Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩ་བའི་བླ་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ།


Posted on 2016-05-052016-05-05 By ཁ་བརྡ 5 Comments on རྩ་བའི་བླ་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ།


13138814_1712438442362198_4637032411927788914_nརྫ་ཚེ་རིང་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ།།
 ༧འཇིགས་བྲལ་བདག་ཆེན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་༧ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི་གུས་པས་སྨིན་གྲོལ་གདམས་ངག་ཆ་ཚང་ཞུ་ཡུལ་གྱི་རྩ་བའི་བླ་མ་ཡིན། ཆུང་ཆུང་གི་དུས་ནས་ཁོང་ཉིད་རྫ་ཆུ་ཁར་ཕེབས་མྱོང་བ་དང་། བཱ་ཐུར་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུས་དམིགས་བསལ་རྩ་ཆེན་མཛད་པ། དུས་ཕྱིས་ཀྱང་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་དམིགས་བསལ་དད་འདུན་ཧ་ཅང་ཆེན་པོ་བཅངས་གནང་མཛད་པ་སོགས་ཀྱིས་རང་ཉིད་ཀྱི་སེམས་ལ་བག་ཆགས་གཏིང་ཟབ་བཞག་ཡོད།

དེ་རྗེས་གུས་པ་རྒྱ་གར་དུ་འབྱོར་རྗེས་ཐོག་མར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཟླ་བ་ཧྲིལ་པོ་གཅིག་ལྷག་གི་རིང་ལམ་འབྲས་ཚོགས་བཤད་ཆེན་མོའི་སྨིན་གྲོལ་རྒྱབ་རྟེན་ཆ་ལག་དང་བཅས་པ་གནང་བ་ཚང་མ་ཞུ་བའི་སྐལ་བཟང་བྱུང་། གུས་པས་དཔལ་ས་སྐྱའི་ལམ་འབྲས་ཚོགས་བཤད་དང་སློབ་བཤད་གཉིས་ཆར་ཞུས་པའི་སློབ་བཤད་ནི་༧གོང་མ་བདག་ཁྲི་རིན་པོ་ཆེའི་མདུན་ནས་ཞུས་པ་དང་། ཚོགས་བཤད་བཤད་ནི་ཁོང་གི་མདུན་ནས་ཞུས་པ་ཡིན།

དེའི་སྐོར་སྐབས་དེའི་རང་ཉིད་ཀྱི་ཉིན་ཐོར་ཐར་ཐོར་ཅིག་བྲིས་འདུག་པ་འདི་ལྟར།  དེ་རིང་ནི་བཀྲ་ཤིས་པའི་ཉི་མ་ཞིག་སྟེ། ༧བདག་ཆེན་ཕུན་ཚོགས་ཕོ་བྲང་རིན་པོ་ཆེས་ལམ་འབྲས་ཚོགས་བཤད་ཀྱི་དབུ་དེ་སྔ་དྲོ་ཆུ་ཚོད་བརྒྱད་པའི་སྟེང་ནས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྒྱབ་ངོས་གཡོན་ཕྱོགས་ཀྱི་ཐར་ལམ་དགོན་དུ་དབུ་ཚུགས། སྔ་དྲོའི་ཆར། ཁོང་གི་སྐུ་ཚ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་རྣམ་པའི་དབུས་མཁན་སྤྲུལ་དང་རྒྱལ་ཕྱི་ནང་གི་དད་ལྡན་འདུས་པ་མང་པོར་ཕྱག་སྲོལ་ལྟར་གསེར་ཆོས་བཅུ་གསུམ་གྱི་ཡ་གྱལ་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དཔའ་བོ་གཅིག་གྲུབ་བཞིན་ཡོངས་རྫོགས་གྲུབ་པར་གནང་།

ཕྱི་དྲོ་ཆུ་ཚོད་བཞི་པ་ནས་སླར་ཡང་བཀའ་ཆོས་དབུ་འཛུགས་གནང་། ཁོང་གིས་ལམ་འབྲས་གསན་ཡུལ་ནི་ཡབ་དམ་པ་གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ཡིན་གསུང་།
༢༠༠༧ཟླ་༡༠ཚེས་༢ལ།  ཉིན་གཉིས་པར་སྔར་བཞིན་སྔ་དྲོ་རྣམས་སུ་གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང་དང་། རྙིང་ལུགས་རྟ་མགྲིན་དམར་པོའི་དབང་གཏོར་དབང་དང་བཅས་པ། བྱ་རྒྱུད་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་། གསེར་ཆོས་བ་རི་ལུགས་ཀྱི་སེང་གདོང་མའི་རྗེས་གནང་བཅས་དང་། ཕྱི་དྲོ་རྣམས་སུ་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་ཡིག་མཁན་ཆེན་ངག་ཆོས་ཀྱི་ཁྲིད་ཡིག་སྟེང་ནས་གསུངས་ཏེ་ཟླ་དེའི་ཚེས་༦ལ་མཇུག་དྲིལ།

ཚེས་བདུན་ལ་ས་པན་གྱི་སེམས་བསྐྱེད་ཆེན་མོ་གནང་། 
དེའི་ཕྱི་ཉིན་ནས་སློབ་མ་རྣམས། བོད་པ། བལ་པོ་བ། མཆོད་རྟེན་ཉེ་འགྲམ་གྱི་དགོན་པ་གསུམ། གདུང་སྲས་རྣམ་པ་དང་མཁན་སྤྲུལ་སོགས་ཀྱི་ཁར་རྫོང་སར་བཤད་གྲྭའི་འདུས་མང་། ཕྱི་རྒྱལ་བ་བཅས་ཁག་ལྔར་གྲངས་བཅད་ཀྱི་ཐོག་དངོས་ལྟ་གཉིས་གཉིས་ཀྱིས་ཀྱེ་རྡོ་རྗེའི་མན་ངག་ལུགས་ཀྱི་དབང་ཚར་བར་མཛད།

ཚེས་༡༦ནས་ངག་ཆོས་ཀྱི་འགྲེལ་བའི་ཐོག་ནས་དངོས་གཞི་རྒྱུད་གསུམ་གྱི་ཁྲིད་དབུ་འཛུགས་གནང་ཞིང་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ཆོས་ཐུན་རེ་རེ་གནང་། 
ཚེས་བཅུ་བདུན་ཉིན་༧གོང་ས་མཆོག་ལ་ཨ་རིའི་སྙན་གྲགས་ཅན་གྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོར་ཁེལ་ཞིང་། ཉིན་མོ་དེར་ཚང་མ་ཡར་འཚོགས་མ་ཐག གོང་མ་༧བདག་ཆེན་རིན་པོ་ཆེ་མཆོག་གིས་དེ་རིང་ཝ་ཤིན་ཀྲོན་དུ་༧གོང་ས་མཆོག་ལ་ཨ་རིའི་རིམ་པ་དང་པོའི་གསེར་གྱི་གཟེངས་རྟགས་འབུལ་བཞིན་པ་དང་། དེ་ནི་༧སྐྱབས་མགོན་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ལ་ལེགས་སྐྱེས་ཕུལ་བའི་ཆེ་མཐོང་དང་། མི་མཐུད་ཁོང་གི་ཐུགས་བཞེད་མཐར་ཕྱིན་པའི་ཆེད་དུ་ཡིན་པས། བོད་མི་དག་གིས་ཀྱང་དགའ་སྤོབས་ཆེན་པོས་ཁོང་ལ་དགའ་བ་དང་ཡི་རང་ཞུ་རྒྱུ་ཙམ་དུ་མ་ཟད། སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པའི་ཆེད་གངས་རི་ར་བ་སོགས་འདོན་དགོས་པའི་ཞལ་བཀོད་གནང་།

ད་དུང་རིན་པོ་ཆེ་མཆོག་གིས་བོད་མི་ཞིག་ཡིན་ཕྱིན། ཕྱི་རྒྱལ་དུ་ཡོད་པའི་ཆ་ནས་ཕྱི་ཕྱོགས་ཀྱི་རིག་གནས་སྦྱོང་དགོས་ན་པར་མ་ཟད། རང་གི་ཆོས་དང་རིག་གཞུང་ལ་གཅེས་འཛིན་ངེས་པར་དགོས། ཕྱི་རྒྱལ་གྱི་བུ་ཕྲུག་ཚོར་མཚོན་ན་ཕ་མ་དག་གིས་རང་གི་བུ་ཕྲུག་དག་ལ་བོད་ཅེས་པ་དེ་ག་འདྲ་ཞིག་ཡིན་པ་འགྲེལ་བརྗོད་དང་ངོ་སྤྲོད་དགོས་ཚུལ་གྱི་བཀའ་སློབ་ཀྱང་གནང་། ཞེས་དང་།

ཟླ་བ་༡༡པའི་ཚེས་གསུམ་གྱི་ཉིན་དེར་མཐའ་རྟེན་ཚེ་དབང་བཅས་ལམ་འབྲས་ཚོགས་བཤད་ཆེན་མོ་ལེགས་པར་གྲུབ། ཅེས་སོགས་འཁོད།  སྐབས་དེར་ངེས་ལུང་ཉན་སྐབས་ཞིག་ལ་རྩེད་མཚར་བྱས་ནས་ཆོས་གྲོགས་ཤིག་གིས་སྐུལ་བ་ལྟར་རྒྱག་པའི་ཉེས་དམིགས་ཀྱི་གཏམ་མཐོང་བ་འཛུམས་ཤོར་ཟེར་བ་ཞིག་ཀྱང་བྲིས། མདོར་ན། བླ་མ་ནི་དེ་ལྟར་མི་བཞུགས་པར་ཞིང་གཞན་དུ་གཤེགས་ན་ཡང་། སྐབས་དེར་མཉམ་དུ་འདུས་པའི་རྡོ་རྗེའི་མཆེད་པོ་དག་དང་མཉམ་དུ་བླ་མའི་མདུན་ན་བཀའ་ཆོས་མཉམ་དུ་ཞུས་པའི་བསྐལ་བཟང་གི་སྣང་ཚུལ་དེ་ནི་ད་ལྟའང་ཡིད་ངོགས་སུ་མཆིས།
ཁོང་རྣམ་པས་ཀྱང་དེ་རིང་ང་བཞིན་སོ་སོས་རྩ་བའི་བླ་མ་དྲན་བཞིན་ཡོད་ངེས་ལ། ཁོང་ཚོ་མང་པོ་ཞིག་ནི་ང་ལས་ལྷག་པར་ཉམས་ལེན་སྒྲུབ་པའི་མཆོད་པས་དོན་གྱི་བླ་མ་རྗེས་སུ་དྲན་པའི་ངང་ལ་གནས་ཡོད་གྱི་རེད། འོན་ཀྱང་ཁ་ཁེར་ནི་ང་ནང་བཞིན་ཡིན་པའང་སྲིད། གང་ལྟར་ང་ཚོ་ཚང་མ་མཉམ་དུ་གདམས་ངག་གི་བདུད་རྩི་མཉམ་དུ་འཐུང་མཁན་རེད།

དེ་རྗེས་ཐེངས་གཉིས་པ་མཇལ་བ་ནི་དཔལ་ས་སྐྱའི་ཆོས་བརྒྱུད་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས་བདག་ཆེན་རིན་པོ་ཆེ་སྟོན་འཁོར་བཞུགས་སྒར་དུ་ཕེབས་ཏེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེའི་དགོན་པར་བཞུགས་གནང་འདུག་པར་ཆེད་དུ་མཇལ་ཁ་དང་ཆོས་འབྲེལ་ཞུས་པ་དེ་ཡིན།

ཐེངས་གསུམ་པ་ནི་ཐའེ་ཝན་དུ་སྤྱི་ལོ་༢༠༡༢ལོའི་ཟླ་བ་༡༠ནང་ཆོས་གྲོགས་འགའ་ཞིག་དང་ལྷན་དུ་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་རྒྱུན་ལས་ཀྱི་མིང་ཐོག་ནས་རིན་པོ་ཆེར་མཇལ་གཅར་དང་བཀའ་སློབ་ལམ་སྟོན་ཞུས་ཤིང་། ཧ་ཅང་ཐུགས་མཉེས་ཚོར་ཆེན་པོས་བཀའ་སློབ་དང་བྱིན་རླབས་གནང་བྱུང་། འོན་ཀྱང་། དེ་ནི་མི་ཚེ་འདིར་བདག་ཆེན་རིན་པོ་ཆེ་མཆོག་དངོས་སུ་ཞལ་མཇལ་བ་ཐ་མར་གྱུར། ད་དུང་ཁོང་གིས་ཁོང་ཉིད་གཞོན་དུས་ཁམས་ཕྱོགས་སུ་ཕེབས་ནས་ཐོས་བསམ་སློབ་གཉེར་གནང་བ་སོགས་ཀྱི་སྐོར་ཞལ་འཕྲོས་སུ་གསུངས་པ་ཞིག་ཀྱང་དྲན། ཁོང་སྐུ་ན་གཞོན་པའི་དུས་ཀྱི་དུས་ཚོད་རིང་པོ་ཞིག་དབུས་ནས་ཁམས་སུ་ཕེབས་ཏེ་ཁམས་ཕྱོགས་སུ་བསྐྱལ་བ་ཡིན་སྟབས་ཁོང་གིས་ཀྱང་ཁམས་ཕྱོགས་ཀྱི་དགོན་པ་དང་འཚོ་བའི་གནས་སྟངས། སྐབས་དེའི་བླ་མ་རྣམ་པའི་རྣམ་ཐར་ལོ་རྒྱུས་སོགས་གསུངས་སྐབས་ཧ་ཅང་ཐུགས་ཚོར་ཆེན་པོ་གནང་གིན་ཡོད།

ཁོང་ནི་ཆོས་བརྒྱད་ཀྱི་འཛིན་འཁྲིས་མེད་ཅིང་། རེ་དོགས་ཀྱི་འཁྲི་བ་མེད་པར་གཞན་སྣང་ཟིལ་གྱིས་ནོན་པའི་གྲུབ་པའི་སྐྱེས་བུ་ཁྱད་པར་བ་ཞིག་ཏུ་ཡོངས་སུ་གྲགས།རང་ངོས་ནས་ཀྱང་མི་ཚེ་འདིར་བཀའ་དྲིན་ཆེ་བའི་བླ་མར་གྱུར། འོན་ཀྱང་། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་པ་ལྟར་འཇིག་རྟེན་ན་ཚང་མ་འདི་ལྟ་བུའི་ཆོས་ཅན་ཡིན་པར་བསམ་ན་སྐྱེས་བུ་དམ་པ་ཁོང་གིས་སྐུ་ཚེ་མཐའ་རུ་ཕྱིན་ཅིང་མཛད་པའི་ཐ་མར་བསྟན་པ་ལ་མྱ་ངན་དང་སྡུག་བསྔལ་གྱི་ཡུས་ནི་ཆེར་བྱ་དགོས་སུ་མ་མཆིས།

གང་ཐུབ་ཀྱིས་རང་ངོས་ནས་ཀྱང་གདམས་པའི་དོན་སེམས་ཐོག་ཏུ་ལེན་པ་དང་། ཁྱད་པར་འཚོ་ཞིང་བཞེས་པའི་རིས་སུ་མ་ཆད་པའི་བསྟན་པ་འཛིན་མཁན་དག་ལ་ཕྱོགས་རིས་མེད་པར་དག་སྣང་དང་མོས་གུས་ཀྱི་མིག་གིས་མཇལ་ཞིང་། གུས་པ་དང་བཀུར་བསྟི་བྱེད་པ་ནི་ཕལ་ཆེར་བླ་མ་མཉེས་པའི་མཆོད་པ་དངོས་དེ་ཡིན་སྲིད།་  སྐྱེ་བ་ཀུན་ཏུ་མཆོག་གསུམ་བླ་མ་དམ་པའི་སྣང་བ་དང་མི་འབྲལ་བར་གྱུར་ཅིག

སྤྱི་ལོ་༢༠༡༦ཟླ་༥ཚེས་༥ལ། གུས་འབངས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མྱ་ངན་རྗེས་དྲན་གྱི་མཚོན་བྱེད་དུ་ཨོ་གླིང་ནས་བྲིས།

དྲན་ཐོ།

Post navigation

Previous Post: བོད་རང་གི་ལངས་ཕྱོགས་དང་ལྟ་བ་ཁུངས་སྐྱེལ་བྱས་ཡོད།
Next Post: པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་བསུ།

Comments (5) on “རྩ་བའི་བླ་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ།
”

  1. ཀརྡོ་གཉེར་ཕྱག་པ་་ says:
    2016-05-05 at 8:05 am

    ས་པན་འདི། ས་པཎ་དང་། མི་མཐུད་འདི་མུ་མཐུད། ཁ་ཁེར་ནི་འདི་ཁ་ཤས་ནི་ཡིན་དགོས་སྙམ།

  2. ཨ་ཁུ་འབྲོག་པ། says:
    2016-05-05 at 9:57 am

    ད་ཡང་བོད་མིའི་བསོད་ནམས་ཀྱི་ཀ་བ་གཅིག་འགྱེལ་བར་ཤིན་ཏུ་ཕངས།

  3. ནུབ་ཕྱོགས་གངས་ཕྲུག says:
    2016-05-05 at 11:11 pm

    དཔའ་བོ་གཙུག་ལག་ཕྲེབང་བའི་ཆོས་་འབྱུང་མཁས་པའི་དགའ་སྟོན་ལས། དབུས་པ་ཞིག་ཁམས་ལ་ཆོས་སློབ་གཉེར་བྱེད་དུ་འགྲོ་ཟེར་བའི་ལམ་བར་ན་ག་གེ་མོ་ཞིག་གིས། ཁམས་པ་དབུས་ལ་སློབ་གཉེར་བྱེད་ལ་འགྲོ་ཟེར་བ་མ་གཏོགས་དབུས་པ་ཁམས་ལ་འགྲོ་ཟེར་བ་གོ་མ་མྱོང་་ཟེར། དེ་རིང་བདག་ཆེན་རིན་པོ་ཆེ་ཁམས་ལ་སློབ་གཉེར་བྱེད་ཀ་ཕེབས་ཟེར་བ་མཇལ་དུས་ངའི་དེ་དྲན་བྱུང་།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-05-06 at 2:24 am

    རྫ་ཚེ་རིང་བཀྲ་ཤིས་ལེགས་ལ་དཔལ་ས་སྐྱ་པའི་ཆོས་ཀྱི་བྱིན་རླབས་ཞུགས་པར་ལེགས་གསོལ་ཞུ། བོད་དབུས་གཙང་དུ་བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས་གཞུང་ཆེན་དཀའ་པོཏ་ལྔ་ལ་གསན་བསམ་བགྲོ་གླེང་གིས་ནང་བསྟན་འཆད་མཉན་དར་ཞིང་རྒྱས་པ་མཆིས། འོན་ཀྱང་བོད་སྐད་ཀྱི་བརྡ་སྤྲོད་ལུང་དུ་སྟོན་པ་དང་། སྙན་དངགས་དང་། རྒྱ་གར་སྐད་སྒྲ་རིག་པ་བཅས་ཁམས་ཕྱོགས་སུ་སི་ཏུ་པཎ་ཆེན་དང་། འཇམ་མགོན་བློ་གྲོས་མཐའ་ཡས་དང་། མི་ཕམ་རིན་པོ་ཆེ་སོགས་ཀྱིས་ཆེས་གསལ་བར་མཛད་པས། ལ་དྭགས་རི་རྫོང་སྲས་སྤྲུལ་སྐུ་གོང་མ་བློ་བཟང་ཆོས་འཕེལ་དང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞབས་ལ་སོགས་པ་ཁམས་ལ་སློབ་སྦྱོང་གི་ཆེད་དུ་ཕེབས་པར་མངོན་གསལ་ཡིན། བླ་མ་འདི་དག་གི་གསུང་རྩོམ་མཇལ་དུ་ཡོད་པ་ཡང་ཁམས་ལ་སློབ་སྦྱོང་ལ་ཕེབས་པའི་འབྲས་བུར་མཐོང་ངོ་།
    ་
    བོད་ཀྱི་བརྡ་སྤྲོད་མ་སྦྱང་ན། འོག་གི་ཚིག་བརྗོད་དེ་འགྲིག་འདུག་གམ།

    “ངའི་དེ་དྲན་བྱུང་།” འདི་ལྟར་འབྲི་མཁན་ནུབ་ཕྱོགས་གངས་ཕྲུག ་རྐྱང་རྐྱང་མ་ཡིན་ན། རྗེས་འཇུག་ས་དང་འི་གཉིས་ཁ་སྐད་དུ་སྒྲ་གདངས་གཅིག་པར་འདོན་པ་ཡོངས་གྲགས་ཆགས་སོ།

  5. ཨ་འབར་འཇིགས་དབང་། says:
    2016-05-07 at 12:39 am

    ༅༅།གནས་པུར་རྒྱལ་བོད་ཀྱི་ས་ཆ་ལ།། མི་མཁས་པ་བྱོན་པའི་སྔ་མ་སྟེ།།
    བློན་ཆེན་པོ་ཐོན་མི་ཨ་ནུ་ཡི།། སྐུ་བཀའ་དྲིན་ཉི་མ་འོད་ཆེན་རེད།།

    རྗེ་ལ་སྲོང་བཙན་སྒམ་པོ།།སློབ་དཔོན་ཐོན་མི་ཨ་ནུ།།
    འབངས་ལ་ཆོལ་གསུམ་སྤུན་ཟླ།། འདི་གསུམ་རྟེན་འབྲེལ་རང་འགྲིག།
    མཁར་ལ་བྱུ་རུའི་ཕོ་བྲང་མཛེས།། ཏོག་ལ་བཙན་པོ་ན་རིམ་བྱོན།།
    རྟེན་ལ་དབྱངས་གསལ་སོ་བཞི་བཞུགས།། འདི་གསུམ་རྟེན་འབྲེལ་རང་འགྲིག་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme