Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་མཆུ་རྩིས་མེད་བཏང་བ་ཡིན།

Posted on 2016-05-172016-05-17 By ཁ་བརྡ 32 Comments on ཁ་མཆུ་རྩིས་མེད་བཏང་བ་ཡིན།

ཡོང་ཁུངས། བོད་ཀྱི་དུས་བབ།

 
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་པ་དེ་ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩིས་མེད་བཏང་བ་ཡིན་སྐོར་ཁྱབ་བསྒྲགས་བྱས་འདུག་ཀྱང་དེ་རིང་ཞུ་སྦྱོར་བ་ཚོས་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་ངོས་ལེན་མེད་ཟེར།
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་། དྷ་ས་སྨན་རྩིས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ལམ་དྷ་སར་གནས་སྡོད་བཀྲ་ཤིས་དབྱངས་འཛོམས་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་ཀྱིས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་ཁྲིམས་གཏུག་བྱས་པའི་སྙན་ཞུའི་ཡིག་ཆ་དེ་ཙམ་ཚད་ལྡན་བྱུང་མེད་པའི་གནས་སྟངས་འོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་དེ་རྩིས་མེད་བཏང་བ་ཡིན་སྐོར་ཁྱབ་བསྒྲགས་བྱས་སོང་།

ཁ་མཆུ་དེ་ནི་ཉེ་ལམ་བཙན་བྱོལ་བོད་མིའི་བཀའ་སྤྱིའི་དངོས་གཞིའི་འོས་བསྡུའི་ཉིན། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་སྟེང་། ‘སློབ་བཟང་སངས་རྒྱས།’ ཞེས་འཁོད་ཡོད་པའི་པར་ཕྱི་གྱར་བྱུང་སྟབས། དྷ་སར་གནས་སྡོད་བཀྲ་ཤིས་དབྱངས་འཛོམ་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་ཀྱིས། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མིའི་ཁོངས་སུ་སློབ་བཟང་སངས་རྒྱས་ཞུ་བའི་འོས་མི་ཞིག་མེད་སྟབས། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་པ་རེད།

tibettimes-5

དེ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་དང་རྣམ་རྒྱལ་ཚེ་སྐྱིད་ལགས། ཀུན་བཟང་ཐུབ་བསྟན་ལགས་བཅས་ཐུན་མོང་ཐོག ཁ་སང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་ཡིག་ཆ་དེ་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། “འདི་ནས་ ༢༠༡༦། ༥། ༣ ཉིན་ཁྱེད་རང་གཉིས་ཀྱིས་ ༢༠༡༦། ༤། ༡༦ ཉིན་ཞུ་རྩ་དང་ཡིག་དངོས་ཐོ་གཞུང་ཕུལ་འབྱོར་དུ། དབུས་འོས་བསྡུ་ལས་ཁང་དུ་ཕུལ་བའི་སྙན་ཞུ་ ༢༠༡༦། ༣། ༢༨ འཁོད་པའི་འདྲ་བཤུས་ཟུར་སྦྱར་དུ་ཡོད་ལུགས་བཀོད་འདུག་ཀྱང་། དངོས་སུ་མི་འདུག་སྟབས། སྤྱི་ཁྱབ་ཁྲིམས་དྲུང་དང་། འབྲེལ་ཡོད་ལས་བྱེད་གཞན་གཉིས་བཅས་ཀྱིས་ངག་ཐོག་ནས་སྔ་རྗེས་སུ་འདོན་འབུལ་དགོས་པའི་བརྡ་འདེད་རིམ་པར་སོང་ནས་ཀྱང་། ད་བར་ཕུལ་མེད་པ་དེ་ཕྱི་ལོ་ ༢༠༡༦། ༥། ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ གོང་ངེས་འབལ་ཐུབ་པ་དགོས་རྒྱུ་ཞེས་བརྡ་ཐོ་སོང་ནའང་། དུས་བཀག་ནང་ཚུན་ཡིག་ཆ་འདོན་འབུལ་བྱས་མི་འདུག་པས། ༢༠༡༦། ༥། ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ གོང་གོང་གསལ་ཡིག་ཆ་འདོན་འབུལ་མ་བྱས་ན། ཁ་མཆུ་ངོས་བཞེས་རྩིས་མེད་གཏོང་དགོས་པ་ཆགས་རྒྱུའི་བརྡ་ཐོ་གཉིས་པ་སོང་བར། དེ་ནས་སླར་ཡང་ ༢༠༡༦། ༥ ། ༡༢ ཉིན་གྱོད་ཡའི་འཐུས་མི་ནད་མནར་གྱི་རྐྱེན་པས་དུས་འགྱངས་ཞུས་པའི་རྒྱུ་མཚན་ལ་དགོངས་བཞེས་ཀྱིས། ད་ནངས་ཆུ་ཚོད་ ༩། ༥༠ ཐོག་མགོ་མཇུག་མི་ཚང་བ་དང་། ལྟ་ཀློག་མི་ཐུབ་པའི་ཤོག་ངོས་གཉིས་ཅན་ཞིག་ཕུལ་འདུག་པ་དེ་ཁྲིམས་ཐོག་ནས་ཚད་འཛན་འཕེར་བ་ཞིག་མིན་པས། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༧ [ཅ] གཞིར་བཟུང་ཁ་མཆུ་ངོས་བཞེས་རྩིས་མེད་བཏང་བ་ཡིན། ཁ་མཆུ་འདི་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༨༡ གཞིར་བཟུང་བསྐྱར་གཏུག་མི་ཆོག་པ་བས་ཀྱི་བཀའ་ཁྱབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༦། ༥ ། ༡༦ ལ།” ཞེས་སོགས་འཁོད་འདུག

སྐབས་དེར་གསར་འགོད་པ་ཚོས། ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་རང་གིས་གསར་འགོད་གསལ་བསྒྲགས་མ་གནང་བར། དེ་རིང་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་གང་ཡིན་དྲིས་པར། བློ་བཟང་གྲགས་པ་ལགས་ཀྱིས། དང་པོ་དེ་རིང་སྲིད་སྐྱོང་མཆོག་སྦེར་གཞིས་ཆགས་ནང་མཛད་འཕྲིན་ཡོད་པ་རེད། གཉིས་པ། ཁ་མཆུ་འདིའི་མགོ་ནས་མཇུག་བར་ང་ཚོའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ང་རང་དང་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་འགན་འཁུར་བསྡད་ཡོད་པ་རེད། ཡིག་ཆ་ཚང་མ་ངེད་གཉིས་བརྒྱུད་ནས་ཡོང་དགོས་སྟབས། དེ་རིང་གི་ཐག་གཅོད་དེ་ང་ཚོ་ཁྲིམས་རྩོད་པའི་ངོ་བོའི་སྟེང་ནས་བྱས་པ་རེད། ཅེས་བརྗོད་སོང་།

ཡང་གསར་འགོད་པས་ད་ལྟའི་འཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་སྟེང་། བློ་བཟང་སེང་གེ་ཞེས་བསྒྱུར་བཅོས་བཏང་ཡོད་དམ། ཡང་ན། སློབ་བཟང་སངས་རྒྱས་ཞེས་རང་འཇགས་བཞག་ཡོད་ཅེས་དྲིས་པའི་ལན་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐོག་མ་དཔལ་འབྱོར་ལས་ཁུངས་ལ་ཐོ་འགོད་སྐབས། བློ་བཟང་སེང་གེ་ཞེས་ཏག་ཏག་ཕུལ་ཡོད་ཀྱང་། དཔྱ་ཁྲལ་ལག་དེབ་སྟེང་བཤུ་སྐབས་སློབ་བཟང་སངས་རྒྱས་ཞེས་འགོད་ནོར་ཐེབས་པ་རེད། ད་ལྟའི་ཆར་དཔྱ་དངུལ་ལག་དེབ་སྟེང་བློ་བཟང་སེང་གེ་ཞེས་ཁོ་རང་གི་མིང་གང་ཡིན་པ་དེ་ཏག་ཏག་འཁོད་ཡོད་པ་རེད། བརྗེ་བོ་རྒྱབ་ཡོད་པ་རེད། ཅེས་བརྗོད་སོང་།

lo_2016_4_26འདི་གའི་གསར་ཁང་གིས་ཁ་མཆུ་ཞུ་སྦྱོར་བ་གྲྭ་དཀོན་མཆོག་དང་བཀྲ་ཤིས་དབྱངས་འཛོམས་གཉིས་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁ་མཆུ་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་མཐུན་འགྱུར་ཡག་པོ་གནང་མ་སོང་། དེ་ལ་བློ་ཕམ་ཞེ་དྲགས་ཡོད། ཁ་སང་བཀའ་ཁྱབ་དེ་འབྱོར་མ་ཐག་ངེད་གཉིས་ཁྲིམས་ཞིབ་ཁང་ལ་ཕྱིན་ཏེ་རྩོད་པ་བརྒྱབ་ཡིན། ཐག་གཅོད་དེ་ལ་མོས་མཐུན་རྩ་བ་ནས་མེད། བཀའ་ཁྱབ་དེའི་ནང་བསྐྱར་གཏུག་བྱེད་མི་ཆོག་ཅེས་བཀོད་འདུག་པ་དེ་ག་རེ་རེད། ངེད་གཉིས་ལ་ཁ་མཆུ་རང་གི་ཐོག་ནས་ནག་ཉེས་ནོར་འཁྲུལ་རིགས་གང་ཡིན་ཤོད་རྒྱུ་མེད་ཀྱང་། སྙན་ཞུ་འབྲི་སྟངས་ཙམ་གྱི་ཐོག་ནས་ཁ་མཆུ་རྩིས་མེད་གཏོང་བ་དང་། ད་དུང་བསྐྱར་དུ་ཞུ་གཏུག་བྱེད་མི་ཆོག་ལབ་ན་ག་རེ་རེད་ཅེས་དྲིས་དུས། རྒྱུ་མཚན་ཤོད་རྒྱུ་ཡོད་ན་བསྐྱར་དུ་ཞུ་གཏུག་བྱས་ན་འགྲིག་གི་རེད། ཁྲིམས་ཞིབ་ཁང་གི་སྒོ་ཕྱེ་བཞག་ཡོད་པ་རེད་ལབ་སོང་། ཞེས་བརྗོད་སོང་།

ཡང་ཁོང་ལ་དེ་རིང་གི་གསར་འགོད་གསལ་བསྒྲགས་དེ་ཧ་གོ་ཡོད་མེད་དང་། ཁོ་རང་གཉིས་ལ་ཁྲིམས་རྩོད་པ་ཡོད་མེད་དྲིས་པར། “ངེད་གཉིས་དེ་རིང་བོད་པའི་ཁྲིམས་ལུགས་རིག་པའི་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་གྱི་ཡོད་པ་རྩ་བ་ནས་ཧ་གོ་མ་སོང་། ཁྲིམས་ཞིབ་ཁང་གི་ཡིག་ཆ་དེ་ཁ་སང་ཁོ་རང་ཚོ་ལ་རག་ཡོད་པ་རེད། ངེད་གཉིས་ལ་རག་སོང་།” ཅེས་དང་། ཁོང་མོས་མུ་མཐུད་དུ། ངེད་གཉིས་ལ་བདེན་པ་ཡོད་ཀྱང་། བདེན་པར་རྒྱབ་སྐྱོར་བྱེད་མཁན་མི་འདུག དང་པོ་ཁ་མཆུ་འདི་ཞུ་གཏུག་བྱེད་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་རོགས་པ་བྱེད་མཁན་ཁྲིམས་རྩོད་པ་ཞིག་དགོས་པ་རེད་ཟེར་ནས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་ངོ་སྤྲོད་གནང་སོང་། ཡིན་ནའང་ངེད་གཉིས་ཕར་ཕྱིན་སྐབས་རོགས་པ་བྱེད་མཁན་རག་མ་སོང་། གང་ཡིན་ཟེར་ན། ཚོགས་པ་དེར་མི་གསུམ་བཞི་ཞིག་ལས་མི་འདུག ཚོགས་པ་དེའི་ཚོགས་གཙོ་བློ་བཟང་གྲགས་པ་ཟེར་བ་དེ་དང་རྣམ་རྒྱལ་ཚེ་སྐྱིད་ཟེར་བའི་བུ་མོ་ཞིག་འདུག་པ་དེ་གཉིས་ཀ་སྲིད་སྐྱོང་བློ་བཟང་སེང་གེ་དང་འོས་བསྡུ་ལས་ཁང་ལ་རོགས་པ་བྱེད་མཁན་རེད་འདུག སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་ཟེར་བ་དེ་རྫུན་མ་རེད། ངེད་གཉིས་ལ་རོགས་པ་གཅིག་ཀྱང་བྱས་མ་སོང་། དེ་ནས་ངེད་གཉིས་ཡར་མར་ཁྲིམས་རྩོད་པ་བཙལ་ཡང་ཁྱོན་ནས་རག་མ་སོང་། ཁ་ཤས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་ཤེས་རྗེས་གཡོལ་ཏེ་ངོས་ལེན་བྱེད་ཀྱི་མི་འདུག

ང་ཚོས་ད་དུང་མུ་མཐུད་དུ་ཞུ་གཏུག་བྱེད་རྒྱུ་ཡིན། ཁྲིམས་ཞིབ་ཁང་གི་ཁ་མཆུའི་སྐོར་ནས་དེ་རིང་ངེད་གཉིས་གང་ཡང་ཞུ་རྒྱུ་མིན། ང་ཚོའི་སྐད་འཕྲིན་ཚོགས་པར་མི་ལྔ་བརྒྱ་ལྷག་ཅིག་ཡོད། ཚོགས་པའི་མགྲིན་ཚབ་པ་སུད་སིར་ཡོད་པའི་ཨ་ཅག་མོ་རང་གང་མགྱོགས་མགྱོགས་དྷ་རམ་ས་ལར་ཡོང་རྒྱུ་རེད། ང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་དེ་སྤྱི་དོན་ཡིན་བསམ་བསྡད་ཡོད། བཙན་བྱོལ་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ལ་དཔྱ་དངུལ་ལག་དེབ་སྟེང་ནོར་བཅོས་བྱེད་མ་ཐུབ་པར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། ཁོ་རང་ཚོ་སྙིང་རྗེ་རེད། དེ་གནས་ཚུལ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། ཅེས་སོགས་བརྗོད་སོང་།

གསར་འགྱུར།

Post navigation

Previous Post: ཨ་མ་གཉིས་ཀྱི་ཀུ་ཤུ་བགོ་སྟངས་ལས་བྱིས་པ་གཉིས་ཀྱི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པ། (འོས་སྦྱོར།)
Next Post: དབང་ཞུ་ལ་བུད་ཐལ།

Comments (32) on “ཁ་མཆུ་རྩིས་མེད་བཏང་བ་ཡིན།”

  1. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-17 at 12:15 pm

    བཙན་བྱོལ་ཁྲིམས་ཞིབ་ཁང་ནས་ཐག་བཅད་ཇི་ལྟར་གནང་ནའང་། ཁྲིམས་སྒྲིག་ལྟར་གནང་ཡོད་པར་ཡིད་ཆེས་ཡོད། ཞུ་སྦྱོར་བ་ནས་ཁྲིམས་ཐག་བཅད་པ་དེ་དག་ངོས་ལེན་གནང་མ་ཐུབ་ཚེ་སླར་ཡང་ཞུ་གཏུགས་བྱ་ཆོག་པ་ཡིན། འོན་ཀྱང་ཞུ་སྦྱོར་བ་ལ་ཁྲིམས་རྩོད་པ་བཙལ་ཀྱང་མ་ཐོབ་པ་དང་འགའ་ཤས་སྲིད་སྐྱོང་བློ་སེང་ལགས་སུ་ཁ་མཆུ་རྒྱབ་ཀྱི་ཡོད་སྟབས་གཡོལ་ཐབས་བྱས་པ་ནི་ཆེས་བློ་ཕམ་ཡིན། ཁྲིམས་རྩོད་པ་སུ་ཡིན་རུང་གང་ཟག་ལ་མ་བལྟ་བར་ཞུ་གཏུགས་གནད་དོན་ལ་བལྟ་དགོས། གལ་ཏེ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པ་ནས་ཁོང་གཉིས་ཀྱི་སྲིད་སྐྱོང་བློ་སེང་ལགས་དང་དབུས་འོས་བསྡུ་ལས་ཁུངས་ལ་ཁྲིམས་གཏུགས་རྐྱེན་པས་རོགས་པ་མ་གནང་བ་ཡིན་ཚེ་དེ་ནི་ཁྲིམས་རྩོད་པའི་ཁྱད་ཆོས་དང་མཚན་ཉིད་ཚང་གི་མེད། ཚོགས་པ་འདི་འདྲ་སྤྱི་ཚོགས་ཞབས་འདེགས་ཡིན་འཁུལ་གྱིས་དོན་དུ་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ནོར་འཁྲུལ་ལ་སྲུང་སྐྱོབ་བྱ་རྒྱུ་ལས་མང་ཚོགས་ཀྱི་བདེ་སྡུག་ལ་བློད་གཏོང་གི་ཡོད། ཚོགས་པ་འདི་འདྲ་བ་ལ་དབྱིན་ཡིག་ནང་ GOVERNMENT NON-GOVERNMENTAL ORGANISATON (GONGO) ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་འབོད་སྲོལ་འདུག་པ་མ་ཟད། ཚོགས་པ་འདི་གྲས་རྒྱལ་སྤྱི་ལྡིངས་ཆ་སྟེང་གཏམ་བཤད་གང་བྱེད་ཀྱང་དེ་ལ་བརྩི་མཁན་དཀོན་པ་ཡིན་འདུག ད་ང་ཚོའི་སྤྱི་ཚོགས་ནང་ན་ཚ་ཕོགས་ཟིན་འདུག་གདའ། ཨ་ཁ་ཁ་་་་་་

  2. བུ་རབ། says:
    2016-05-17 at 12:33 pm

    ལི་ཐང་བློ་བཟང་གྲགས་པ་ཟེར་བ་མི་འདི་ལ་གཟབ་གཟབ་བྱེད་དགོས།

  3. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-17 at 1:01 pm

    ཞུ་སྦྱོར་བ་གཉིས་ནས་རྡ་ས་གནས་སྡོད་ཡབ་ཆེན་ལགས་སུ་བཅར་ན་ཁོང་ནས་རོགས་པ་གནང་ངེས་ཡིན། ཁོང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་ནས་ཁྲིམས་སྒྲིག་བརྒལ་བའི་བྱ་སྤྱོད་རིགས་ལ་ཁྲིམས་གཏུགས་བྱ་མཁན་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཐོག་མ་དེ་ཡིན་ཟེར་ཆོག་པ་ཡིན། ཁོང་ནས་སྤྱི་འཐུས་ཟླ་བ་ཆེ་རིང་ལགས་སུ་ཁ་མཆུ་རྒྱབ་ཡོད་པ་ཀུན་གྱི་མཁྱེན་གསལ་ཡིན་སྟབས་སྲིད་སྐྱོང་བློ་སེང་ལགས་དང་དབུས་འོས་བསྡུ་ལས་ཁུངས་གཉིས་ལ་ཁྲིམས་གཏུགས་ངོས་ལེན་མེད་པས་ཁྲིམས་ཞིབ་ལས་ཁུངས་ནས་བཅད་ཁྲ་བཏང་ཡོད་པར་སོང་ཡིག་ཆ་རྣམས་སྔ་ས་ནས་གྲ་སྒྲིག་བྱེད་ནས་ཁྲིམས་ཞིབ་ལས་ཁུངས་སུ་སླར་ཡང་ཞུ་གཏུགས་ཆེད་ཁོང་སར་བཅར་ན་ལེགས། གལ་ཏེ་ཁྱེད་རྣམས་གཉིས་ལ་ཁུངས་འཕེར་ཡིག་ཆ་བཏོན་རྒྱུ་མེད་ན་ཁྲིམས་ཐོག་ནས་ཉེས་ཆད་གཏོང་དགོས་པ་ཡིན།

  4. ཨ་ཁུ་འབྲོག་པ། says:
    2016-05-17 at 2:32 pm

    ད་གཡུགས་ཞོག ཅང་འོང་བཟོ་མི་འདུག དང་པོ་རང་ནས་འོས་བསྡུའི་སྒྲིག་གཞི་དང་འགལ་འཛོལ་བྱུང་ཡོད་མེད་མཁས་པ་ཁ་ཤས་དང་གོ་བསྡུར་གྱིས་འགལ་འཛོལ་དངོས་འབྲེལ་བྱུང་ཡོད་ཚེ་ཁྲིམས་རྩོད་པ་དང་བཅས། ཁུངས་བསྐྱེལ་ཡིག་ཆ་ཁག་གྲ་སྒྲིག་དང་སྦྲགས། ཁ་མཆུ་ཞུ་སྦྱོར་བྱེད་དགོས་པ་ལས། གང་འཐད་འཐད་ཀྱིས་གཞན་ལ་ཁ་མཆུ་འཛུགས་པ་ནི་སྤྱི་དོན་ལྟ་ཞོག་རང་དོན་ཡང་མི་འགྲུབ། སྔོན་གྱི་བློ་བཟང་གྲགས་པ་ཚང་མ་སངས་རྒྱས་རེད། དེང་གི་བློ་བཟང་གྲགས་པ་མང་ཆེ་བ་དམ་ཉམས་ལོག་སྤྱོད་པ་རེད། རེ་བ་མ་བྱེད།

  5. ཨ་ཁུ་འབྲོག་པ། says:
    2016-05-17 at 2:59 pm

    ཡབ་ཆེན་ནམ། ཕག་རི་ཤོ་ཟུར་པ་སངས་ཚེ་རིང་གིས་ཀྱང་ཁྱེད་ཚོར་རོགས་མི་བྱེད་པ་ཚང་མས་ཤེས། དེ་སྔ་ཟླ་བ་ཚེ་རིང་ཁྲིམས་ལ་སྦྱར་བའི་རྒྱབ་ལ་འཇུ་ཆེན་འཁོར་དང་བཅས་པ་ཡོད། ད་ལྟ་ཁྱེད་ཚོའི་རྒྱབ་ལ་སུ་ཡང་མེད་པ་ཁོས་ཤེས།

  6. ནུབ་ཕྱོགས་གངས་ཕྲུག says:
    2016-05-17 at 6:05 pm

    ཡང་སྲིད་སྐྱོང་མཆོག་གིས་འཇུ་ཆེན་ནང་བཞིན་རྡ་རམ་ས་ལར་ཇག་ཚང་ཞིག་བཅའ་ཚར་ཡོད་ས་རེད། གནམ་རྒན་མ་མཁྱེན།

  7. གཙན་ནག་པ། says:
    2016-05-17 at 10:29 pm

    བློ་བཟང་གྲགས་པའི་མིང་ཅན་དེར་དྭོགས་ཟོན་ངེས་པར་དགོས་ས།

  8. གཙན་ནག་པ། says:
    2016-05-17 at 10:30 pm

    བློ་བཟང་གྲགས་པའི་མིང་ཅན་དེར་དྭོགས་ཟོན་ངེས་པར་དགོས་སོ།

  9. ཨ་འབར་འཇིགས་དབང་། says:
    2016-05-18 at 12:13 am

    ༅༅། ཁྲིམས་ལ་མ་གཏུགས་གོང་ལ་དང་པོ་འོས་བསྡུའི་སྒྲིག་གཞི་ལ་ཡག་པོ་བལྟ་དགོས་པ་དང་
    གཉིས་པ་གལ་གནད་ཆེ་བ་ནི་ར་འཕྲོད་དཔང་རྟགས་དགོས་པ་ཡིན།
    ཁྲིམས་ཀྱི་མདུན་སར་ར་འཕྲོད་མེད་ན་སྟོང་བཤད་ག་ཚོད་རྒྱབ་ཀྱང་དགོས་མེད།
    མ་ཚད་ཁྲིམས་ལུགས་རིག་པའི་ཚོགས་པ་ཞེས་པ་དེ་ཁྲིམས་མཐུན་ཡིན་དང་མིན། དེའི་ནང་གི་ཚོགས་མི་ཚོ་ཁྲིམས་ཀྱི་སློབ་སྦྱོང་བྱས་པའི་ཁྲིམས་མཐུན་ལག་འཁྱེར་ཡོད་དང་མེད། གལ་སྲིད་མེད་ན་ཁ་བཤད་ཆུ་ཡི་སྦོ་བ་དང་ལག་ལེན་གསེར་གྱི་ཐིགས་པ་རེད་མ་གཏོགས་གང་ཡང་མེད། ཁྲིམས་ཞིབ་ཁང་ནས་རྩིས་མེད་བཏང་པ་དེ་ལ་བལྟས་ན་གྲུབ་འབྲས་ཐོན་ས་མ་རེད་སྙམ།

  10. རྣམ་རྒྱལ། says:
    2016-05-18 at 12:15 am

    སྲིད་སྐྱོང་བློ་བཟང་སེང་གེའི་རང་བཙན་ལག་དེབ་སྟེང་གི་མིང་ནོར་བ་ལས་ཀྱང་ཚབས་ཆེ་བ་དེ་ཁ་སང་བོད་ཀྱི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྲིད་སྐྱོང་བློ་བཟང་སེང་གེའི་ཚབ་བྱས་ཏེ་གསར་འགོད་གསལ་བསྒྲགས་སྤེལ་བ་དེ་རེད། བོད་པའི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་བཙན་བྱོལ་ནང་གི་བོད་མི་སྐྱོ་བོ་ཚོར་ཞབས་ཞུ་བསྒྲུབ་པའི་ཆེད་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ༧སྐུ་མདུན་ལ་དེ་ལྟར་སྙན་གསན་ཞུས་ཏེ་དགའ་ལྡན་ཕོ་བྲང་ནས་དངུལ་གྱི་རོགས་རམ་ཞིག་ཀྱང་རེག་ཡོད་པའི་སྐད་ཆ་འདུག
    ཡིན་ནའང་ཉེ་ལམ་ཞིག་ནས་ཚོགས་པ་དེ་འབའ་བ་སྐལ་བཟང་རྒྱལ་མཚན་གྱི་བཀོད་ཇུས་འོག་ལ་རྒྱུག་བསྡད་ཡོད་པའི་སྐད་ཆ་ཞིག་གོ་སོང་བ་མ་ཟད། ཚོགས་པ་དེ་བཟང་གྲགས་མ་ཡོང་སྔོན་ལ་ངན་གྲགས་ཆགས་ཏེ་ལས་ཀ་དང་པོ་གཉིས་པ་མགོ་འཛུགས་བྱས་པ་ལམ་ལྷུང་བྱུང་མེད། དང་པོ་དེ་ཉེ་ཆར་དྷ་རམ་ས་ལར་རྒྱ་རིགས་ཚོར་ཚོགས་འདུ་ཞིག་ཚོགས་རྒྱུའི་འཆར་གཞི་སྒྲིག་ཀྱང་རྗེས་ལ་རྦོ་ལུག་པ་དང་། གཉིས་པ་སྲིད་སྐྱོང་ཁྲིམས་གཏུག་གི་གནད་དོན་ཐོག་ནས་ཕྱོགས་རིས་འཐེན་འཁྱེར་གྱི་ལས་ཀ་བྱས་ཏེ་སློབ་བཟང་སངས་རྒྱས་ཀྱི་རྒྱུག་ཁྱུ་བྱས་ཏེ་ཏེ་མང་ཚོགས་ལ་ནག་ཉེས་བཙུགས་པ་དང་སྐྱོན་བརྗོད་བྱས་པ་དེ་རེད།

  11. ལྷ་སྒང་ཆོས་གྲགས། says:
    2016-05-18 at 12:45 am

    བཙན་བྱོལ་སྒྲིག་འཛུགས་དེ་སྒེར་གཅོད་པས་ཉོས་ཚར་འདུག ཁྲམ་པ་དང་ཁྲམ་སྐྱོར་བས་ཁེངས་འདུག སེམས་ཤུགས་མ་ཆག ཁྲིམས་ཁང་གཞན་དང་གཞན་དུ་གཏུགས་ཆོག དེ་མིན་མ་བྱུང་ན་ཞི་བའི་ངོ་རྒོལ་བྱ་ནའང་འཐུས།

  12. ཨ་རོགས་དགའ་དགའ། says:
    2016-05-18 at 4:56 am

    བསྟན་འཇམ་གྱིས་འདྲི་ཞིག་བྲིས་འདུག སྐད་ཆ་ངོ་མ་རེད།
    “ཁྱད་མཚར་རེད། སློབ་བཟང་སངས་རྒྱས་དང་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ལམ་སྟོན་འོག་ལི་ཐང་བློ་བཟང་གྲགས་པ་ཟེར་བ་དེ་ད་ལོའི་སྤྱི་འཐུས་ནང་སླེབས་པ་རེད། སྤྱི་འཐུས་དམ་འབུལ་མ་བྱས་གོང་ལས་ཀ་ཁྱད་མཚར་འདི་འདྲ་བྱེད་རྒྱུའི་འགོ་བཙུགས་ཚར་སོང་།

    ཁོང་ཅག་གི་འགྲེལ་བཤད་ནང་དང་པོ་དེ་རིང་སྲིད་སྐྱོང་མཆོག་སྦིར་གཞིས་ཆགས་ནང་མཛད་འཕྲིན་ཡོད་པ་རེད། གཉིས་པ། ཁ་མཆུ་འདིའི་མགོ་ནས་མཇུག་བར་ང་ཚོའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ང་རང་དང་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་འགན་འཁུར་བསྡད་ཡོད་པ་རེད། ཡིག་ཆ་ཚང་མ་ངེད་གཉིས་བརྒྱུད་ནས་ཡོང་དགོས་སྟབས། དེ་རིང་གི་ཐག་གཅོད་དེ་ང་ཚོ་ཁྲིམས་རྩོད་པའི་ངོ་བོའི་སྟེང་ནས་བྱས་པ་རེད། ཅེས་རྒྱུ་མཚན་བཀོད་པར།

    ༡། སྲིད་སྐྱོང་ནི་གྱོད་ཡ་ཡིན་སྟབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉན་རྒྱུ་ལས་བཅད་ཁྲ་གསལ་བསྒྲགས་བྱེད་པའི་དབང་ཆ་མེད་སྟབས། ཁོང་སྦིར་ཕེབས་པ་དང་ཁྱེད་ཚོས་གསལ་བསྒྲགས་བྱས་པར་འབྲེལ་བ་ག་རེ་འདུག

    ༢། ཁྱེད་ཚོ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རེད་ལ། ལྷག་པར་ཁྲིམས་རྩོད་པ་ལས་ཁྲིམས་ཞིབ་པ་མིན་པས། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་གསལ་བསྒྲགས་བྱེད་རྒྱུའི་དབང་ཆ་སུས་སྤྲད་པ་རེད། ལྷག་པར་དུ་བཅད་ཁྲ་ཁྱབ་བསྒྲགས་བྱེད་མཁན་ནི་ཁྲིམས་ཞིབ་པ་ཡིན་པ་ལས་ཁྲིམས་རྩོད་པ་མིན་པས། ཁྱོད་ཚོས་ཁྲིམས་ལུགས་ཀྱི་དམའ་མཐའི་འགྲོ་སྟངས་ཙམ་ཡང་མི་ཤེས་པར་གང་བྱུང་གིས་གསར་འགོད་པའི་མདུན་ལ་ཐོན་ཡོང་བའི་སྤོབས་པ་དེ་སུས་སྤྲད་སོང་།

    ཡང་ཁྲིམས་ཞིབ་ཁང་གིས་ད་ཐེངས་ཀྱི་གནས་ཚུལ་དེར་ལྐོག་ལྐོག་སུད་སུད་ཞེ་དྲགས་བྱེད་ཀྱི་འདུག་པས། འཇུ་ཆེན་དཀོན་མཆོག་དང་བསྟན་པ་ཡར་འཕེལ་གྱིས་ཁྲིམས་ཞིབ་ཁང་སྒོ་རྒྱག་གི་ཡིན་ལབ་པ་ལྟར། ད་ཁྲིམས་དང་མ་མཐུན་པར་ས་འོག་དར་ཐག་རྐྱང་འཐེན་བསྡད་ན་ང་ཡང་ཁོང་གཉིས་ཀྱི་རོགས་པར་འགྲོ་དགོས་བྱེད་ས་རེད་ད།” ཟེར།

  13. ཅང་ཤེས་རྟ་མཆོག says:
    2016-05-18 at 5:17 am

    རྣམ་རྒྱལ་ཚེ་སྐྱིད་ལགས་ནི་སློབ་བཟང་སངས་རྒྱས་ཀྱི་དགའ་རོགས་ཟུར་བསྟེན་སྙིང་སྡུག་ཡིན་པ་ཡོངས་གྲགས་རེད།

  14. གནམ says:
    2016-05-18 at 5:19 am

    གཏུག་ཐུབ་ན་ཡག་པོ་རེད། གཏུགས་ས་ཡོད་ས་ཞིག་ལ་གཏུག་དགོས་བ་རེད། ཁྲིམས་ཁང་མེད་སའི་རྡ་སའི་འཁོར་ཡུག་ན། རྫབ་ཆེན་ཁོག་སྟོང་གི་ཁ་ངོ་སྲུང་ནིའི་རྫབ་ཆེན་ཁྲིམས་ཞོན་པ་འགའ་ཞིག་ཡོད་ནི་རེད།

  15. དགུ་ཚིགས་ཕོ་ཉ says:
    2016-05-18 at 10:21 am

    གང་ལྟར་ད་ལྟའི་དུས་འདིར་སྲིད་སྐྱོང་ནི་སྲིད་བཤིག་ལ་འགྱུར་ཉེན་ཡོད་པ་དང་། ཁྲིམས་ཞིབ་ནི་ཁྲིམས་གཏོར་ལ་འགྱུར་ཉེན་ཆེ་བ། དེ་བཞིན་ཁྲིམས་བཟོ་བ་ཚོའང་ཁྲིམས་མེད་དུ་ཆགས་ཉེན་འདུག་ན་་་་་་ད་ནི་མི་མང་གི་རེ་བ་དེ་བསླར་ཡང་༧གོང་ས་མཆོག་ཉིད་ལ་མ་གཏོགས་རེ་བ་གང་ཡང་མེད་པ་ཆགས་ས་རེད།

  16. དགུ་ཚིགས་ཕོ་ཉ says:
    2016-05-18 at 10:29 am

    འདི་ལྟར་སོང་ན་མི་མང་གི་སེམས་ན་གཞུང་ལ་ཡིད་ཆེས་བྱེད་པ་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་རྒྱུ་ཉག་གཅིག་ཡིན་པ་དང་། སེམས་ནང་གི་ཆེ་མཐོང་ཡང་ཇེ་མེད་ནས་ཇེ་མེད་ལ་འགྲོ་རྒྱུ་མ་ཟད་ཐ་ན་མཐོང་ཆུང་དང་ཁྱད་གསོད་བྱེད་ས་ཅིག་ཏུའང་མི་འགྱུར་པའི་ངེས་པ་མི་འདུག གལ་སྲིད་དེ་ལྟར་བྱུང་ན་དེ་བཟོ་མཁན་ནི་ད་ལྟའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡིན་པ་ཤོད་མ་དགོས་པ་རེད།

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-18 at 12:02 pm

    ཁ་མཆུ་རྩིས་མེད་བཏང་བའི་གསལ་བསྒྲགས་དེ་ཁྲིམས་ཞིབ་ཁང་
    གི་ཁྲིམས་དྲུང་གི་མ་གནང་བར་ཁྲིམས་རྩོད་པས་གནང་བ་དེ་ཁྲིམས་
    མཐུན་ལ་ཆ་བཞག་དགོས་པ་རེད་དམ་ཁྲིམས་འགལ་ལ་ངོ་འཛིན་
    ཞུ་དགེས་པ་རེད་།

  18. ཁ་བ་རི་བ says:
    2016-05-18 at 2:44 pm

    ཕོ་ཆོོ་ག་ཡིན་ན་དགྲ་བོ་རྒྱ་དམར་ཁྲིམས་ལ་སྦྱོར་ཤིག།དགྲ་དང་་གྲོགས་ཕྱི་དང་ནང་མ་ནོར་བ་ཧ་གོ་བ་གྱིས།

  19. བོད་ཀྱི་བུ། says:
    2016-05-18 at 3:09 pm

    གནའ་བོས་གཏམ་དཔེར། སྤྱང་རྡོ་ཕོག་ནད་ཀྱིས་མི་འཆི་སྟེ།། དེ་སྟེང་སྡུག་ནད་མ་ཐེག་ཤི།། ཟེར་བ་ལྟར་ཅིས་མ་བདེན་ཧ་ཧ་ཧ།

  20. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-18 at 3:51 pm

    སྲིད་སྐྱོང་བློ་སེང་ལགས་ནས་བཙན་བྱོལ་སྒྲིག་འཛུགས་སྣེ་འཁྲིད་པ་ནས་ཁ་ཆག་སྣ་རལ་གྱི་གནས་ཚུལ་རིམ་པ་བྱུང་ཡོད་པ་མ་ཟད། འོས་བསྡུ་ཆེན་མོ་སྐབས་ཕྱོགས་ཞེན་ཕྱོགས་སུ་ལྷུང་བ་དང་སྒྲིག་འཛུགས་སྒེར་སྤྱོད་བྱ་བཞིན་པ་མངོན་གསལ་ཡིན། ཉིན་ཤས་སྔོན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ནས་སྲིད་སྐྱོང་བློ་སེང་ལགས་དང་འོས་བསྡུ་ལས་ཁུངས་གཉིས་ལ་ཁ་མཆུ་རྒྱབ་ཡོད་པའི་ཐད་ཁྲིམས་ཞིབ་ལས་ཁུངས་ནས་བཅད་ཁྲ་བཏང་བ་དེ་དག་ཁྲིམས་ཞིབ་ལས་ཁུངས་ནས་གསལ་འགོད་གསལ་བསྒྲགས་མ་གནང་བར། ཚོགས་པ་དེ་ནས་གསར་འགོད་གསལ་བསྒྲགས་གནང་དགོས་པ་གང་ཡིན་ནམ། གཞུང་མིན་ཚོགས་པ་དེ་འདྲའི་དབང་ཚད་སུས་སྤྲད་པ་ཡིན་ནམ། མང་ཚོགས་ནང་དོགས་དྲི་མང་པོ་འཆར་བཞིན་ཡོད། གནས་སྟངས་འདི་འདྲའི་སྐབས་སྒྲིག་འཛུགས་ནས་གསལ་པོ་མ་བཟོ་ཚེ་༧གོང་ས་མཆོག་ནས་སྐུ་ངལ་ཆེན་པོ་སྐྱོན་ནས་ང་ཚོའི་སྒྲིག་འཛུགས་ཧྲ་ཏག་ཏག་བཟོས་ཡོད་པ་དེར་མི་མང་ནས་ཆ་འཇོག་དང་ཡིད་ཆེས་ཇི་ལྟར་འཇོག་དགོས་སམ། བཙན་བྱོལ་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་ནས་ཡིད་གཟབ་མ་གནང་ཚེ་སྒྲིག་འཛུགས་ལ་ཆེ་མཐོང་དང་ཡིད་ཆེས་བརླག་ངེས་ཡིན་པས་གཟབ་གཟབ་གནང་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་རེ་བ་ཞུ་བཞིན་ལགས།

  21. བྱང་ཆུབ་ལོ་མ། says:
    2016-05-18 at 5:30 pm

    ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་ཅི་རེད། མི་དམངས་ལ་དཀའ་ངལ་དང་སྤྱི་ཚོགས་ལ་རྙོག་དྲ་བཟོ་ཆེད་དུ་བཙུགས་པ་ནི་ཡིན་གྱི་མ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་སུས་ཁྲིམས་ལུགས་ཤེས་ཀྱི་ཡོད་པ་རེད། ཚོགས་པ་འདི་ཡང་སྙིང་ག་རེའི་ཆེད་དུ་རེད། ད་ལྟ་བར་དུ་ལས་ཀ་ག་རེ་བྱས་ཡོད་པ་རེད། ཚོགས་པ་འདིའི་ཚོགས་མི་སོགས་ལ་རྒྱུས་གང་ཡང་མེད་དེ། ཁྲིམས་ལུགས་རིག་པ་བ་ཞིག་ཡིན་ན། གཟུར་གནས་ཤིག་ཡིན་དགོས་པ་ཡིན་སྟབས། ང་ཚོའི་ཚོགས་པ་འདི་ཏག་ཏག་ཞིག་དང་ཕན་ཐོགས་ཅན་ཞིག་ཨེ་ཡིན་ནམ་བསམ་པ་ཞིག་བྱུང་།

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-19 at 2:04 am

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་དེ་
    ཁྲིམས་དྲུང་གི་མ་གནང་བར་ཁྲིམས་བརྩོད་པས་གནང་བ་དེ་སྔ་མོ་
    བོད་ཀྱི་གཏམ་དཔེ་ལ་གཏམ་ཨ་ཕས་མ་བཤད་ཨ་མས་བཤད་ཁྱི་
    བདག་པོའི་མ་བཀག་མགྲོན་པོའི་བཀག་ཟེར་བའི་དཔེ་དེ་མིན་ནམ་།

  23. ཅང་ཤེས་རྟ་མཆོག says:
    2016-05-19 at 5:08 am

    གཞུང་པ་ཚེ་དབང་བསོད་ནམས་ཀྱིས་གསུངས་པའི་བསམ་ཚུལ་#17 དང་ #22 གཉིས་པ་རྒྱབ་སྐྱོར་ཡོད། ཁྲིམས་དྲུང་བཀྲིས་རྒྱ་མཚོ་འབའ་བ་སྐལ་རྒྱན་གྱི་ཆང་འཐུང་རོགས་ཁོ་ག་བར་སོང་བ་ཡིན་ནམ།

  24. ཅང་ཤེས་རྟ་མཆོག says:
    2016-05-19 at 5:12 am

    ད་ལོའི་འོས་བསྡུ་ཆེན་མོའི་རྗེས་ལ་བསྐྱར་དུ་བཙན་བྱོལ་སྤྱི་ཚོགས་ནང་། སེམས་འཚབ་གསར་པ་ཞིག་དང་། གླེང་གཞི་གསར་པ་ཞིག་བྱུང་ཡོད་པ་ནི། ༧གོང་ས་མཆོག་གིས་བཀའ་སྤྱི་གཉིས་ལ་མཇལ་ཁ་མ་གནང་བའི་སྐོར་དེ་རེད། གནད་དོན་འདིར་མང་ཚོགས་ཀྱིས་སེམས་འཚབ་གནང་བར་ཐུགས་ཁག་ཅི་ཡོད། ཉེ་ལམ་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་བཟང་སྤྱོད་ཉམས་ཆག་སྐོར་ལ་བཀའ་སློབ་གནང་རྗེས། དྷ་རམ་ས་ལའི་སྲིད་སྐྱོང་ལས་ཁུངས་ནས་བལ་བོད་མཚམས་ཀྱི་གློ་སྨོན་གཞིས་ཆགས་བར་ཡོམ་ཡོམ་འགུལ་ཏེ། སུ་འགྲིག་སུས་ནོར་རྒྱུ་མ་ཕུ་འདེད་དང་ནད་ཁྲག་རྩ་འདེད་བྱས་ཡོད།

    ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན་གཉིས་ཀྱིས་སྔ་རྗེས་སུ་རྩ་དགོངས་ཞུས་པ་དང་། གཞུང་བསྟེན་སྲུང་མས་ཛ་དྲག་གི་ཉེན་བརྡ་བཏང་བ། གྲོས་ཚོགས་ནང་སྤྱི་འཐུས་མང་པོ་ཞིག་གིས་སེམས་ཚོར་དང་སྦྲགས་ཏེ་བཀའ་ཤག་ལ་ཞེན་སྐུལ་ཞུས་པ། དེ་བཞིན། བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ལྡན་མི་སྣ་དང་གངས་ཅན་དཀྱིལ་འཁོར་ནང་གི་ཉམས་མྱོང་རྒན་པོ། བཀའ་ཟུར་དང་སྤྱི་ཟུར་མང་དག་ཅིག་གིས་རིམ་བསྟུད་དུ་བཙན་བྱོལ་སྤྱི་ཚོགས་ལོག་ལམ་དུ་སྐྱོད་བཞིན་ཡོད་པ་དང་། ཡང་སྒོས་བཀའ་ཤག་སྐབས་བཅོ་ལྔ་པའི་ཕྱག་ལས་གནང་སྟངས་འགྲིག་གི་མེད་སྐོར་ཡིག་ངག་གཉིས་ཐོག་ནས་སྤུངས་ཡོད།

  25. བསོད་ནམས། says:
    2016-05-19 at 10:14 am

    ཁྲིམས་ལུགས་ཚོགས་པ་ཟེར་བ་འདི་དབང་བསྒྱུར་བའི་རྐུབ་ལྡག་མཁན་ཡིན་པ་གསལ་བོ་ཤེས་སོང་། བློ་བཟང་གྲགས་པ་ཟེར་བ་དེ་ཁ་མི་བྲོ་བ་ཞིག་ཡིན།

  26. ཁ་བ་རི་བ says:
    2016-05-20 at 1:45 am

    བསོད་ནམས།དབང་བསྒྱུར་བའི་རྐུབ་བསྡག་མཁན་༧ གོང་ས་མཆོག་དང་སྲིད་སྐྱོང་ཁྲིམས་གཏུགས་བྱ་མཁན་དེ་ཚོ་རེད་དོ། དབང་བསྒྱུར་བ་སུ་ཡིན་ད་རུང་ཧ་གོ་མེད་པ་འདྲ།

  27. བདེན་པའི་རྒྱབ་ལངས། says:
    2016-05-20 at 7:45 am

    གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་ཁ་མཆུ་རྩིས་མེད་བཏང་བའི་གསལ་བསྒྲགས་དེ་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གི་མ་གནང་བར་ཁྲིམས་རྩོད་པས་གནང་བ་དེ་ཁྲིམས་མཐུན་ལ་ཆ་བཞག་དགོས་པ་རེད་དམ་ཁྲིམས་འགལ་ལ་ངོ་འཛིན་ཞུ་དགོས་པ་རེད་།
    ཁྱེད་ཀྱི་གསུང་པར་བདེ་པ་འདུག་ཉམས་མྱོང་གི་འཕོང་པའི་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཟེར་བའི་མི་འདིས་བཙན་བྱོལ་བོད་མི་སྙེམ་ཆུང་ཚོར་མཐོང་ཆུང་དང་ཁྱད་གསོད་བྱས་པས་མ་ཚད་སྤྱི་དམངས་གཏུག་བཤེར་སོགས་ལའང་བརྩིས་མེད་བཏང་ཚར་འདུག གང་ལྟར་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨ་བཅུ་དགུ་པ་མརྩིས་མེད་བཏང་བ་ཙམ་དུ་ཟད་ཁྲིམས་འགལ་ཆེན་པོ་བྱས་འདུག ཁ་མཆུ་ཁྲིམས་གཏུག་འགྲོ་བཞིན་པའི་སྐབས་སུ་ཞུ་ལན་པ་སྲིད་སྐྱོང་འཁྲབ་པ་འདིས་ལག་དེབ་ལྗང་འཁུར་སློབ་བཟང་སངས་རྒྱས་ཟེར་བ་དེ་(བློ་བཟང་སེང་གེ་ལ་བཟོ་བཅོས་རྒྱབ་ཚར་ཟེར་ཚོགས་ག་གེ་མོ་དེ་འདྲས་ཁྱ་བསྒྲགས་བྱེད་སྟངས་ལ་བལྟས་ན་ཆེ་མཐོའི་ཁྲིམས་ཞིབ་པ་རྣམས་དང་གཅིག འོས་བསྡུའི་འགན་འཛིན་དང་།གཉིས། སྲིད་སྐྱོང་འཁྲམ་པ་སློབ་བཟང་སངས་རྒྱས་ཀྱི་བཞི། ཁྲིམས་ལུགས་རིག་པ་གཅིག་གཅིག་གཉིས་གཉིས་ཟེར་བ་འདི་ཚོ་ཐམས་ཅད་ཁྱི་ཅང་ལག་སྦྲེལ་དང་ཡང་ན་གོས་ཐུང་གཅིག་གི་ནང་རྐང་པ་མཉམ་དུ་བརྒྱུས་ཏེ་སྣེམ་ཆུང་མི་མང་ལ་ཐུབ་བཏང་བར་ཐ་གཅིག་ཏུ་ངོ་རྒོལ་བྱེད་ཡོད།

  28. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-21 at 5:01 am

    ལག་དེབ་ལྗང་གུའི་ནང་ཕ་མའི་མིང་ནོར་བ་དང་རང་གི་མིང་དང་སྐྱེས་ཡུལ་ནོར་བ་སོགས་མང་པོ་ཡོད་པ་མ་ཟད་ ད་ལྟ་བར་མི་གྲངས་སུམ་བརྒྱ་ལྷག་ཙམ་མིང་བཟོ་བཅོས་ཆེད་དཔལ་འབྱོར་ལས་ཁུངས་དང་བཀའ་ཤག་ལ་སྙན་ཞུ་ཕུལ་ནས་བཟོ་བཅོས་བྱ་རྒྱུར་ཁྲིམས་བཟོ་གྲོས་ཚོགས་ནས་མཆོག་མཆན་ལ་སྒུག་ཡོད་ན་ དཔལ་ལྡན་སྲིད་སྐྱོང་མཆོག་གི་མིང་ནོར་བ་ནོར་བཅོས་སུའི་གནང་བ་རེད་མང་ཚོགས་ལ་གསལ་བཤད་ངེས་པར་གནང་རོགས་ཐུགས་རྗེའི་གཟིགས་།

  29. ཀ་བ་ཚེ་རིང་ says:
    2016-05-21 at 10:45 am

    ལྷ་རྒྱལ་ལོ་། ད་ལྟ་སློབ་བཟང་སངས་རྒྱས་སམ་བློ་བཟང་སངས་རྒྱས་ཡང་ན་བློ་སེང་གི་རྒྱབ་སྐྱོར་བ་གཞུང་པ་རྨོངས་གཉིད་སད་བཞིན་པར་ཡ་མཚན་ཆེསོ་། ཧིན་རྡུའི་རྟོགས་བརྗོད་ནང་ཀུམ་ཀ་རན་ཟེར་བ་ཞིག་ཡོད་པ་དེའི་ལོ་རྒྱུས་ལ་དྲན་གསོ་ཞིག་ཀྱང་བྱུང་།
    ད་ཏྲེ་ལྐུག་དང་གཉའ་ཆག་སྤོབས་པ་མཐའ་ལྷུངས་སོགས་འོན་པ་ཁག་ཅིག་ཡོད་། ཆབ་སྲིད་པ་རྒྱ་རི་སྒྲོལ་མ་ལའང་ལྡི་ལི་དོན་གཅོད་ཀྱི་ས་དམིགས་ཐོབ་ཀྱི་མེད་པའི་སྐད་ཆ་ཡོངས་གྲགས་སོ་།

  30. ལུང་རྟོགས། says:
    2016-05-23 at 8:11 am

    ད་བཤད་མ་བཤད་ཡོད་མ་རེད། བདེན་པ་རྒྱལ་ཞིང་རྫུན་པ་ཕམ་ཚར་བ་རེད། དྲ་འབུ་མིང་མེད་ཚོས་དྲ་ཐོག་ལ་སྡུག་སྐད་ཅི་ཙམ་རྒྱབ་ཀྱང་ཕྱི་སྟོང་པ་ཉིད། ནང་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད་རེད་དོ། ཧཧཧ

  31. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-23 at 1:46 pm

    ལུགས་རྟོགས་ལགས། སྟོང་པ་ཉིད་ཚད་མི་ཡོང་། རྙོགས་གླེང་བྱུང་བས་གནས་ཚུལ་བྱུང་རིམ་རྣམས་རྒྱལ་རབས་ལོ་རྒྱུས་ནང་ལྷག་རྒྱུ་རེད། གཟབ་གཟབ་གནང་དགོས་པ་རེད་དོ།

  32. ལུང་རྟོགས། says:
    2016-05-24 at 12:47 pm

    ཧཧཧ དྲ་འབུ་ཚོའི་སྐད་ཆ་ལ་རྒྱལ་རབས་ལོ་རྒྱུས་ནང་ལྷག་པའི་རིན་ཐང་ཅི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme