་པ་སྦྱིན་ཏེ་བསླུ་ཁྲིད་བྱས་ཡོད་པ་གོ་རྒྱུ་ཡོད་། གྲོས་ཚོགས་ཀྱི་ཁྲབ་གཞུང་ལེའུ་དང་པོ་པད་མ་ཕྱག་མཛོད་ཚང་གི་ཁྲབ་མཚན་དེ་གཟིགས་ཕུལ་ཞུས་ཟིན་འདུག་།
    ད་ལྟས་མོ་འདུག་།

  17. གཡུ་ཐོག says:
    2016-06-02 at 12:09 am

    ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་དངོས་ཡོད་གནས་ཚུལ་རེད་འདུག མོ་རང་ད་ལྟ་རང་ལོ་ 33 རེད་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རང་ལོ་ཧྲིལ་བོ་ 35 ལོན་དགོས་ཞེས་འཁོད་འདུག

    ཟླ་སྒྲོན་ཤར་གླིང་གི་ལོ་རྒྱུས་འདི་ན་འདུག http://www.hercampus.com/school/u-mass-amherst/campus-celebrity-tenzin-dhardon-sharling

  18. ནོར་བུ says:
    2016-06-02 at 12:25 am

    བཀའ་བློན་གྱི་ལོ་ཚད་ནི་བོད་ལུགས་ལྟ་ལོ་༣༥ དགོས་པས རྩ་ཁྲིམས་ནང་གསལ ཉིན་དང་པོའི་དམ་བཅའ་བཞག
    ༧ གོང་ས་མཆོག་ལགས བོད་མི་དམངས་ནོར་བ་མ་ཡིན

    ༼ བཀའ་ཤག་མིང་དེ་གསར་པ་ཞིག་དགོས་པའི་དུས་ཤར ༽

  19. བདེན་པའི་རྒྱབ་ལངས། says:
    2016-06-02 at 1:14 am

    #17 གཡུ་ཐོག རོ་མོ་མཐོང་པར་མ་ངུ་ཨ་སྲིད་སྐྱོང་སློབ་སངས་རྒྱས་ཀྱི་རང་གི་ལས་རོགས་བུད་མེད་གཅིག་རང་ཡོད་པ་དེས་ལོ་གྲངས་ཡན་ཆོད་གཏན་འཁེལ་མེད་པ་ཞིག་ལས་རོགས་སུ་འཁྲིད་ཡོང་བ་དེ་སུ་ལ་མཐོང་ཆུང་དང་། སུ་ལ་བརྙས་བཅོས། སུ་ལ་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད་གསུང་དང་། ཕྱོགས་གཅིག་ནས་ཁྱེད་ཀྱི་མོ་རང་གི་ལོ་རྒྱུས་སྙིང་བསྡུས་འཁོད་པའི་དྲ་རྒྱ་དེ་ཡང་བསྐྱར་ཞིབ་ཚག་བྱས་མགོ་འཇུག་བར་གསུམ་ཆ་ཚང་བ་ཞིག་ཀློག་དང་དེ་ནས་ཁ་བརྡ་དྲ་བར་སྡུག་སྐད་རྒྱབ་ན་མི་ལེགས་སམ། ཧ་ཧ་ཧ་ཧ་ཧ།

  20. ཏི་སི། says:
    2016-06-02 at 3:58 am

    བཀྲིས་བདེ་ལེགས། དྲ་འབུ་ཚོ་དོན་མེད་འཁོན་འཛིན་རླུང་མ་བཏོན་རིག

  21. ནོར་བུ says:
    2016-06-02 at 4:01 am

    གང་ལྟར་བཙན་བྱོལ་ནང་བོད་མི་དྲུག་ཁྲི་ཙམ་གྱིས་མང་གཙོའི་ལམ་ལ་ཞུགས་ཀྱང དོན་དངོས་པོའི་ཐོག་ཆོས་སྲིད་གཉིས་ལ་བློ་སེམས་དཀར་པོ་སྟོན་ཡོད་མེད་སུ་ཀྱང་བཤད་ཚོད་དཀའ་མོད
    ཟླ་བ་ཕུན་སྐྱིད་ཀྱིས ཉི་མ་དང་པོར་དམ་བཅའ་བཞག
    ཉིན་གཉིས་པའི་ཐོག ཤེས་མེད་ལྐུག་རྟགས་ཚ་པོ་ཞིག་སྟོན་འདུག
    དཔེ་ན ཁྲིམས་ཞིབ་བ་ནི ལོ་གསུམ་ཟླ་གསུམ་ནང་ཞལ་མཇལ་ཡང་གསུང་མི་བྱོན ། བཀའ་ཤག་ནང ཆུ་ངོགས་གཏམ་རྒྱུགས་ནང་བཞིན་དང ལོ་གཞོན་མང་པོ་གཞས་དང་ཞ་བྲོ་དགོས་རབ་རྗེས་མ་ཁྱེར་རང་ཚང་མར་སྐྱིད་པའི་ཉི་མ་ཤར་ཟེར །
    སྤྱི་འཐུས་ནས ཚོགས་གཙོ་ཕྱེད་ལཊ་དབུ་བཞུགས་ཐོག
    གསར་འགྱུར་རྣམས་ཡང་བཤད་ཙམ་ལས སོ་སོར་ཕྱི་ཡི་རྒྱལ་ཁབ་ཁག་ལ་འགྲོ་འདོད་རྐྱང་རྐྱང་བྱས མདོ་ན་ཕྱི་རྒྱལ་གྱི་སྒོ་ཆེན་འདྲ་པོ་རེད་ ལས་བྱེད་བའི་ནང་མི་ཚང་མར་གཅིག་སྟོང་བ་མིང་ཡང་ཐོབ་བོ།

  22. གསེར་ལྗོངས། says:
    2016-06-02 at 4:41 am

    བཀའ་ཤག་སྐབས་བཅོ་ལྔ་བའི་བཀའ་བློན་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  23. གཡུ་ཐོག says:
    2016-06-02 at 4:50 am

    སྐབས་བབ་མོ་རང་ཤེས་འཇོན་གཉིས་ལྡན་ཡིན་མིན་གྱི་གནད་དོན་མིན། བཙན་འབྱོལ་སྤྱི་ཚོགས་ཁྲོད་མོ་རང་དེང་གི་ཆར་ཚང་མས་རེ་ལྟོས་བྱ་འོས་པའི་བུད་མེད་མཛངས་མ་ཞིག་ཏུ་ངོས་འཛིན་བྱེད་ཡོད་མོད་ཡིན་ཡང་། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་ཆོས་ཀྱི་དོན་ཚན་གཉིས་པ་ནི་རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ་ཞེས་འཁོད་ཡོད། མོ་རང་རང་ལོ་35ལོན་མེད་པ་སྐྱེད་འཚར་ས་གནས་མི་མང་གྱི་ཤེས། གང་ལྟར་ཚང་མས་ཤེས་གསལ་རེད། ཐུགས་རྗེ་ཆེ།

  24. མི་འཁྱམ། says:
    2016-06-02 at 7:47 am

    ཡང་ལོ་ལྔའི་ནང་༸གོང་ས་མཆོག་ལ་ཐུགས་ཕམ་བཟོ་རྒྱུ་ཉག་གཅིག་རེད། ཉིན་དང་པོར་བཀའ་བློན་འོས་མིའི་ལོ་རྒྱུས་མ་བཀྲམས་པར་ཁྲིམས་དང་སྒྲིག་གཞི་རྩིས་མེད་ཀྱིས་འོས་མི་ཁྱབ་བསྒྲགས་གནང་བ་དང་གཅིག གཉིས་པ་དེར་མང་ཚོགས་ཀྱིས་གད་སྙིགས་ནང་གཡུགས་པ་བཀའ་བློན་དུ་བསྐོས་པ། གསུམ་པ། བཀའ་བློན་འོས་ཆོས་མ་ཚང་བའི་ལོ་ཆུང་བུད་མེད་གཅིག ཧཧཧཧཧ་དེ་རིང་ཡང་ག་རེ་བྱས་ཡོད་མེད་གང་ཤེས། ཉིན་དང་པོ་ནས་ཉན་རྒྱུ་བལྟ་རྒྱུ་གཉིས་ཀ་འདུག

  25. བསྟན་འཛིན་ནོར་བུ། says:
    2016-06-02 at 8:12 am

    ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ཉིན་སྤྱི་འཐུས་ཡོངས་ཀྱིས་(བཙན་བྱོལ་བོད་མིའི་བཅའ་ཁྲིམས་)དགོངས་དོན་འགལ་མེད་བྱ་རྒྱུ་མཆོག་གསུམ་དཔང་འཛུགས་སམ། ཁས་ལེན་གཙང་མ་ཞུས་ཀྱང་། ཉིན་རྗེས་མ་སྟེ་ཕྱི་ཟླ་ ༦ ཚེས་ ༡ ཉིན་(བཙན་བྱོལ་བོད་མིའི་བཅའ་ཁྲིམས་) ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས། ཞེས་པའི་ནང་གསེས་དོན་ཚན་ ༢ (རང་ལོ་སོ་ལྔ་ཧྲིལ་པོ་ལོན།) ཞེས་པ་དང་ཡོངས་སུ་འགལ་ནའང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་བཀའ་བློན་ལ་འདེམས་ཡོད།
    མོ་ནི་ ༡༩༨༡།༠༩།༢༣ ཉིན་སྐྱེས་པ་མོའི་དཔྱ་དེབ་དང་། སྤྱི་འཐུས་ངོ་སྤྲོད་ལག་དེབ་སོགས་ཡིག་ཆ་ཚང་མའི་ནང་ཁ་གསལ་འཁོད་ཡོད་པས། ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡ བར་དུ་རང་ལོ་སོ་ལྔ་ཧྲིལ་པོ་ལོན་མེད།
    འོ་ན། འོས་ཆོས་ཚང་ཡོད་ཅེས་བརྗོད་ནས་བཀའ་བློན་འོས་མིར་བཏོན་མཁན་སྲིད་སྐྱོང་དང་། འོས་འཕེན་པ་སྤྱི་འཐུས་སུའི་ནོར་འཁྲུལ་ཡིན་ནམ།
    གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བར་བརྩི་བ་དང་། ཁྲིམས་དང་སྒྲིག་གཞི་གོང་དུ་བཀུར་མཁན་ཞིག་ཡིན་ན། ངེས་པར་དུ་བཀའ་བློན་ནས་ཕྱིར་བཏོན་བྱེད་དགོས་པ་ལས་ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་བོད་མི་མང་ལ་མགོ་སྐོར་བཏང་ན་ནམ་ཡང་འགྲིག་ཐབས་མེད།

  26. འགྱུར་མེད་རྡོ་རྗེ་ says:
    2016-06-02 at 8:32 am

    བཀའ་ཤག་གསར་པར་འཚམས་འདྲི་ཞུ་། བསྟན་པ་འགོ་ནས་མ་བཤིག་པའི་རེ་བ་བྱེད་ཀྱི་ཡོད་། བོད་སྐྱོང་ལྷ་སྲུང་གི་བཀའ་བཀྱོན་མི་ཕོག་པ་གནང་རོགས་། རང་ལུས་མེ་བསྲེགས་བཏོང་མཁན་གྱི་རེ་བ་བསྐོང་རོགས་། ཕྲུ་གུའི་ཤེས་ཡོན་ལ་ལྟ་རྟོག་གནང་རོགས་། ནད་བཅོང་ཉམ་དག་ལ་ལྟ་སྐྱོང་གནང་རོགས་། རང་བཙན་དཔྱ་དངུལ་ཕུལ་གྱི་ཡོད་། སྤྱི་དངུལ་རྒྱས་སྤྲོས་མ་ནངས་རོགས་། བོད་སྤྱི་ལ་ཕན་པ་ཞིག་གནང་རོགས་།

  27. བསམ་ཤེས། says:
    2016-06-02 at 12:01 pm

    སྲིད་སྐྱོང་ལ་བཀྲ་ཤིས་བདེ་ལེགས་ཡོད།་

  28. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-02 at 12:38 pm

    དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་གཉིས་ཀྱི་རྡོག་རྩ་ཆིག་སྒྲིལ་ལ་གནོད་པའི་བྱ་ལས་སྒྲུབ་མཁན་སུ་ཡིན་ན་ཁ་གཏད་ལངས་ཐག་ཆོད་ཡིན། གནས་ལུགས་དང་རྒྱུ་མཚན་ཡང་དག་སུ་ལ་ཡོད་ན་དངོས་སུ་ཐོན་ནས་ཤོད་དང་ངོས་ལེན་ཡོད་དང་ཡོད། སྐབས་འཚོལ་བ་བོད་མིའི་སྤྱི་ཚོགས་ནང་འབར་རྫས་འཇོག་བསམ་མཁན་དེ་ཚོ་ཚོད་མ་ཟིན་ན་ཉོ་ཡོང་ཟེར་བའི་གཏམ་དེ་མ་བརྗེད་ཨ།

  29. བསྟན་འཛིན་པདྨ་ says:
    2016-06-02 at 1:25 pm

    བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་འགལ་ཡོད་ན། ཧ་ཅང་ནོར་འཁྲུལ་དང་མ་འགྲིག་པ་ཞིག་རེད། ཤེས་འཇོན་གང་ཡོད་པ་དེ་བཅའ་ཁྲིམས་དང་འབྲེལ་བ་གང་ཡང་མེད།

  30. ནུབ་ཕྱོགས་གངས་ཕྲུག says:
    2016-06-02 at 2:15 pm

    ཏྲེ་ཧོར་བྱམས་པ་རིན་ཆེན་གྱིས་འཇིག་བསྐུལ་བྱེད་ཀྱི་འདུག་ད། འཇིག་་བསྐུལ་བྱེད་མཁན་ལ་སྐྲག་རྒྱུ་ཡོད་མ་རེད་དྲ་གྲོགས་ཚོ། དྲ་ལམ་ནང་ལ་བདེན་པ་ལ་བཞེད་སྣང་སྐྱེ་མཁན་མང་པོ་འདུག

  31. ཨ་ཁུ་འབྲོག་པ། says:
    2016-06-02 at 4:37 pm

    ཏྲེ་ཧོར་ཟེར་བ་འདི་བརྫུན་རྒྱབ་ལངས་ཀྱིས་སྡིགས་ར་བསྐུལ་མཁན་ཞིག་རེད། གྲོས་ཚོགས་ནང་དཔྱ་ཁྲལ་ལག་དེབ་དང་ལོ་ཚད་གསལ་སྟོན་དགོས་ཞེས་ཐེངས་མང་བཤད་ཀྱང་། སྲིད་སྐྱོང་ནས་སྟོན་མ་སོང་བའི་རྒྱུ་མཚན་ནི་ཤར་གླིང་ཟླ་སྒྲོན་ལོ་ ༣༥ ཧྲིལ་པོ་ལོངས་མེད་པའི་བརྫུན་རྐུབ་བརྡོལ་ཡོང་བསམས་ཏེ་མ་སྟོན་པ་རེད། དེ་མིན་ཁོང་ཚོ་ཚང་མར་དཔྱ་ཁྲལ་ལག་དེབ་ཡོད་བཞིན་དུ་སྟོན་མ་དགོས་པ་གནང་རོགས་ཞེས་ཨུ་ཚུགས་ཞུ་དོན་པོད་པ་མེད།

  32. གཡུ་ཐོག says:
    2016-06-03 at 3:17 am

    དེར་གནད་དོན་གཉིས་ལས་མེད། གཅིག་ནི་བློ་སེང་གིས་ཟླ་སྒྲོན་ལགས་ཀྱི་ལོ་ཚད་ཤེས་བཞིན་དེ་ལྟར་བཅའ་ཁྲིམས་རིན་པོ་ཆེར་རྩི་མེད་བཏང་བ་དང་། གཉིས་ནི་བཀའ་བློན་གྱི་འོས་ཆོས་བཅའ་ཁྲིམས་ནང་གཏན་འབེབ་གང་ཡོད་པ་རྣམས་རྒྱུས་མངའ་མེད་སྟེང་རང་སྣང་གང་ཤར་གྱིས་གང་ཟག་གི་དབང་བསྒྱུར་རྣམ་པ་སྟོན། གཅིག་བྱས་ན་རང་གི་གྲོགས་པོ་འཕྲོད་བསྟེན་བཀའ་ཟུར་ཚེ་རིང་དབང་ཕྱུགས་ཀྱི་སྤུན་མཆེད་དབུས་གཙང་གི་སྒུག་སྡོད་སྤྱི་མཐུས་འཇམ་དབྱངས་ཉིད་སྤྱི་མཐུས་ས་མིག་ཐོབ་ཆེད་ཇུས་ངན་ཡིན་སྲིད། གང་ལྟར་གནས་ཚུལ་ཡིད་ལ་མི་འཚིམ་པ་ཆགས་འདུག གང་ལྟར་ཉིན་དང་པོར་འདམ་འབུལ་ཁས་ལེན་བྱས། ཉིན་གཉིས་པར་བསྟན་པ་བཤིགས།

  33. མི་འཁྱམ། says:
    2016-06-03 at 4:45 am

    ཤར་གླིང་ཟླ་སྒྲོན་མཆོག་བཀའ་བློན་ནས་ཕྱིར་འཐེན།
    བོད་ཀྱི་དུས་བབ། ཆུ་ཚོད་ ༢ སྔོན་ལ། རིག་པ། (༢)

    ཤར་གླིང་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་ལོ་ཧྲིལ་པོ་ ༣༥ ཟིན་མེད་སྟབས་བཀའ་བློན་ནས་ཕྱིར་འཐེན་གནང་འདུག

    13319985_10153896985714818_6551437428304674485_nདེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གསུམ་པའི་སྔ་དྲོར། གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་ཞིང་གྲོས་ཚོགས་ནང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་བའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ཟླ་གསུམ་ལྷག་གིས་དགུང་གྲངས་ ༣༥ ཧྲིལ་པོ་ཟིན་མེད་སྟབས། སྤྱི་ཚོགས་ནང་བཀའ་བློན་གྱི་ཆ་རྐྱེན་དགུ་དེ་ཚང་མེད་པའི་གླེང་སློང་བྱུང་བ་ལྟར། སྲིད་སྐྱོང་མཆོག་ནས་དགོངས་སེལ་དང་སྦྲགས། ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་ནས་ཕྱིར་འཐེན་གནང་རྒྱུ་ཐག་བཅད་པ་གསལ་བསྒྲགས་གནང་སོང་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་ནང་བཀའ་བློན་མཚན་འདོན་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ཆེད་མངགས་གྲོས་ཚོགས་ལ་དབུ་སྐོར་ཞུས་པ་ཞིག་ལ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་སྐོར་གསུངས་སོང་།

    སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་སྐབས། དགོངས་སེལ་དང་སྦྲགས་ཞུ་རྒྱུ་ཞིག་ལ་ཁ་སང་མ་གཞི་འདིའི་སྐོར་ལ་གླེང་སློང་ཞུས་ཚར་སོང་། བཀའ་བློན་གཅིག་དེ་རིང་གྲོས་ཚོགས་ནང་ཕེབས་མེད་པ་ཚང་མས་གཟིགས་ཡོད་པ་རེད། གཞི་རྩའི་ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཐོག་ནས་དགུང་ལོ་ ༣༥ ཟིན་པར་ཟླ་བ་ ༣ ལྷག་གིས་མ་འདང་བའི་གནས་སྟངས་ཀྱི་རྐྱེན་གྱིས། གཞི་རྩའི་དེ་རིང་ཞོགས་པར་ཁྲིམས་ཞིབ་ཁང་ལའང་ཁོང་རང་གི་དཔྱ་ཁྲལ་ལག་དེབ་དང་ ཁོང་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཡིག་ཆ་ཁག་ཆ་ཚང་ཕུལ་གྲུབ་པ་ཡིན། དེ་བཞིན་བཀའ་ཤག་ནང་དུའང་བཀའ་སྡུར་གནང་སྟེ་ཁོང་ད་ལྟའི་བཀའ་བློན་གྱི་ལས་གནས་ ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་ཞུ་བ་ཡིན། ཞེས་དང་།

    ཡང་ཁོང་གིས། བཀའ་བློན་བསྐོ་རྒྱུ་དེ་ཡིན་ནའང་གསང་བའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། ཉིན་དང་པོར་ཞུས་པ་ལྟར་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་ནས་བཀའ་བློན་རིམ་པར་འབྲེལ་བ་ཞུས་པ་ཡིན་ལ། སྐབས་དེར་ཆ་རྐྱེན་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་དབུ་མའི་ལམ་གཞིར་བཟུང་ཕྱག་ལས་གནང་དགོས་པ་རེད་ཅེས་ཞུས་པ་དང་སྦྲགས། བཀའ་བློན་ཁོང་རང་ལ་ཁྱེད་རང་གི་སྐྱེས་ལོ་ག་འདྲ་རེད་ཅེས་འདྲི་སྐབས། སྐྱེས་ལོ་ ༡༩༨༡ རེད་གསུངས་དུས་ཐོལ་གྱིས་གྲངས་ཀ་རྒྱག་ཡོང་སྐབས་དགུང་ལོོ་ ༣༥ ཚང་འདུག་ཅེས་དགོངས་པ་རེད། དོ་བདག་ཡིན་ནའང་གློ་བུར་དུ་བཀའ་བློན་ལ་བསྐོས་ཡོང་དུས་བཀའ་བློན་གནང་རྒྱུ་སོགས་ལ་དགོངས་པ་མང་པོ་ཞིག་བཞེས་པའི་ཐོག་ནས་ཁ་གསལ་པོ་མ་ཆགས་པར་དེ་འདྲ་ལྷག་པ་ཞིག་རེད། དེར་བརྟེན་གྲོས་ཚོགས་ལ་དགོངས་སེལ་ཞུ་བ་དང་སྦྲགས། དབུ་སྐོར་གནང་བ་རྩ་བ་ནས་མིན་ཞེས་གསུངས་སོང་།

    གྲོས་ཚོགས་ནས་མང་མོས་བྱུང་སྟེ་བཀའ་བློན་དུ་བདམས་པར་བརྟེན་དེའི་ཐད་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྩ་འཛིན་བྱེད་ས་དེ་བཀའ་ཤག་ཟེར་ན་འདྲ་དཔལ་ལྡན་སྲིད་སྐྱོང་མཆོག་ཆགས་བསྡད་ཡོད་པ་དང་། དེས་འཆར་འབུལ་གང་ཞུས་པ་དེར་ང་ཚོས་གཞི་རྩ་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ད་ལྟ་བཀའ་བློན་གྱི་ཕྱག་ལས་ནས་ཕྱིར་འཐེན་བྱས་པའི་གང་ཟག་ཁོང་ལྟ་བུ་ཡིན་ན། ང་ཚོ་གྲོས་ཚོགས་ལ་འཆར་འབུལ་ཞུས་པའི་ཡིག་ཆའི་ནང་འཁྲུངས་ལོ་དེ་ ༡༩༨༡ བཀོད་ཡོད་པ་དང་། ༡༩༨༡ ཡིན་ན་ཕྱི་ལོ་ ༢༠༡༦ ལོར་དགུང་ལོ་ ༣༥ ཆགས་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། གྲོས་ཚོགས་ལ་ཕུལ་བའི་ཡིག་ཆའི་ནང་ཟླ་བ་དང་ཚེས་གྲངས་གསལ་ཡོད་པ་མ་རེད་ལ། དེའི་ཐོག་ང་ཚོས་རྩད་གཅོད་བྱེད་ཐུབ་ཡོད་པ་མ་རེད། ཅེས་དང་། གྲོས་ཚོགས་ནང་ཆེད་མངགས་དབུ་སྐོར་ཞུས་པ་ཞིག་ཡིན་མདོག་མདོག་བརྗོད་པ་དེ་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཀྱང་། འཆར་འབུལ་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་ལས་ཚགས་མ་ཚུད་པ་དང་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་སོང་།

  34. སྦྲ་ནག says:
    2016-06-03 at 9:38 am

    འ་ཁ་ཁ སྥྱི་འཐུས་བཀའ་བློན་གཉིས་ཆ་ཤོར་ཐ། ཐེངས་གཉིས་པར་ཕར་ངོ་རྒོལ་བྱས་ན། ཚུར་བསམ་ནག་དཔེ་ངན་པ་བྱས་སོང་། ཤར་གླིང་དགོངས་དག་་་་་ཧ་ཧ་ཧ

  35. སྤོབས་པ་མཐའ་ཡས། says:
    2016-06-03 at 10:52 am

    བོད་རང་གི་ལུགས་ལ་ལོ་ག་ཚོད་རེད་ཟེར་དུས་ལོ་ནམ་གསར་ཟིན་ནས་ལོ་གཅིག་ཟིན་པར་བརྩི་སྲོལ་ཡོད། དབྱིན་ལུགས་ལྟར་དུ་ཉི་མ་རེ་རེ་ནས་རྩིས་བརྒྱབ་སྲོལ་མེད། ཤར་གླིང་ཟླ་སྒྲོལ་མཆོག་བཀའ་བློན་ལས་ཕྱིར་འཐེན་བྱས་པ་དེ་ཡང་རང་སྐྱོན་རི་བོ་འགེབས་མཁན་དང་གཞན་སྐྱོན་ཁབ་ཀྱིས་འཚོལ་མཁན་ཁ་ཤས་ཤིག་གིས་དོན་མེད་དགོས་མེད་ཀྱི་བྱ་བཞག་མ་གཏོགས་བོད་གངས་ཅང་པ་ལ་ཕན་པའི་ལས་ཀ་ཤིག་བྱས་པ་མ་རེད།

  36. འགྱུར་མེད་རྡོ་རྗེ་ says:
    2016-06-03 at 11:24 am

    སྤོབས་པ་མཐའ་ལྷུངས་ལགས་།
    དམངས་གཙོ་ཟེར་དུས་ཁྲིམས་ལུགས་ཀྱི་དབང་འཛིན་གཙོ་བཟུང་བྱེད་དགོས་པ་དང་རྩ་ཁྲིམས་ནང་གསལ་བའི་འབྲུ་དོན་ལ་བརྩི་སྲུང་དགོས་ཀྱི་ཡོད་པ་རེད་།
    བྱས་ཉེས་འདིས་ག་རེ་གསལ་སྟོན་ཐུབ་ཀྱི་ཡོད་ཅེ་ན་ཁྲིམས་ལུགས་མཁས་དབང་ཡིན་ཁུལ་ཤོད་བཞིན་པའི་མི་དེ་ཇི་ཙམ་གྱི་ཁྲིམས་སྒྲིག་གི་གནད་ལ་ཤེས་ཚད་སྐྱོ་པོ་ཡིན་པ་ར་སྤྲོད་ཐུབ་པ་དེ་རེད་།
    སློབ་བཟང་སངས་རྒྱས་ཀྱིས་མུ་མཐུད་(༡) རྩ་ཁྲིམས་རིན་པོ་ཆེར་བརྩི་འཇོག་མེད་པ་ (༢)༧གོང་ས་མཆོག་ལ་ཁ་ཙམ་ལས་དོན་དམ་པའི་དད་པ་དང་གུས་བརྩི་མེད་པ་(༣)བཀའ་བློན་བསྐོ་སྟངས་ཀྱི་བཟོ་ལྟ་ལས་བོད་མི་མང་ལ་མཐོང་ཆུང་བྱས་པ་མཚོན་གྱི་ཡོད་། དེ་ལས་གཞན་པས་འགྲེལ་བརྗོད་གང་ཡང་མེད་།

  37. སྤོབས་པ་མཐའ་ཡས། says:
    2016-06-03 at 12:12 pm

    སྐྱེས་སྐར་ནམ་ཡིན་ལ་རྩོད་པ་བརྒྱབ། མིང་གི་དག་ཆ་ལ་རྩོད་པ་བརྒྱབ། ད་ཁྱོད་ཚོ་ཨ་ཆད་ཨུ་ཐུག་ཐབས་ཟད། དེ་ལས་མར་ལྷུང་ས་མེད་ས་དེ་ལ་ལྷུང་ཚར་འདུག

  38. ཁྱུང་སེ། says:
    2016-06-03 at 12:46 pm

    ད་ལན་སྤོབས་མཐའ་འདི་ཡིས་མི་སྐད་ཅིག་བརྒྱབ་སོང་སྙམ་པ་བྱུང། བོད་པས་བོད་ལོ་བརྩི་དགོས་བོད་ལུགས་ལ་བོད་ཟླ་བཅུ་གཉིས་པའི་ཚེས་གནམ་གང་ལ་སྐྱེས་པའི་ཕྲུ་གུ་དེ་བོད་ཟླ་དང་པོའི་ཚེས་གཅིག་སྟེ་བོད་ཀྱི་ལོ་གསར་གྱི་ཉིན་དང་པོའི་ཉིན་ཕྲུ་གུ་དེ་ལོ་གཉིས་ཆགས་ཚར་བ་རེད། ལོ་ཧྲིལ་པོ་གཅིག་ཕྱིན་ཚར་བ་རེད། ལོ་ཧྲིལ་པོ་གཅིག་ཕྱིན་པར་མི་བརྩི་ན་ལོ་དང་པོ་ཧྲིལ་པོར་མ་རྫོགས་ནས་ལོ་གཉིས་པ་ཇི་ལྟར་བྱས་ཏེ་ལོན་པ་ཡིན་ནམ། དེང་སང་བོད་མི་འདི་ཚོས་ཨང་གསར་ཆེ་དྲགས་ནས་ཕྱི་རྒྱལ་གྱི་རྐུབ་ལ་རྒྱུགས་ནས་བོད་ཀྱི་ལུགས་སྲོལ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་གཏོར་ཡོང་གི་འདུགུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme