Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་ན་ཁྲིམས་ལས་གང་ཟག་གལ་ཆེར་འཛིན་པའི་རུལ་དྲི་འཐུལ་བཞིན་ཡོད།

Posted on 2016-05-022016-05-02 By ཁ་བརྡ 19 Comments on བཙན་བྱོལ་ན་ཁྲིམས་ལས་གང་ཟག་གལ་ཆེར་འཛིན་པའི་རུལ་དྲི་འཐུལ་བཞིན་ཡོད།

བསྟན་འཛིན་རྣམ་དག
 
ལོ་འདིར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ཏེ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་ཕུ་དཀྲུགས་མདའ་དཀྲུགས་བཟོས་ཡོད། གནས་བབ་དེར་མགོ་སྲིད་སྐྱོང་ནས་མཇུག་གངས་ཅན་སྐྱིད་གཤོང་གི་མ་བྱན་ཚུན་ཆད་ནས་ཆ་ཤས་བླངས་པ་སོགས་མདོར་ན་གང་ས་གང་ནས་དྲང་བདེན་གྱི་མིག་ཟུང་དོར་བའི་ལོང་བ་ཚོས་ཕྱི་ནང་མི་མཚུངས་པའི་ཆོ་འཕྲུལ་བསྟན་ཡོད། གནས་སྟངས་དེར་བོད་མི་རིགས་ལ་ཤ་ཞེན་ཆེ་བའི་མི་མང་དྭང་བླངས་པ་ཁག་གཅིག་གིས་ཁྲིམས་ཀྱི་བྱ་རྭ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་ཞིག་བཙུགས་ཏེ་འོས་བསྡུའི་ལས་རིམ་དེ་དག་ཁྲིམས་དང་མཐུན་མིན་གྱི་སོ་རྟོག་བྱས་ཡོད། ཁོང་ཚོས་སོ་རྟོག་བྱས་པའི་བརྒྱུད་རིམ་དེར་སྲིད་སྐྱོང་གི་དཔྱ་ཁྲལ་ལག་དེབ་ཀྱི་མིང་དེ་མཐུན་མིན་གྱི་ཁྲིམས་ལ་སྦྱར་ཡོད། འོན་ཀྱང་ངན་པ་རྒྱ་ཡན་དུ་ཤོར་བའི་དཔེ་བཞིན་སྲིད་སྐྱོང་དང་ཁོང་གི་རྒྱབ་རོགས་ཀྱིས་གང་སར་ཁྱབ་ཡོད།

རྒྱུ་མཚན་དེས་ཁྲིམས་ཞིབ་ཁང་ནི་རང་དབང་ལྡན་པའི་ལྷན་ཁང་ཞེས་བརྗོད་པ་ལྟར་དོན་དངོས་ཐོག་རང་དབང་བ་ཞིག་མིན་པར་ངེས། ལས་བྱེད་ལ་ཆ་བཞག་ཀྱང་དྲུང་ཆེ་ལས་གཞན་པའི་ལས་བྱེད་ཚང་མ་ལི་ཐང་སོགས་མདོ་སྟོད་པ་རྐྱང་རྐྱང་ཡིན་ལ། ལས་དོན་སྒྲུབ་པའི་སྐབས་སུའང་ཁོང་ཚོས་དོ་སྣང་མེད་པ་མ་ཟད་བཀའ་འདྲི་དང་ལམ་སྟོན་ག་འདྲ་ཞིག་ཞུས་ཀྱང་ཀ་ཀོར་དང་ནར་འགྱངས་ཁོ་ནར་གཏོང་ཐབས་བྱེད་པ་ནི་ཁོང་ཚོའི་ལས་འགན་ལྟ་བུ་གྲུབ་འདུག
ལྷག་པར་ཁྲིམས་ལ་སྦྱོར་མཁན་ཚོས་ཕུལ་བའི་ཞུ་གཏུགས་ཀྱི་ཡིག་ཆར་བཟོ་བཅོས་བརྒྱབ་པ་སོགས་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་དེ་དག་ནི་འཛམ་གླིང་གི་ཁྲིམས་ཞིབ་ཁང་གང་ལའང་མེད་པའི་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དམིགས་བསལ་གྱི་རང་དབང་དང་ཐོབ་ཐང་ཡིན་ན་མ་གཏོགས་ཁྲིམས་ཀྱི་ལམ་ལུགས་ལག་ལེན་དུ་བཀོལ་མཁན་ཞིག་ཡིན་ན་རང་ཉིད་ཀྱང་ཁྲིམས་དང་འགལ་བའི་ངོས་འཛིན་ཙམ་མ་ཐོབ་པའི་བོད་ཀྱི་ཁྲིམས་དཔོན་ཚོས་བོད་ལ་ཞབས་ཞུ་ཅི་ཙམ་བསྒྲུབ་ཐུབ་བམ།

ད་དུང་ཁྲིམས་སྦྱོར་བ་ཚོས་རང་གཞུང་ཁྲིམས་ཞིབ་ཁང་ལ་བརྩི་མཐོང་དང་གུས་བཀུར་ལྡན་པའི་ཚུགས་ཀ་ཇི་ལྟར་བཟུང་ན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལས་ཀ་བྱེད་སྟངས་དེས་ཁྲིམས་ཞིབ་ཁང་ཡང་ཁྲིམས་ལས་གང་ཟག་གཙོ་ཆེར་འཛིན་པའི་རང་དབང་སྡེ་ཚན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༦ ཉིན་ཁྲིམས་སྦྱོར་བ་ཚོས་གསར་འགོད་གསལ་བསྒྲགས་ཀྱིས་ཁོང་ཚོས་ལས་དོན་དེ་དྲང་བདེན་དང་ལྷག་བསམ་ཡིན་པའི་བོད་རྒྱ་ཆེའི་མི་མང་ལ་ཕྱི་གསལ་ནང་གསལ་གྱི་འགྲེལ་བརྗོད་བྱས་མོད། ཡ་མཚན་པ་ཞིག་ལ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཟང་མོའི་དབུ་ཁྲིད་པའི་གསར་འགྱུར་ལས་ཁུངས་ཁག་ལས་བོད་ཀྱི་དུས་བབ་ལས་གཞན་པའི་གནས་ཚུལ་དྲང་བདེན་དང་དོན་དངོས་སྤེལ་མཁན་གང་ཡང་བྱུང་མེད། བོད་ཀྱི་བང་ཆེན་ཞེས་པའི་གསར་འགྱུར་ཚན་ཁག་དུ་བཀོད་པའི་གནས་ཚུལ་དེར་ཞེན་ཁོག་གིས་རུལ་དྲི་འཐུལ་བའི་གནས་ཚུལ་ཤ་སྟག་སྤེལ་ཡོད། དེ་མིན་གསར་འགོད་གསལ་བསྒྲགས་སྐབས་ཨ་རིའི་རླུང་འཕྲིན་སོགས་བརྙན་འཕྲིན་རླུང་འཕྲིན་ཁང་གིས་གསལ་བསྒྲགས་སྐབས་ཀྱི་གནས་བབ་ཆ་ཚང་བརྙན་ལ་ཕབ་ཀྱང་ད་ལྟའི་བར་བརྙན་ལམ་ནས་གསལ་འགྱུར་གང་ཡང་བསྟན་མེད།

གནས་བབ་དེར་བལྟས་ན་སྔོན་ཆད་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་དགོངས་ཞུ་དང་འབྲེལ་བའི་བཀའ་ཤག་གིས་གསལ་བསྒྲགས་སྐབས་གསར་འགོར་པར་བརྡ་ལན་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཟང་མོས་འབུལ་དགོས་ཡང་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་གསར་འགོད་པར་བརྡ་ལན་འབུལ་བཞིན་པའི་གནས་ཚུལ་ཞིག་གྲགས་པ་དེ་ཡང་སྐབས་འདིའི་གནས་བབ་ལ་གཞིག་ན་ཁོང་ཚོར་ས་འོག་དར་ཐག་གི་འབྲེལ་བ་ཞིག་ཡོད་པ་ནི་གདོན་མི་ཟ།

དེང་སྐབས་བོད་ཀྱི་སྤྱི་ཚོགས་སུ་གནས་ཚུལ་ཁྱབ་ཆེ་བ་ནི་སྲིད་སྐྱོང་ཁྲིམས་ལ་སྦྱོར་མཁན་གྱི་བཀྲ་ཤིས་གཡང་འཛོམས་དང་གྲྭ་དཀོན་མཆོག་དཔལ་བཟང་། ད་དུང་ལྷ་སའི་འཁྱམ་མོ་བཅས་ལ་རྒྱ་མིའི་གསང་བ་སོགས་ཁུངས་མེད་ལུང་མེད་ཀྱིས་གཏམ་འཆལ་སྣ་ཚོགས་སྤེལ་བཞིན་ཡོད་མོད། ཞིབ་ཏུ་བསམ་ན་ཁོང་ཚོ་ལྟ་བུའི་དྲང་བདེན་དང་ལྷག་བསམ་ཆེ་བའི་མི་བུ་ཞིག་མེད་པར་འདོད།
རྒྱུ་མཚན་ནི་བོད་མི་འབུམ་གཅིག་དང་ལྔ་ཁྲི་ལྷག་གི་ནང་ནས་ཁོང་ཚོ་ཅིའི་ཕྱིར་མདུན་དུ་ཐོན་དགོས་པ་རེད། གཞན་དག་ཐོན་མ་ཐུབ་པ་ཅི་རེད། འདི་གཅིག་བུས་ཁོང་ཚོའི་ལྷག་བསམ་དང་རྒྱལ་ཞེན་རྟོགས་ཐུབ་ལ། ལྷག་དོན་ཉེ་སྔོན་བཀའ་ཟུར་དང་ཚོགས་གཙོ་ཟུར་བ་རྣམས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་ཀྱི་བཀའ་སློབ་དག་ལ་གསན་ན་སྲིད་སྐྱོང་སོགས་མགོ་བདེ་དྲན་འཕྲུལ་ལ་བྱང་ཆུབ་པའི་རྒྱལ་ཚོང་བ་དག་གི་གདོང་རིས་ངོ་མ་དེ་རྟོགས་ཐུབ།

གཞན་ཡང་༧གོང་ས་མཆོག་གིས་འཛམ་གླིང་གོ་ལར་བསིལ་ལྷམ་རལ་པོ་ཞིག་དང་ངུར་སྨྲིག་གི་ན་བཟའ་ཞིག་སྐུ་ལ་བསྣམས་ཞིང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཡ་རབས་དང་དྲང་བདེན་གྱི་གནས་ལུགས་མང་པོ་ཞིག་འཆད་བཞིན་པའི་སྐབས་དེར། སྲིད་སྐྱོང་སློབ་བཟང་སངས་རྒྱས་སམ་བློ་བཟང་སེང་གེས་རྫུན་དང་མགོ་བདེ། དངོས་ཡོད་དང་མ་མཐུན་པའི་གཏམ་བཤད་གང་མང་ཞིག་༧གོང་ས་མཆོག་གི་མཚན་གནས་བཀོལ་སྤྱོད་ཀྱིས་འཛམ་གླིང་གང་སར་སྤེལ་བཞིན་པ་ནི་ནང་པ་སྤྱི་དང་ཡང་དགོས་བོད་མི་མང་གི་ངོ་ཚ་དང་ཁ་སྐྱེངས་དགོས་པ་ཞིག་ཆགས་ཡོད།

གང་ལྟར་བཙན་བྱོལ་བའི་སྤྱི་ཚོགས་ན་ཁྲིམས་ལས་གང་ཟག་གལ་ཆེར་འཛིན་པའི་འདུ་ཤེས་བྱུང་ཟིན་ལ། མགོ་བདེ་དང་དྲན་འཕྲུལ་གྱི་ལམ་བུ་འགྲིམས་པའི་དུས་སྐབས་ཞིག་ཀྱང་ཤར་ཟིན་པས་གཞིས་ལུས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་དང་ཁོང་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་རྣམས་ལས་རེ་བ་བཅོལ་ས་ཞིག་མེད་པ་ནི་རྟོགས་དང་རྟོག་བཞིན་ཡོད་ལ། དོན་ངོ་བོའི་ཆ་ནས་དེ་བཞིན་ཡིན་ནོ། ༧གོང་ས་མཆོག་ཁྲི་ལོ་ཤོག བདེན་པ་རྒྱལ་གྱུར་ཅིག ཁྲིམས་ཀྱི་བྱ་ར་རྒྱལ་ལོ།

བསམ་ཚུལ།

Post navigation

Previous Post: སེམས་ཅན་ཐམས་ཅད་གླེང་མཁན་༩༩% ནི་དོན་དངོས་ཀྱི་སྒེར་སེམས་ཅན་ཚོ་རེད།
Next Post: ཧི་མ་ལ་ཡའི་བགྲེས་པོ་གློ་བུར་སྐུ་གཤེགས་པར་རྗེས་དྲན་ཞུ།

Comments (19) on “བཙན་བྱོལ་ན་ཁྲིམས་ལས་གང་ཟག་གལ་ཆེར་འཛིན་པའི་རུལ་དྲི་འཐུལ་བཞིན་ཡོད།”

  1. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-02 at 10:58 am

    བསྟན་འཛིན་རྣམ་དག་ལགས། ཆེས་མཐོའི་ཁྲིམས་ཁང་ནས་ཁྲིམས་ཐག་གཅོད་ཟིན་ཡོད་དམ། ཁྱེད་ཀྱི་རྩོམ་ནང་ཁྲིམས་ཐག་བཅད་ཟིན་པ་ལྟ་བུ་བཀོད་འདུག ངེད་བསམ་པར་ཞུ་གཏུགས་པའི་ཞུ་སྙན་ནང་ཇི་འཁོད་ཇི་མ་ཇི་བཞིན་ལས་ཞུ་སྙན་ནང་དོན་མི་གཞན་ནས་བཟོ་བཅོས་རྒྱབ་པ་ཡིན་ན་ཁྲིམས་འགལ་ཡིན་པ་གསལ་པོ་རེད། དེས་ན་ཞིབ་འཇུག་ཡག་པོ་བགྱིས། ཡིད་ཐང་ཆད་དགོས་དོན་མེད་པ་རེད་དོ།

  2. ཐུབ་བསྟན་དཔལ་བཟང་། says:
    2016-05-02 at 1:00 pm

    སྐད་འཕྲིན་ནང་ལ་ཞང་ཁང་མང་།།
    ཐམས་ཅད་ཉི་མ་མ་འཁྱོལ་མང་།།
    དབུ་རིལ་ཆགས་སྡང་མངའ་བདག་དང་།།
    སྤྲང་འཁྱམ་འགན་མེད་འཁྱུ་ཚོགས་ཡིན།

  3. བཙན་པོའི་སྲས་མོ། says:
    2016-05-02 at 2:14 pm

    ཛ་ཆུ་ཁའི་ཕོ་ཉ། ལགས། ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་ནང་མི་དམངས་ལ་གསལ་བསྒྲགས་གནང་དོན་གཞི་ན། ལྷན་ཁང་ནས་འོས་ལྷན་དང་སྲིད་སྐྱོང་མཆོག་ལ་བརྡ་ཐོ་སྐུར་གནང་བ་བཞིན་བརྡ་ཐོ་དང་པོ་འདི་འོས་ལྷན་ནས་བཞེས་ནས་ཁྲིམས་བཙོད་པ་ཡང་གཉིས་ཡོད་པ་མཁྱེན་གསལ་ཡིན་མོད། ཡིན་ཀྱང་སྲིད་སྐྱོང་མཆོག་ནས་༼ཡ་མེད་གཏོང་ཤོག་༽ ཟེར་གསུང་ཀྱང་ལྷན་ཁང་ནས་བརྡ་ཐོ་གཉིས་པ་བཏང་གནང་བ་མ་ཟད་ཚེས་21 ཉིན་ནས་ཕྱི་མི་ཆོགས་པའི་གསལ་བསྒྲགས་ཡང་གནང་ཡོད་ཀྱང་སྲིད་སྐྱོང་ནས་མུ་མཐུད་༼ཡ་མེད་༽ གནང་བཞིན་པ་ནི་ང་ཚོས་ཤེས་དང་ཤེས་བཞིན་པ་རེད། བྱས་ཙང་ཁྲིམས་ཐག་གང་འདྲེ་ཟེར་བཅོད་འདུག་ཟེར་བྲིས་འདུག་གམ། སུས་སུ་ལ་ཁྲིམས་གང་གི་ཐོགས་ལ་ཁྲིམས་ཐག་བཅོད་འདུག་གམ།

  4. བློ་གྲོས་རབ་བརྟན་ says:
    2016-05-02 at 6:51 pm

    དོན་དངོས་དང་རྒྱུ་མཚན་ལྡན་པའི་རྩོམ་ཡིག་གནད་ལ་འཁེལ་བ་ཞིག་འདུག ཐུགས་རྗེ་ཆེ་ཞུ།

  5. བྱང་ཆུབ་ལོ་མ། says:
    2016-05-02 at 6:55 pm

    ༼བཀའ་ཟུར་དང་ཚོགས་གཙོ་ཟུར་བ་རྣམས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་ཀྱི་བཀའ་སློབ་དག་ལ་གསན་ན་སྲིད་སྐྱོང་སོགས་མགོ་བདེ་རན་འཁྲུལ་ལ་བྱང་ཆུབ་པའི་རྒྱལ་ཚོང་པ་དག་གི་གདོང་རིས་ངོ་མ་དེ་རྟོགས་ཐུབ༽

    བཀའ་སློབ་དེ་གང་ནས་ཉན་ཐུབ་བམ། གང་ནས་མཇལ་ཐུབ་བ། དྲ་ལམ་སོགས་ན་ཡོད་ན། སྦྲེལ་ཐག་འདིར་བཞག་གནང་རོགས། དེ་མཇལ་འདོད་སོང་།

  6. ནུབ་ཕྱོགས་གངས་ཕྲུག says:
    2016-05-02 at 11:11 pm

    ཁྲིམས་ཀྱི་བྱ་ར་ཚོགས་པ་ལ་རྒྱབ་བསྐྱོར་ཡོད། དྲང་བདེན་ལ་རྒྱབ་བསྐྱོར་ཡོད། ཞལ་འདེབས་དགོས་ན་ཕུལ་གྱི་ཡིན།

  7. ཇ་མ་ says:
    2016-05-02 at 11:30 pm

    སྔོན་ཐོན་གྱི་རྒྱལ་ཁབ་སོགས་ལ་ཁྲིམས་ལུགས་ནི་དབང་ཆ་ཆེ་ཤོས་ཡིན། རང་རེའི་བཙན་བྱོལ་གཞུང་ལ་མགོ་བདེ་དང་མི་དབང་སྲིད་སྐྱོང་གི་གཙོའི་འོས་བསྡུ་ཁང་བཅས་ཁྲིམས་མི་དགོས་པར་རང་སྣང་གང་དྲན་གྱིས་ཁྲིམས་ལུགས་སྣང་མེད་དུ་བཞག་ནས་ལས་ལ་བྱེད་བཞིན་པ་འདིས་༧གོང་ས་མཆོག་དགོངས་པ་ཚོམས་པ་དང་ཆོས་སྐྱོང་སོགས་ཁོང་ཁྲོ་ལངས་བས་རྒྱུ་རྐྱེན་ལ་ཐུག་པ་ཡིན། བཙན་བྱོལ་གཞུང་ཆུང་ཆུང་འདི་ཡང་ཁྲིམས་ཀྱི་སྐྱངས་ན་རག་བཙན་ཡོད་པའི་རྒྱལ་ཁབ་སོགས་ཀྱི་དམིགས་དཔེར་ལྟ་ཐུབ་པའི་རེ་བ་ཡོད་པ་དགོངས་འཇགས་གནང་རོགས་ཞུ།

  8. ཇ་མ་ says:
    2016-05-02 at 11:31 pm

    རག་ནི་རང་བཙན་

  9. ཇ་མ་ says:
    2016-05-02 at 11:34 pm

    ༧གོང་ས་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་མཚོན་བྱེད་ཡིན། མཚོན་བྱེད་འདི་བེད་སྤྱད་ནས་བློ་སེང་གིས་རང་མཚོན་དོན་སྟོན་བཞིན་ཡོད།

  10. བསོད་ནམས་རྡོ་རྗེ། says:
    2016-05-03 at 12:06 am

    མ་རེད་ཟེར་རྒྱུ་མི་འདུག

  11. ལྷ་སྒང་ཆོས་གྲགས། says:
    2016-05-03 at 1:10 am

    ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་གཙོས་པའི་བརྒྱུད་ལམ་ཁག་ནས། གནས་ཚུལ་དེ་བཞིན་ད་བར་བརྙན་འཕྲིན་དང་རླུང་འཕྲིན་བཅས་སུ་མ་བསྟན་པ་ནི། ངོ་མ་ཤིན་ཏུ་ནས་བློ་ཕམ་པ་ཞིག་རེད། ནམ་རྒྱུན་བཅར་འདྲི་ཆོ་མེད་དེ་འདྲ་དང་གནས་ཚུལ་ཆུང་ཙག་རིགས་ཀྱང་རྔམས་རྔམས་ཀྱིས་སྟོན་གྱིན་འདུག ངོ་མ་བྱས་ན། གནས་ཚུལ་བཟང་ངན་གང་ཡིན་ཡང་ཕྱི་གསལ་ནང་གསལ་གྱི་མི་མང་ལ་གསལ་སྟོན་བྱེད་དགོས་པ་དེ་གསལ་གྱུར་ཚན་ཁག་གི་ལས་འགན་རེད་ལ། མང་གཙོའི་ཀ་བ་བཞི་པའི་དོར་དུ་མེད་པའི་ལས་ཀ་ཞིག་རེད། ད་ཕྱོགས་ཡོངས་ནས་རུལ་ཡོང་གིན་འདུག

  12. གཡུ་ཐོག says:
    2016-05-03 at 3:03 am

    དེ་སྔོན་༸རྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་དེང་སང་བོད་པའི་སྤྱོ་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་ཚད་གཞི་ཏོག་ཙམ་དམའ་རུ་འགྲོ་བཞིན་ཡོད་པའི་སྐོར་བཀལ་སློབ་ནན་པོ་ཕེབས་ཡོད། མདོར་ན་ཡ་རབས་བཟང་སྤྱོད་མེད་པ་དེ་ནི། གཞན་གྱི་བྱས་པ་རང་གི་ཡིན་ཟེར་བ། བཀའ་དྲིན་ལ་བསམ་ཤེས་མེད་པ། ང་རིན་པོ་ཆེ། ཁྲིམས་ཀྱི་དབང་བསྒྱུར་མེད་པ། ཕྱོགས་ཞེན་གྱི་རུལ་དྲི། ལ་སོགས་པའི་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་སྐབས་འཁྲབ་པའི་འོས་མི་རྣམས་ཀྱི་ཟློས་གར་དེ་ལ་གོ་བ་ལེན་ན་འགྲིག་འདུག

  13. གཡུ་ཐོག says:
    2016-05-03 at 3:11 am

    ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་པ་ཙམ་ལས་དོན་དངོས་ཐོག་ཁྲིམས་ཀྱི་དབང་བསྒྱུར་གཅིག་མཚུགས་འོག་དེ་ཉིད་ལག་བསྟར་བྱེད་པའི་སྤོབ་པ་དང་། ཆོད་སེམས། བློ་ཁོག་དེ་བས་མེད། མདོར་ན་འོས་བསྡུ་ལྷན་ཁང་གི་སྒྲིགས་གཞི་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་ངོས་ལེན་བྱེད་པའི་བློ་ཁོག་མེད་ལ་གྲོས་ཚོགས་ནང་རྒྱབ་བསྐྱོར་ཡོད་བསམ་པའི་དེང་ཚོད་ཀྱང་མེད། གང་ཡིན་བརྗོད་ན། ད་ཆ་བཙན་འབྱོལ་སྤྱི་ཚོགས་དེ་གང་ཟག་གི་དབང་བསྒྱུར་ཡིན་པ་ལས་ཁྲིམས་ཀྱི་དབང་བསྒྱུར་མིན་སྟབས་བཅའ་ཁྲིམས་རིན་པོ་ཆེ་ཡོད་པ་ཙམ་ལས་དེ་ཉིད་དངོས་སུ་ལག་བསྟར་བྱེད་དགོས་ཚེ་བསམ་བློ་བཅོ་བརྒྱད་གཏོང་དགོས་ཐུག་གི་ཡོད། གང་ལྟར་༸རྒྱལ་བས་གསུངས་པ་བཞིན་གཟི་བརྗིད་ཁོག་སྟོང་ཀྱང་ཀྱང་རེད་འདུག

  14. རྒྱང་མིག says:
    2016-05-03 at 9:53 am

    བདེན་པ་རང་རེད། ད་ཆ་བཙན་བྱོལ་ནང་དུ་ཁྲིམས་དང་སྒྲིག་གཞིར་རྩ་འཛིན་བྱེད་པའི་དམངས་གཙོའི་ལམ་ལུགས་དེ་གང་ཟག་གི་ལག་འོག་ལ་ཤོར་གྱིན་འདུག ཁྲིམས་དང་སྒྲིག་གཞིར་བླང་དོར་གང་ཡིན་གསལ་གསལ་དུ་ཡང་དེ་དང་འགལ་བའི་ལས་ཀ་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་ལས་ཐོག་དང་། འོས་བསྡུའི་འགན་འཛིན་སོགས་མཐོ་རིམ་ལས་སྣེ་འགའ་ཡིས་མངོན་སུམ་དུ་བྱས་ཡོད།
    ད་ནི་བཙན་བྱོལ་ནང་དུ་ཁྲིམས་སྒྲིག་ལས་གང་ཟག་གལ་ཆེར་འཛིན་པའི་དུས་ངན་ལ་སླེབས་སོང་། བདེན་པ་ལས་རྫུན་མ་བྲིན་སོང་། རྩ་དོན་ལས་སྒེར་དོན་བྲིན་སོང་། ཡིད་ཆད། ཞེ་ལོག སེམས་སྐྱོ།

  15. འཇམ་བསྟན། says:
    2016-05-03 at 10:03 am

    སྤེན་ཚེ་དང་་ཟླ་ཚེས་་་ད་བར་དཀྲུགས་དཀྲུགས་བྱས་་་་་ད་དུང་བློ་ཡིད་མ་ཚིམ་པར་འོས་བསྡུ་ལས་ཁུངས་དང་་་་སྲིད་སྐྱོང་ཁྲིམས་ལ་སྦྱར་་་་་་འོན་ཀྱང་བདེན་པ་རྒྱལ་བ་ལས་གཞན་གང་ཡང་མེད་ཙང་་་་་་ཡང་ཁྱེད་ཅག་ཕམ་ངེས་སོ་་་་་་དགོངས་དང་་་་

  16. ཛ་ཆུ་ཁའི་ཕོ་ཉ། says:
    2016-05-03 at 11:16 am

    འཇམ་བསྟན་ལགས། ཁྱེད་ནས་སྤེན་ཚེ་དང་ཟླ་ཚེས་གཉིས་ནས་སྲིད་སྐྱོང་ཁྲིམས་ལ་སྦྱར་མཁན་ཡིན་པ་བཀོད་འདུག་ནས་ཁུངས་བསྐྱེལ་གནང་རོགས། དེ་མིན་སྤྱི་ཚོགས་ནང་དཀྲུགས་ཤིང་མ་སློང་ན་ལེགས། འགན་འཁུར་མེད་པའི་འཆལ་གཏམ་མ་སྤེལ་ན་དགའ།

  17. གཡུ་ཐོག says:
    2016-05-04 at 3:21 am

    དྲྭ་གྲོགས་འཇམ་བསྟན་ལགས་ནས་གོང་དུ་སྤེན་ཚེ་་དང་ཟླ་ཚེ་གཉིས་ཀྱིས་སྲིད་སྐྱོང་ཁྲིམས་ལ་སྦྱར་བའི་སྐོར་ལོག་བཤད་བྱེད་པ་དེ་དངོས་ཡོད་མ་རེད། གང་ཟག་སྒེར་གྱི་འཁོན་འཛིན་ཡོད་ན་ངས་མི་ཤེས། རང་མི་རིགས་ལ་ལ་རྒྱ་དང་འགན་ཡོད་པའི་ཐོག་ནས་གནས་ཚུལ་དང་རིག་པ་སྤེལ་བ་ལས་དོན་མེད་དཀྲུགས་ཤིང་དང་འཆལ་གཏམ་རིགས་ཀྱི་ང་ཚོར་ཕན་རླབས་གང་ཡང་མེད། གང་ལྟར་༸རྒྱལ་བས་གསུངས་པ་ལྟར་འཐུས་ཤོར་ཕྱིན་ཡོད་ཚེ་དེར་གོ་བསྡུར་བྱེད་ནས་གསལ་ཐབས་བྱེད་དགོས་པ་ལས་རྣ་བ་འོན་པ་ལྟར་བྱེད་མི་རུང་ཞེས་གསུངས། ཁ་ཡམ་ཡམ་དང་འདྲ་ཆགས་ཆགས་ལ་སོགས་མི་རིགས་ཀྱི་ཕུང་བའི་རྩ་བ་ཡིན། གང་ལྟར་དེང་སྤྱི་ཚོགས་ནང་དེ་རིགས་སྤེལ་མཁན་གྲྭ་ལོག་ལས་མེད་རིགས་ཇེ་མང་འགྲོ་བཞིན་པ་དེང་བོད་པའི་སྤྱོ་ཚོགས་ཀྱི་མིག་མཐོང་ལག་ཟིན་རེད། མི་སྐྱ་ལས་ཀྱང་ཆོས་པ་ཐབས་སྡུག་པ་བོད་པའི་སྤྱི་ཚོགས་ནང་གང་མང་ཡོད། ཉེ་དུས་རྒྱལ་བས་གནང་བའི་བཀའ་སློབ་རྣམས་ཉན་དུས་དངོས་གནས་སེམས་འཚབ་སྐྱེས་དགོས་པའི་དུས་རེད་འདུག་མ་ཏོག་ད་འགྲིག་འདུག་བསམ་ནས་སྡོད་པའི་དུས་མིན་པ་གསལ་པོ་རེད།

  18. ཅང་ཤེས་རྟ་མཆོག says:
    2016-05-04 at 5:23 am

    འཇམ་བསྟན་ཟེར་བའི་གྲ་གཟུགས་ཡིན་ལ་མ་ཡིན་འདིའི་མཆན་འདེབས་སྟངས་དང་ཀུན་སློང་ལ་བལྟས་ན་སེམས་སྐྱོ་དགོས་པ་ཞིག་འདུག

  19. ལུང་རྟོགས། says:
    2016-05-07 at 6:46 am

    ངས་སྔོན་མ་ནས་བཤད་མྱོང་། སྲིད་སྐྱོང་ཁྲིམས་ལ་བཏུག་གི་ཡོད་ཟེར་མཁན་འདི་ཚོས་སྲིད་སྐྱོང་ནག་པོ་བཟོ་མ་ཐུབ་བར་དུ་སུས་ཐག་གཅོད་བྱས་ཀྱང་ཁས་ལེན་གྱི་མ་རེད། འདི་ཚོས་སྲིད་སྐྱོང་གི་མིང་གི་སྐོར་འདི་དང་པོ་འོས་བསྡུ་ལས་ཁུང་ལ་ཞུ་བཏུག་བྱས་པ་རེད། དེ་ལ་འོས་བསྡུ་ལས་ཁུང་གིས་སྒྲིག་གཞི་དང་འགལ་མེད་པའི་ལེན་འདེབས་གནང་བས་འོས་བསྡུ་ལས་ཁུང་ཡང་ཁྲིམས་ལ་བཏུག་པ་རེད། ད་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྐྱོན་བརྗོད་བྱེད་ཡོང་གི་འདུག མདོར་ན་མི་འདི་ཚོའི་འདོད་པ་ནི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་གཏོང་འདོད་པ་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme