Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་ལས་ཡུན་གཉིས་པའི་དམ་འབུལ་གསུང་བཤད།

Posted on 2016-05-272016-05-27 By ཁ་བརྡ 23 Comments on སྲིད་སྐྱོང་ལས་ཡུན་གཉིས་པའི་དམ་འབུལ་གསུང་བཤད།

Screen Shot 2016-05-27 at 10.16.12 AMཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་བ།

 
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས། དེ་རིང་འདི་གར་ཆིབས་སྒྱུར་བསྐྱངས་པའི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པ། དཔལ་ལྡན་བཀའ་ཟུར་རྣམ་པ།  དྲུང་ཆེ་ཆུང་གིས་དབུས་པའི་སྲི་ཞུ་ལས་བྱེད་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་སྣེ་རྣམ་པ། དེ་མཚུངས་གཞིས་བྱེས་བོད་མི༌ཡོངས་ལ་ད་རེས་གུས་ནས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་དམ་འབུལ་ཞུ་རྒྱུའི་ཉིན་མོ་འདིར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

གུས་ནས་དེ་རིང་སྲིད་སྐྱོང་གི་ལས་ཡུན་གཉིས་པ་དམ་འབུལ་ཞུས་པའི་སྐབས་འདིར། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར། བདག་ཅག་བོད་འབངས་རྣམས་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པར་ཐུགས་བརྩེ་བ་ཆེན་པོས་དམ་འབུལ་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་པར་གུས་ནས་ལྷ་ཕྱག་གྲངས་མེད་དང་བཅས་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཡོད་པ་བཞིན་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རིང་བོད་མིའི་མངོན་འདོད་འགྲུབ་ཐུབ་པ་ཡོང་ཆེད་བཀའ་ཤག་གི་ངོས་ནས་འབད་བརྩོན་ཞུ་སྒོ་ཅི་མཆིས་འཐུས་ཤོར་མེད་པ་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན།

འདས་པའི་མི་ལོ་དྲུག་ཅུ་ལྷག་རིང་བོད་ཀྱི་ལོ་རྒྱུས་ནང་ཛ་དྲག་གི་གནས་སྟངས་ཆུ་གཉེར་བཞིན་གཅིག་རྗེས་གཉིས་མཐུད་ཀྱི་རུ་འཛིངས་པའི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་བོད་མི་མང་ལ་ཡང་དག་པའི་དབུ་འཁྲིད་ལམ་སྟོན་གནང་བ་དང་། ཁྱད་པར་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་གནང་བ་བཅས་ཀྱི་བཀའ་དྲིན་ནི་བསྐལ་བའི་བར་དུ་ཡང་གཞལ་ཐབས་བྲལ་བ་ཡིན།

བཙན་བྱོལ་རྒྱ་ཆེའི་མང་ཚོགས་ནས་གུས་པར་སྲིད་སྐྱོང་གི་ལས་ཡུན་གཉིས་པ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་གནང་བར་གུས་བརྩིའི་སྒོ་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རང་ནུས་གང་ལྕོགས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ན། གཞིས་བྱེས་རྒྱ་ཆེའི་མང་ཚོགས་ནས་ཀྱང་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པ་ཆོལ་ཁ་དང་ལུང་ཚན་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཕུགས་ཀྱི་བསམ་འདུན་གཅིག་གྱུར་ཡིན་པ་དང་། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་སྟེ་མུ་མཐུད་རྒྱབ་སྐྱོར་དང་ཕྱྭར་གྲུ་མཉམ་འདེགས་གནང་བའི་རེ་བ་དང་ཡིད་ཆེས་གཙང་མ་ཞུ་གི་ཡོད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པར་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་མུ་མཐུད་འཛུགས་རྒྱུའི་གསལ་བསྒྲགས་གནང་བ་མ་ཟད། རིམ་བཞིན་སློབ་གྲྭ་དང་། གཞིས་ཆགས། རིས་མེད་ཆོས་སྒར་ཁག་དང་བཅས་པ་གསར་འཛུགས་གནང་བ་དང་། ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟ་བུར་གནས་གལ་ཆེ་བའི་བཀའ་སློབ་དང་ལམ་སྟོན་ཡང་ཡང་ཕེབས་པ་བཅས་ལ་བརྟེན་ནས། ད་བར་བོད་མིའི་གཅིག་སྒྲིལ་གྱི་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་ཡིན་ནའང་། རང་ཉིད་སྒེར་ངོས་ནས་བློ་ཕམ་ཆེན་པོའི་སྒོ་ནས་ཞུ་རྒྱུར། ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ཁྲོད་བོད་མི་ནང་ཁུལ་ཕན་ཚུན་སྐྱོན་བརྗོད་དང་། བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་ཐལ་བ་སོགས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ལ་ཐུགས་དམ་སད་རྐྱེན་ཅི་ཆེར་བྱུང་བ་དང་། གུས་ཅག་རྣམས་ནས་མ་ཤེས་པ་དང་བག་མེད་པའི་དབང་གིས་ཉེས་འཛོལ་དང་ནོངས་འགལ་ཇི་བྱུང་ལ་གནོངས་འགྱོད་དྲག་པོས་སྙིང་ནས་བཟོད་གསོལ་དང་མཐོལ་བཤགས་ལན་བརྒྱར་ཞུ་རྒྱུ་ཡིན། སླད་ཕྱིན་ཐུགས་ཕམ་འགྱུར་གཞི་དེ་རིགས་གཏན་ནས་མི་ཡོང་བའི་ཁས་ལེན་དམ་བཅའ་བརྟན་པོ་ཞུ་རྒྱུ་དང་། བོད་མི་ནང་ཁུལ་ཆོལ་ཁ་དང་ཤོག་ཁག་ཕྱོགས་སྒྲིལ་མེད་པར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། དེ་མཚུངས་མ་འོངས་པར་འོས་བསྡུའི་ཁྲིམས་སྒྲིག་ཁག་ལ་ལེགས་བཅོས་ཇི་དགོས་དབུས་འོས་བསྡུ་ལས་ཁང་དང་གོ་བསྡུར་གྱིས་བསྐྱར་བཅོས་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན།

འདས་པའི་ལོ་ལྔའི་རིང་ལས་འཁྱུར་ཟིན་པའི་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་ལས་རོགས་རྣམས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཅིའི་ཐོག་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་ཕྱག་ལས་གནང་བ་དང་། བོད་བསྟན་སྲིད་མི་རིགས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་སྤྱི་པའི་རྩ་དོན་སྙིང་ལ་བཅང་སྟེ་ཐུགས་ཁུར་ཆེན་པོས་ཞབས་ཞུ་གནང་བར་ལེགས་གསོལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཉིན་རེའི་འཛིན་སྐྱོང་གི་ལས་དོན་འགན་ཁུར་རྐང་ལེན་ཞུ་མཁན་སྲི་ཞུ་ལས་བྱེད་རྣམས་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

འབྱུང་འགྱུར་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་སྔར་བཞིན་གཅིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་གཞི་རྩའི་ལྟ་གྲུབ་གསུམ་རྒྱབ་རྟེན་དུ་བཟུང་སྟེ་བཀའ་ཤག་སྐབས་བཅུ་བཞི་པའི་རིང་ལས་འཆར་མང་དག་ཅིག་བསྒྲིགས་ཡོད་པ་རྣམས་མུ་མཐུད་མཇུག་སྐྱོང་ཐོག ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྔར་ལྷག་ནུས་པ་ཐོན་པ་ཡོང་ཆེད་ལས་གཞི་གསར་པ་ཇི་དགོས་དུས་ནས་དུས་སུ་བརྟག་ཞིབ་ཟབ་ནན་གྱིས་འབད་བརྩོན་ཞུ་རྒྱུ་ཡིན།

ཉེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་རིགས་སྔོན་འགོག་དང་ཉམ་ཐག་ལྟ་སྐྱོང་ཐད་འཐུས་ཤོར་ཕྱིན་གནས་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། འཐུས་ཤོར་ཕྱིན་པའི་རྐྱེན་ཇི་ཡིན་དང་། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཇི་དགེ་ཞིབ་འཇུག་སླད་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་ཁག་གཉིས་བསྐོ་འཛུགས་ཟིན་པ་དང་། འཕྲོད་བསྟེན་སྐོར་དངོས་སུ་ལས་དོན་འགན་ཁུར་ཞུ་མཁན་སྨན་པ་དང་འགན་འཛིན་ལས་སྣེ་ཡོངས་ཀྱི་ཚོགས་ཆེན་ཞིག་ཀྱང་བསྐོང་ཚོགས་ཀྱིས་བསམ་འཆར་བསྡུ་ལེན་ཞུས་ཟིན་པ་ཡིན་ཞིང་། རིང་མིན་ཚོགས་ཆུང་ཁག་གི་སྙན་ཐོ་འབྱོར་འཕྲལ་བཀའ་ཤག་གི་ངོས་ནས་ལག་ལེན་དོན་འགེལ་ཞུ་སྒོ་གང་མཆིས་ཞུ་རྒྱུ་དང་། དེའི་ཆེད་འགྲོ་གྲོན་ཇི་དགོས་ཐབས་འཚོལ་ཞུས་ཏེ་ལས་གཞི་དེ་དག་ལེགས་འགྲུབ་ཐུབ་པ་ཞུ་རྒྱུ་ཡིན། དེ་མཚུངས་རང་རེའི་སྤྱི་ཚོགས་ནང་དོལ་རྒྱལ་རྗེས་འབྲང་བ་ཉུང་ཤས་ཤིག་ནས་ཆོས་ཁ་ལ་འཁྱེར་ནས་དོན་དུ་ཕ་རོལ་པོའི་གཡོ་བྱུས་འོག་ཚུད་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་སྲོག་༧གོང་ས་༧སྐྱབས་མགོན་ཆེན་པོར་གཞི་མེད་སྒྲོ་སྐུར་གྱི་མཚན་སྨད་གང་བྱུང་ཞུ་བཞིན་པ་དང་། བོད་མི་ནང་ཁུལ་དང་བོད་རྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་སྣང་མི་མཐུན་པ་བཟོ་བཞིན་པ་བཅས་ལ་གདོང་ལེན་ཡན་པོར་མ་སོང་བ་བྱ་རྒྱུ་ཡིན།

ཁྱད་པར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་ཞུ་རྒྱུ་བཀའ་ཤག་སྐབས་བཅོ་ལྔ་པའི་རྩ་དོན་གལ་འགངས་ཆེ་ཤོས་ལ་བརྩི་རྒྱུ་མ་ཟད། བོད་དོན་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་ལས་ལྷག་མེད་པ་ད་བར་ལན་མང་ཞུས་ཟིན་པ་ལྟར། ཐབས་བྱུས་འདིའི་བརྒྱུད་རྒྱ་ནག་གཞུང་གི་སྐུ་ཚབ་དང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན། རྒྱ་ནག་གི་དབུ་འཁྲིད་ཚོས་བོད་དོན་དཀའ་རྙོག་སེལ་འདོད་དང་། བོད་རྒྱ་མི་རིགས་དབར་དོན་དམ་པའི་བརྟན་ལྷིང་དང་གཅིག་སྒྲིལ་ཡོང་ཐབས་བྱེད་ཀྱི་ཡོད་ན། གུ་དོག་མཁྲེགས་འཛིན་ཁོ་ན་མ་ཡིན་པར་བློ་རྒྱ་ཡངས་པོའི་སྒོ་ནས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་ཡང་དག་པ་ཞིག་ལག་བསྟར་བྱ་རྒྱུའི་དུས་ལ་བབས་ཡོད།

ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ལྷག་དོན་བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༤༤ ཡིས་རང་ལུས་མེར་སྲེག་གནང་བའི་བློས་བཏང་རྣམས་མི་རབས་ནས་མི་རབས་བར་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་དང་། ཁོང་རྣམས་ཀྱི་མངོན་འདོད་འགྲུབ་ཆེད་ཐབས་ཤེས་གང་ཐུབ་བྱ་རྒྱུ་ཡིན། དེ་མཚུངས་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་རིས་མེད་ཆོས་སྒར་ཁག་ནང་ཡོད་པའི་ཆོས་བྱེད་གྲྭ་བཙུན་སྔགས་གསུམ་དང་། ཤེས་ཡོན་ཅན་དང་རྩོམ་པ་པོ། དགེ་རྒན་དང་སློབ་ཕྲུག གཞས་པ་དང་གཞས་མ། ཞིང་པ་དང་འབྲོག་པ་རྣམས་ནས་ཉིན་ལྟར་དཀའ་སྡུག་སྣ་ཚོགས་མྱོང་བཞིན་པར་ཇི་མི་སྙམ་པར་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་མི་རིགས་ཀྱི་ལ་རྒྱ་བརྟན་པོ་འཛིན་བཞིན་པར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་ཡང་དག་པ་ཞིག་ཡོང་བར་མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཐུབ་པའི་ཤེས་ཡོན་གྱི་གནས་ཚད་ལོངས་ངེས་དགོས་སྟབས། མཐོ་སློབ་དང་གཙུག་ལག་སློབ་ཁང་ཁག་ནང་ཡོད་པའི་སློབ་ཕྲུག་རྣམས་གཙོ་བོར་གྱུར་པའི་བོད་རིགས་གཞོན་སྐྱེས་ཚོས་ཤེས་ཡོན་ཐོག་ནུས་ཤུགས་སྒྲིལ་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

མདོར་ན། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པ་ལྟར། གུས་ནས་ནམ་རྒྱུན་ལོ་ལྔ་དང་ལྔ་བཅུའི་ཐབས་བྱུས་འགྲེལ་བརྗོད་ཞུས་པ་དྲན་སྐུལ་ཞུས་ན། འབྱུང་འགྱུར་ལོ་ལྔའི་ནང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་ཚང་མས་ནུས་ཤུགས་ཟོང་ཁ་གཅིག་ཏུ་བསྒྲིལ་ནས་འབད་བརྩོན་ཞུ་དགོས་པ་སྨོས་ཅི་དགོས། ཅི་སྟེ་ངེས་མེད་ཀྱིས་ལོ་མང་པོའི་བར་བོད་དོན་བདེན་མཐའ་གསལ་ཐབས་བྱ་དགོས་བྱུང་ན། འབྱུང་འགྱུར་ལོ་ལྔ་བཅུའི་བར་ང་ཚོའི་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་པའི་ལས་འཆར་བསམ་ཞིབ་བྱ་གལ་ཆེ་བར་སོང་། ཕ་མེས་ནས་བརྒྱུད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་གོམས་གཤིས་རྣམས་ཉམས་ཆག་མེད་པར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་དང་། ཤེས་ཡོན་དང་དཔལ་འབྱོར་གྱི་གནས་སྟངས་རང་རྐྱ་འཕེར་བའི་སྒོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་འཕེལ་གཏོང་དགོས། སྔ་ཕྱི་མ་གཏོགས་རྒྱ་ནག་ནང་རིམ་བཞིན་འགྱུར་བ་འགྲོ་ངེས་ཡིན་པ་དང་། དེ་འདྲའི་འགྱུར་བ་བྱུང་མཚམས་བོད་མི་རྣམས་ལ་མ་མཐར་ཡང་རྨང་གཞིའི་རང་དབང་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་རྒྱུ་ཡིན། དེར་བརྟེན་འཕྲལ་ཕུགས་གཉིས་ཀའི་ལས་དོན་གལ་ཆེར་བརྩིས་ནས་འབད་བརྩོན་ཞུས་ན་འབྱུང་འགྱུར་ལོ་ལྔ་དང་ལྔ་བཅུ་གཉིས་ཀའི་གནས་སྐབས་སུ་རྒྱལ་ཁ་ལོན་ཐུབ་པ་ཡོང་རྒྱུ་ཡིན་པས་འདིའི་ཐད་ཚང་མས་ཐུགས་སྣང་གནང་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་།

བོད་མི་རིགས་ཀྱི་གནས་བབ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རྒྱ་གར་གཞུང་མང་གཉིས་ནས་ད་བར་གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་མཚུངས་བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་། གྲོས་ཚོགས་ཀྱི་འཐུས་མི། ཚོགས་པ་དང་གང་ཟག་བྱེ་བྲག་པ་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་དོན་ཁོ་ན་ཙམ་མ་ཡིན་པར། དྲང་བདེན་དང་ཞི་བདེའི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་སྟབས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད།

མཐའ་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་སྤེལ།།

གསུང་བཤད།

Post navigation

Previous Post: དཔལ་སྔ་འགྱུར་རྒྱལ་བ་རྙིང་མ་པ་ཡོངས་ནས་དབུ་འཛིན་ཞིག་ངེས་པར་གདམ་དགོས།
Next Post: གསར་འགོད་པའི་བསྐོར་བསྐྱོད་ཁྲོད་རགས་ཟིན་བཏབ་པ།

Comments (23) on “སྲིད་སྐྱོང་ལས་ཡུན་གཉིས་པའི་དམ་འབུལ་གསུང་བཤད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-27 at 2:40 am

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གཉིས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་།

  2. རྒྱ་གར་རྨ་བྱ། says:
    2016-05-27 at 3:52 am

    སྤྱི་ཚོགས་ཆུང་ཆུང་གི་གསེང་དང་འཁྲུག་ཆ་དོད་པོའི་ཁྲོད་ནས་སླར་ཡང་སྐུ་ཉིད་སྐབས་གཉིས་པའི་སྲིད་སྟེགས་སུ་བསྟུད་མར་མི་མང་གིས་བདམས་ནས་དེ་རིང་༧གོང་ས་མཆོག་དབུ་བཞུགས་ཀྱིས་གཞུང་འབྲེལ་དམ་འབུལ་གནང་བར་རྟེན་འབྲེལ་བཀྲིས་བདེ་ལེགས་ཕུན་སུམ་ཚོགས།

  3. སྤོབས་པ་མཐའ་ཡས། says:
    2016-05-27 at 4:33 am

    དམུས་ལོང་དམིགས་བུའི་མགོན་གྱིས་ཡོངས་བཏང་པ།།ཞེས་གསུངས་པ་ལྟ་བུར་མུན་ནག་གི་ཁྲོད་དུ་འཚོ་ཞིང་མུན་ནག་གི་ལམ་ལ་འཕྱན་པའི་བོད་སྤྱི་ཚོགས་འདི་ལྟ་བུར་སྲིད་སྐྱོང་རླབས་པོ་ཆེ་དང་གཡེར་པོ་ཆེ་འདི་ལྟ་བུ་ཞིག་ཡོད་པ་ནི་རླབས་ཆེ་བསོད་ནམས་བསགས་པའི་འབྲས་བུ་ཉག་གཅིག་ཏུ་འཁུམས། སྲིད་སྐྱོང་བློ་བཟང་སེང་གེ་ནི་བོད་མི་མང་གི་ཁྲོད་ཀྱི་’ལོང་བའི་ནང་གི་མིག་ལྡན་དང་། ཞ་བོའི་ནང་གི་རྐང་མགྱོག་’རེད།

  4. སྟག་མའི་མེ་ཏོག says:
    2016-05-27 at 6:27 am

    སྲིད་སྐྱོང་གིས། བཙན་བྱོལ་རྒྱ་ཆེའི་མང་ཚོགས་ནས་གུས་པར་སྲིད་སྐྱོང་གི་ལས་ཡུན་གཉིས་པ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་གནང་བར་གུས་བརྩིའི་སྒོ་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རང་ནུས་གང་ལྕོགས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ན། གཞིས་བྱེས་རྒྱ་ཆེའི་མང་ཚོགས་ནས་ཀྱང་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པ་ཆོལ་ཁ་དང་ལུང་ཚན་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཕུགས་ཀྱི་བསམ་འདུན་གཅིག་གྱུར་ཡིན་པ་དང་། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པའི་འདུ་ཤེས་བརྟན་པོར་བཟུང་སྟེ་མུ་མཐུད་རྒྱབ་སྐྱོར་དང་ཕྱྭར་གྲུ་མཉམ་འདེགས་གནང་བའི་རེ་བ་དང་ཡིད་ཆེས་གཙང་མ་ཞུ་གི་ཡོད།

  5. ཀརྡོ་གཉེར་ཕྱག་པ་་ says:
    2016-05-27 at 6:38 am

    ་་་་་་་ སྔ་ཕྱི་མ་གཏོགས་རྒྱ་ནག་ནང་རིམ་བཞིན་འགྱུར་བ་འགྲོ་ངེས་ཡིན་པ་དང་། དེ་འདྲའི་འགྱུར་བ་བྱུང་མཚམས་བོད་མི་རྣམས་ལ་མ་མཐར་ཡང་རྨང་གཞིའི་རང་དབང་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་རྒྱུ་ཡིན། ་་་་་

  6. ཀརྡོ་གཉེར་ཕྱག་པ་་ says:
    2016-05-27 at 6:39 am

    ལས་དོན་ལམ་ལྷོང་འོངས་བའི་སྨོན་འདུན་ཡོད།

  7. ཁྱུང་སེ། says:
    2016-05-27 at 6:47 am

    ལས་དོན་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད།

  8. ཅོ་རི་ཉི་མ། says:
    2016-05-27 at 6:50 am

    བོད་ཆོལ་ཁ་གསུམ་དང་བོད་རིགས་ཡོངས་རྫོགས་ཅིག་ཅིག་མ་མ་ཟེར་མ་བསྡད་ན་ཡག་པོ་འདུག་ག བོད་རིགས་ཡོངས་རྫོགས་ཀྱི་སྤྱི་དོན་ཐག་གཅོད་བྱེད་པའི་དབང་ཆ་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་གཙོ་ལ་མེད། སྲིད་སྐྱོང་ཁྱོད་རང་བཙན་བྱོལ་བའི་མི་ཁྲི་གསུམ་ལྷག་ཙམ་གྱིས་བསྐོས་པ་རེད། སྒྲིག་འཛུགས་ཀྱི་ཚོགས་གཙོ་རེད། མ་གཏོགས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་མིན་པའི་བོད་མི་རྣམས་ཀྱི་གནད་དོན་ལ་ལག་པ་འཆང་ཆོག་པའི་ཐོབ་ཐང་ཁྱོད་ལ་མེད།

    བོད་རིགས་ཡོངས་རྫོགས་རྒྱའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བཅུག་ཆོག་པའི་ཐོབ་ཐང་ཁྱོད་ལ་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་རྒྱའི་རྩ་ཁྲིམས་འོག་ཏུ་བཅུག་འདོད་ན་ནི་ཁྱོད་རང་ཚོས་འདོད་པ་རེད། རྗེས་སུ་་་བོད་རིགས་ཡོངས་རྫོགས་ཅིག་ཅིག་བྱེད་ཀྱི་ཟེར་བའི་ཐོབ་ཐང་མེད་པའི་སྐད་ཆ་ཆེན་པོ་དེ་དག་མཚམས་ཞོག

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-27 at 6:56 am

    ཧཧཧཧ་་་་ཕ་དམ་པ་དེ་ཉིད་ལ་བུ་སྐྱེས་གོ་ཆོད་འདུག་ཨ། བློ་སེང་ལགས། འདས་ཟིན་པའི་ལོ་ལྔའི་ནང་བྱ་བཞག་ལ་ལྟོས་ན་ཡིད་སྨོན་སྐྱེས་ཀི་ལ་མ་འོངས་པའི་ལོ་ལྔའི་ནང་ལ་བྱ་བ་ཐམས་ཅད་དབྱར་གྱི་ཆུ་བོ་རྒྱུན་བཞིན་འཕེལ་བ་བཤད་མི་དགོས་པ་རེད། ཁྱེད་ལ་དུངས་བའི་མི་བུ་དག་གིས་ཕྱོགས་ཀུན་ནས་མཚམས་འདྲི་ཡོད་དང་ཡོད། དེའི་ཞོར་དུ་ཕྲག་དྭོགས་ཅན་རེ་འགའ་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་རྒྱག་གི་ཡོད་པར་སྙིང་རྗེ་ཨང་བསམ་གྱི་ཡོད་དོ།།

  10. ཏི་སི། says:
    2016-05-27 at 7:09 am

    བོད་ཆོལ་གསུམ་དང་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་ཇོ་ནང་སོགས་བསྟན་འཛིན་འངུས་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ངང་ཆོས་སྲིད་དཔལ་ཡོན་ཡར་ངོའ་ཟླ་ལྟར་འཕེལ་བར་བཀྲིས་བདེ་ལེགས་ཞུ།

  11. ཀརྡོ་གཉེར་ཕྱག་པ་་ says:
    2016-05-27 at 7:43 am

    ༸གོང་ས་མཆོག་གིས།
    སློབ་སྦྱོང་ཡག་པོ་བྱོས། ཉམས་ལེན་ཡག་པོ་བྱོས། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད་ཨ། ཤེས་སོང་ང་། ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་ཤིག་ཡོད་ན་ཁ་ལ་ཉན་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཞེས་མདུན་དུ་ཐུག་པའི་སྐབས་ལ་དགའ་རབ་ཡིན་མདོག་མདོག་བྱས། རྒྱབ་ལོགས་ལ་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་བྱས། སྐྱག་རྫུན་དང་ཧམ་པ་ཏོག་ཙམ་ཏོག་ཙམ་བཤད་བསྡད་པ་ཡིན་ན་ཡག་པོ་ཡོད་པ་མ་རེད། ཤེས་སོང་ང་།

    http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%86%E0%BD%BC%E0%BD%A3%E0%BC%8B%E0%BD%81%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%B2%E0%BD%91%E0%BC%8B%E0%BD%93/

  12. ཀརྡོ་གཉེར་ཕྱག་པ་་ says:
    2016-05-27 at 7:46 am

    ༸གོང་མཆོག་གིས། དམ་འབུལ་སྐབས་ལ། གསུངས་པ།
    https://www.youtube.com/watch?v=hYvUbJ7gLUg

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-05-27 at 7:52 am

    ཅོ་རི་རང་།
    འདི་འདྲ་རྐྱང་རྐྱང་བསམ། འདི་འདྲ་རྐྱང་རྐྱང་བཤད་ནས་བསྡད་ན། རང་བཙན་པ་ཡག་པོ་ཅིག་ཀྱང་མ་རེད། xxx བོད་པ་ཡག་པོ་ཅིག་ཀྱང་ཆགས་ཁག་པོ་རེད་དོ།།

  14. སྦྲ་ནག says:
    2016-05-27 at 8:13 am

    འཇུ་ཆེན་ཤི་བའི་རྗེས་སྙིང་རྗེ་ད་དག་དག་རེད་ཟེར་བ་ལྟ་བུ་མ་ཡིན་པར། ཐེངས་གཉིས་པར་ཤུགས་བརྒྱབ་ན་ད་རུང་འཕྱི་དྲགས་མེད་།

  15. ཀ་བ་ཚེ་རིང་ says:
    2016-05-27 at 8:28 am

    བདག་དོན་གཉེར་བའི་སྐྱེ་བོ་འདིས་ལོ་ལྔ་དང་ལྔ་བཅུའི་འཆར་གཞི་ནི་ལོ་ལྔའི་ནང་ཆོལ་ཁ་ཆོས་ལུགས་ཀྱི་དུག་ཤིང་བཏབ་། རང་ཉིད་ལོ་ལྔ་བཅུའི་ད་དུང་འཚོ་བསྡོད་བྱེད་ཀྱི་རེད་བསམ་པ་དང་དེའི་རིང་རང་ཉིད་ང་འབོད་ངག་དབང་འཇིགས་མེད་ཀྱི་ཡང་སྲིད་ཡོང་བ་བྱས་པའམ་ཡང་ན་རང་ཉིད་རྒྱ་ནག་གི་Obamaབྱས་འདོད་པའི་བསམ་བློ་རེད་།

    སློབ་བཟང་སངས་རྒྱས་ཀྱིས་ལྔ་དང་ལྔ་བཅུའི་འཆར་གཞི་བོད་སྤྱི་ལ་འབྲེལ་བ་མེད་ལ་ཁོ་རང་སྒེར་གྱི་མི་ཚེའི་ལྐོོག་བརྡའི་སྲིད་བྱུས་ཤིག་རེད་། ངོས་ལ་བློ་སེང་གི་ངོས་འཛིན་དེ་ཁོ་པ་ནི་བོད་ཀྱི་Robert Mugabe དེ་རེད་། Robert Mugabe སུ་ཡིན་དང་ལས་ཀ་བྱེད་སྟངས་ལ་རྣམ་པ་ཚོས་དཔྱད་པ་གནང་དང་མི་དེ་འགོ་བཙུགས་དུས་གང་འདྲ་ཞིག་ཡོད་མཐའ་མཇུག་ད་ལྟ་ཕྱི་ནང་མང་ཚོགས་ཀྱིས་ཁོ་མི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག་ཤེས་རྟོགས་ཡོང་གི་རེད་།

    མི་ངན་དེ་འདྲ་ཞིག་གིས་བོད་མིའི་འགོ་ཁྲིད་དུ་སླེབས་པ་འདིས་བོད་མི་རྒྱ་ཆེ་མང་ཚོགས་ཀྱི་ཆབ་སྲིད་དང་ཤེས་ཡོན་གྱི་གནས་ཚད་ཇི་ཙམ་སྐྱོ་པོ་ཡིན་པའི་མཚོན་དོན་ཞིག་ཡིན་། ཡིན་ནའི་སེམས་གསོ་ཞིག་ཡོད་པ་དེ་ནི་ཨ་མི་རི་ཀའི་ནང་དུའང་མི་མང་ཚོས་བློ་སེང་གི་ཕ་ལ་ངོས་འཛིན་ཐུབ་པ་Donald Drumpf ལ་དགའ་མོས་བྱེད་སྟངས་ལ་བལྟས་ཚེ་ད་ཆ་ཕྱོགས་ཚང་མ་སྨྱོ་འདུག་བསམ་།

  16. ཨ་ཁུ་འབྲོག་པ། says:
    2016-05-27 at 8:54 am

    སྒེར་ཁེ་རིང་ལུགས་པ་སློབ་བཟང་སངས་རྒྱས་འདིས་འདས་པའི་ལོ་ལྔའི་ནང་། ཆོལ་ཁའི་འཐེན་འཁྱེར་གྱི་རི་བཙུགས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་དང་ཡོངས་སུ་འགལ་ཏེ། བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་འབར་ལ་ཁད་པ་ཞིག་བཟོས་སོང་། མ་འོངས་ལོ་ལྔའི་ནང་འདིས་ལྟས་ངན་ཞིག་མི་སྟོན་པའི་སྨོན་ལམ་འདེབས་སོ།

  17. གཅན བཟོད་རྒྱམ། says:
    2016-05-27 at 10:04 am

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ལྟར་བདག་ཀྱང་དེ་དེ་བཞིན་དུ་འདོད་དོ།།
    སྲིད་སྐྱོང་མཆོག་སླར་ཡང་བོད་མི་མང་གིས་བདམས་པི་སྲིད་སྐྱོང་དུ་ཕེབས་པར་དགའ་མོས་དང་རྟེན་ཞུ། སྲིད་ཀྱི་བྱ་གཞག་ཐམས་ཅད་བདེ་ལེགས་ངང་འགྲུབ་པར་རེ་སྨོན་ཞུ།

    #3 སྤོབས་པ་མཐའ་ཡས། ་ལགས་ཀྱིས་སྤེལ་དོན།:
    May 27th, 2016 at 4:33 am
    དམུས་ལོང་དམིགས་བུའི་མགོན་གྱིས་ཡོངས་བཏང་པ།།ཞེས་གསུངས་པ་ལྟ་བུར་མུན་ནག་གི་ཁྲོད་དུ་འཚོ་ཞིང་མུན་ནག་གི་ལམ་ལ་འཕྱན་པའི་བོད་སྤྱི་ཚོགས་འདི་ལྟ་བུར་སྲིད་སྐྱོང་རླབས་པོ་ཆེ་དང་གཡེར་པོ་ཆེ་འདི་ལྟ་བུ་ཞིག་ཡོད་པ་ནི་རླབས་ཆེ་བསོད་ནམས་བསགས་པའི་འབྲས་བུ་ཉག་གཅིག་ཏུ་འཁུམས། སྲིད་སྐྱོང་བློ་བཟང་སེང་གེ་ནི་བོད་མི་མང་གི་ཁྲོད་ཀྱི་’ལོང་བའི་ནང་གི་མིག་ལྡན་དང་། ཞ་བོའི་ནང་གི་རྐང་མགྱོག་’རེད།

  18. ལྷ་སའི་བུ་ says:
    2016-05-27 at 11:18 am

    ༧སྐྱབས་མགོན་སྐུ་ཚེ་རིང་འཚོ་ཤོག། ། སྲིད་སྐྱོང་བགེགས་མེད་ལམ་ལྷོང་ཤོག།
    ། བདེན་ཉིད་མྱུར་དུ་རྒྱལ་བར་ཤོག། ། གཞིས་བྱེས་མཉམ་འཛོམ་བཀྲ་ཤིས་ཤོག།

  19. བུ་རབ། says:
    2016-05-27 at 11:38 am

    སློབ་བཟང་སངས་རྒྱས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གཉིས་པའི་ཚོགས་གཙོར་འདེམས་ཐོན་བྱུང་པར་དགའ་བསུ་ཞུ། འབྱུང་འགྱུར་ལོ་ལྔའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་300ནས་400ཞིག་ཡོད་པ་རྣམས་རྩ་དགོངས་ཞུས་དེ་བོད་མིའི་སྒྲིག་འཛུགས་ལ་མི་མ་རེག་པའི་དཀའ་ངལ་མི་ཡོང་པའི་རེ་བ་ཡོད།

  20. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-27 at 12:07 pm

    མྱི་ངན་ཉུང་ཤས་ཅིག་ལ་༼བོད་མིའི་སྒྲིག་འཛུགས༽འདི་འཐོར་ཞིག་ཏུ་འགྲོ་རེ་བཅངས་པ་འདིར་བོད་མི་རིགས་རྩ་སྟོང་ནམ་སོང་ན་དེང་དུས་མ་གཏོགས་བོད་མིའི་སྒྲིག་འཛུགས་འདི་ཐོར་ཞིག་མི་འགྲོ་བ་ཤེས་དགོས་རྒྱུ་གལ་ཆེ་ཞུ།

  21. ཨ་འབར་འཇིགས་དབང་། says:
    2016-05-28 at 1:00 am

    ༅༅། བློ་བཟང་སེང་གེ་ལ་མི་འདོད་པའི་སྒེར་ཟ་ག་ཚོད་བྱེད་ཀྱང་སྟོང་བཤད་རེད། བོད་རྒྱ་མི་མང་གི་འོས་འཕངས་ནས་ཐོབ་པ་རེད་། ཚེ་འདི་ལ་བློ་སེང་དང་འགྲན་རྩོད་བྱེད་ཡ་གི་བློ་སྤོབས་ཅི་ཡང་ཡོད་པ་མ་རེད།
    ཚེ་ཕྱི་མ་ལ་བློ་སེང་ལྟ་བུ་ཡོང་བ་ཤོག་ཅེས་སྨོན་ལམ་སྟོང་པ་འདྲ་བརྒྱབ་ན་འགྲིགས།
    ཡག་ན་རེད། སྡུག་ན་རེད། ལོ་ལྔའི་རིང་སྐད་ཆ་བཤད་ས་མེད་པ་རེད།
    བློ་སེང་ལ་འདོད་མེད་ཁྲག་མདོག་གི་སྐད་ཅོར་ག་ཚོད་བརྒྱབ་ཀྱང་བོད་མི་མང་གི་བསྐོས་ཚར་བ་རེད།
    མིག་ཚ་ན་སི་སྤེན་བླུགས། བློ་ལ་མ་འགྲོ་ན་རྒྱུགས་པས་རྡུང།
    བོད་མིའི་སྒྲིག་འཛུགས་འདི་འཐོར་ན་དགའ་བ་ལ་བསམ་མཁན་རྒྱ་དམར་པོའི་རྒྱུགས་ཁྱི་ཚོ་རེད།
    གཞོན་སྐྱེས་ལོ་ལྟར་བཞིན་ ༡༠༠༠།༢༠༠༠ སློབ་གྲ་ཐོན་ནས་མཐོ་སློབ་པྱིན་པ་དང་མཐོ་སློབ་ཐོན་ནས་
    བོད་མིའི་སྤྱི་ཚོགས་ནང་གཅིག་རྗེས་གཉིས་མཐུད་ཡོང་བཞིན་ཡོད་པས་ལས་བྱེད་ག་ཚོད་གོ་གོ་རེད།

  22. ནུབ་ཕྱོགས་གངས་ཕྲུག says:
    2016-05-28 at 2:18 am

    ད་རེས་༧ གོང་ས་མཆོག་སྲིད་སྐྱོང་ལ་ཐུགས་མཉེས་པོ་གནང་མི་འདུག རྒྱབ་བསྐྱོར་བ་ཚོ་ཧ་གོ་གི་འདུག་དང་མི་འདུག

  23. ཨ་འབར་འཇིགས་དབང་། says:
    2016-05-28 at 9:50 pm

    དགེ་འདུན་པ་ཚོ།
    ༅༅། ཕྱོགས་འཛིན་མ་བྱེད་རྒྱང་རིང་ཆོས་གྲར་སྐྱོད།།
    མཁྲེགས་འཛིན་མ་བྱེད་རིས་མེད་གྲུབ་མཐའ་སློབས།།
    ངར་འཛིན་མ་བྱེད་གཞན་ཕན་སེམས་མཆོག་སྐྱེད།།
    མདུན་སྐྱོད་གླུ་སྒྲས་འབོད་བསྐུལ་དང་པོ་ཡིན།།
    སྲིད་སྐྱོང་མཆོག་
    ༅༅། གོ་ས་མ་རྕོད་རིགས་ཞེན་ལ་རྒྱ་ཟུངས།།སྒེར་དོན་མ་མཐོ་དམངས་ཀྱི་བདེ་སྡུག་སོམས།།
    ཐོས་རྒྱ་མ་ཆུང་གོ་ལའི་གསང་བ་ཉོན།། མདུན་སྐྱོད་གླུ་སྒྲས་འབོད་སྐུལ་གཉིས་པ་ཡིན།།

    ༅༅། གསར་ཞེན་མ་ཆེ་མེས་པོའི་ཆོས་སྲིད་སྐྱོངས།།
    ་ རྙིང་ཞེན་མ་ཆེ་དུས་ཀྱི་ཁ་ཕྱོགས་འཚོལ།།
    གནའ་དེང་ཟུང་འབྲེལ་གྲལ་སྙེགས་གངས་རིའི་བུ།།
    རྒྱལ་བའི་བཀའ་སློབ་མ་བརྗེད་གངས་རིའི་བུ།།
    འདི་སྤྱི་གཉིས་སྐྱིད་ལོས་ཡོང་གངས་རིའི་བུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme