Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུ་རོབ་ཡུལ་སྐོར་ལྗོངས་རྒྱུ་ལ་སྦྱིན་བདག་ཅིག་འཚོལ་བཞིན་ཡོད།

Posted on 2016-04-232016-04-24 By ཡེ་ཤེས་ 16 Comments on ཡུ་རོབ་ཡུལ་སྐོར་ལྗོངས་རྒྱུ་ལ་སྦྱིན་བདག་ཅིག་འཚོལ་བཞིན་ཡོད།

ཀླུ་སྨྱོན།

 
ལོ་མང་སྔོན་ཧྥ་རན་སིའི་གནམ་ཐང་ལ་ཁྱུག་ཙམ་བསླེབས་པ་མ་གཏོགས་ཡུ་རོབ་གྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་དེ་ཚོར་བསྐྱོད་རྒྱུའི་གོ་སྐབས་མ་བྱུང་། འདི་གའི་བརྙན་འཕྲིན་ལས་ཐེངས་མང་པོ་ཞིག་ལ་ཡུ་རོབ་ཀྱི་གནའ་དེང་གི་བཟོ་བཀོད་ཡ་མཚན་ཅན་གྱི་གྲོང་ཁྱེར་མང་པོ་དང་། རི་བྲག་མཚོ་ནགས་སོགས་རང་བྱུང་གི་མཛེས་སྡུག་སྣ་ཚོགས། འཛམ་གླིང་གི་གྲགས་ཅན་སྙན་ངག་པ་དང་རི་མོ་བ། ཚན་རིག་པ་དང་རོལ་དབྱངས་རྩོམ་པ་པོ་དུ་མའི་ཕ་ས་ཕ་ཡུལ། མི་ཡུལ་ན་གྲགས་པ་ཆེ་བའི་འགྲེམ་སྟོན་ཁང་མང་པོ། ས་ཆེན་པོ་འདིའི་སྟེང་གི་མི་རིགས་སྣ་མང་འདུས་སྡོད་བྱེད་བཞིན་པའི་གྲོང་དང་གྲོང་བརྡལ་དུ་མ། རོ་བཅུད་སྣ་བརྒྱ་ལྡན་ཞིང་དྲི་ཞིམ་བརྙན་འཕྲིན་ལས་འཐུལ་ཡོང་བའི་བཟའ་བཅའི་རིགས་སྣ་ཚོགས་བཅས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་པར་བརྟེན། བར་སྐབས་ཤིག་ནས་ཁོ་བོར་ཡུ་རོབ་ལ་ལྗོངས་རྒྱུར་ཐེངས་ཤིག་འགྲོ་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་ཞིག་འགོག་མེད་དུ་སྐྱེས་ན་ཡང་། གཅིག་ནས་བྲེལ་ཟིང་གི་ཀློང་དུ་ཚུད་ནས་དུས་ཚོད་མ་རག་པ་དང་། གཉིས་ནས་རང་ཉིད་ལ་སྒོར་མོའི་ཡོང་སྒོ་ཧ་ཅང་ཕྲན་བུ་ཞིག་མ་གཏོགས་མེད་པས་གླིང་ཆེན་ཡུ་རོབ་ལ་ལྗོངས་རྒྱུར་འགྲོ་སྐལ་མ་ལྡན།

europe-map

དེ་རིང་བསམ་བློ་གློ་བུར་བ་ཞིག་སྐྱེས་པ་སྟེ། དེང་སྐབས་གུས་པའི་ངོ་དེབ་དང་སྐད་འཕྲིན་གྲོགས་པོ་མང་པོ་ཞིག་ཡུ་རོབ་ཡོད་པ་དང་། དེ་དག་ལ་མང་པོ་ཞིག་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཡང་བཟང་བས། ཁོང་ཚོའི་གྲས་ཀྱི་མི་འགའ་མཉམ་སྡེབས་ཀྱིས་ཁོ་བོར་ཡུ་རོབ་ལ་འགྲོ་བའི་གནམ་གླ་དང་མགྲོན་ཁང་ཟ་མ་སོགས་ཀྱི་སྦྱིན་བདག་རེ་གནང་མི་ཡོང་ངམ་སྙམ་པའི་འཁྲུལ་སྣང་སྙིང་རྗེ་བོ་ཞིག་ལན་དུ་མར་ཡིད་ངོར་ཤར་བ་དང་། ཡང་ཡུ་སྡོད་གྲོགས་པོ་ཙམ་མ་ཡིན་པར་འཛམ་གླིང་གང་སར་ཡོད་པའི་བདག་གི་རྩོམ་གྲོགས་དང་དྲ་གྲོགས། ཐ་ན་བདག་ལ་སྡིགས་དམོད་བྱེད་མཁན་གྱི་མི་དེ་ཚོའི་གྲས་ཀྱི་རྒྱུད་ལ་ཡང་བསམ་པ་ཡག་པོ་མུན་ཁྲོད་ཀྱི་སྐར་མདའ་ཙམ་རེ་སྐྱེས་ནས་ཁོ་བོར་ཡུ་རོབ་ལྗོངས་རྒྱུའི་སྦྱིན་བདག་རེ་འཚོལ་མི་སྲིད་པ་ཞིག་ག་ལ་ཡིན་སྙམ་པའི་ཀུན་རྟོག་ཀྱང་ཆུ་ཡི་གཉེར་མ་བཞིན་གཅིག་རྗེས་གཞན་གྱིས་དེད་ནས་ཡོང་།

མཐའ་སྡོམ།
མི་ཚེ་འདི་ལ་རིང་ཐུང་མ་ངེས་ཤིང་། །
སྐྱིད་སྡུག་འདི་ཡང་རྟག་མིན་མི་ཤེས་ལ། །
རྒྱུ་ནོར་དེ་ཡང་བརྟན་མིན་མི་དཔོག་པས། །
བདག་གི་ཡུ་རོབ་ལྗོངས་རྒྱུའི་སྦྱིན་བདག་མཛོད། །
ཀླུ་སྨྱོན་བདག་ནི་སྒྲུང་གི་ཕ་ས་དང་། །
ངོ་མཚར་གཏམ་གྱི་བང་མཛོད་ཆེན་པོ་དང་། །
བསོད་ནམས་གསོག་པའི་ཞིང་ས་མཆོག་ཡིན་པས། །
དགེ་ཚོགས་མ་ལུས་ཁྱེད་ལ་ཡོངས་སུ་བསྔོ། །
བསམ་པ་ངན་ནས་རྒྱུ་ནོར་གསོག་པ་ལས། །
བསམ་བཟང་བཅངས་ནས་སྦྱིན་བདག་གནང་རྒྱུ་གལ། །
གྲོགས་པོ་སུ་ཡིས་གཏམ་འདི་མཐོང་བ་ན། །
བདག་གི་ཡུ་རོབ་ལྗོངས་རྒྱུའི་སྦྱིན་བདག་མཛོད། །
ས་ཆ་མཛེས་པོ་གང་དུ་བསླེབས་པ་འམ། །
ཟ་མ་ཞིམ་པོ་གང་ཞིག་ཟོས་པ་འམ། །
མགྲོན་ཁང་སྐྱིད་པོ་གང་དུ་བསྡད་ཀྱང་རུང་། །
སྦྱིན་བདག་མི་བརྗེད་སྙིང་གི་དཀྱིལ་དུ་འཛིན། །

གསལ་བསྒྲགས།

Post navigation

Previous Post: རྟ་ཟླའི་རླུང་དམར་མ།
Next Post: ལྗོངས་རྒྱུ་ལ་སྦྱིན་བདག་ཞུ་ཐུབ་མ་སོང་བས་དགོངས་དག

Comments (16) on “ཡུ་རོབ་ཡུལ་སྐོར་ལྗོངས་རྒྱུ་ལ་སྦྱིན་བདག་ཅིག་འཚོལ་བཞིན་ཡོད།”

  1. ཀློང་ཆུང་ says:
    2016-04-23 at 11:36 pm

    དྲ་གྲོགས་ཀླུ་སྨྱོན་ལགས།

    ཕ་རན་སི་ལ་ཆོས་ཚོགས་རྒྱུ་ཆེ་ཤོས་དེ་བསོད་རྒྱལ་རིན་པོ་ཆེ་རེད། ཁོང་ནས་རྙིང་མའི་སྤྲུལ་སྐུ་མང་པོ་ཁོང་གི་ཆོས་ཚོགས་ལ་འགྲོ་སོང་བཏང་ནས་གདན་ཞུ་གནང་གི་འདུག ཉིད་ཀྱང་ཚད་ལྡན་རྙིང་མའི་ཆོས་རྒྱུད་འཛིན་པ་ཞིག་ལ་སོང་། ཁོང་ལ་རེ་བ་ཞུས་ན་ཕན་པ་ཆེ། དེ་བཞིན་རྫོང་གསར་མཁྱེན་བརྩེ་ལ་ཐེབས་རྩ་ཚོགས་པ་ཞིག་འདུག་པས། ལོ་ལྟར་ཨ་སྒོར་ས་ཡ་གཉིས་ཙམ་ནུབ་ཕྱོགས་ཀྱི་ཉམས་ལེན་པ་ཚོར་གཏོང་བཞིན་འདུག་ན། ཁོང་ཚོར་འབྲེལ་བ་གནང་ན་ལེགས། kyentse Foundation ཟེར། ཁ་སྔོན་རྫོང་གསར་ཐེབས་རྩས་གསུངས་པར་ཁོང་ཚོར་སྒོར་མོ་ཡོད་རུང་བོད་པ་ཉམས་ལེན་པ་དང་བླ་མ་ཚོའི་ཞུ་ཡིག་གཏོང་མཁན་མིན་འདུག མང་ཆེ་བ་ནུབ་ཕྱོགས་པའི་མིས་ཞུ་ཡིག་བཏང་སྟབས་ཁོང་ཚོར་མི་སྤྲོད་ཐབས་མེད་ཟེར།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-04-24 at 1:20 am

    ཧཧཧཧ་་་་་བྲེལ་ཟིང་གི་ཀློང་དུ་ཚུད་ནས་ཡོང་སྒོ་མེད་མཁན་དང་ཨེ་ཡིན་ནམ། ངལ་བ་མི་དགོས་ཀུན་དགའ་ལྷུན་འབེར་ཅིག་་་་་་་་ད་མི་བཤད་ཨ་རོ་་་་་་

  3. ཆོས་འཕེལ་དར་རྒྱས་ says:
    2016-04-24 at 1:56 am

    གོ་ལ་འདིའི་རོལ་དབྱངས་གྲོང་ཁྱེར་Vienna ་ལ་སླེབས་སོང་ན་འབྲེཀ་བ་བྱོས་དང་སྐབས་ཐོག་གྲོང་ཁྱེར་ལ་ཡོད་ན་སྣེ་ལེན་བྱེད་ངེས་ལ་མེད་ཡིན་ན་ཡང་ཁང་ལིའི་ལྡེ་མིག་སུ་ལག་ལ་ཡོད་བཤད་ཡོང་།།

  4. ཀརྡོ་གཉེར་ཕྱག་པ་་ says:
    2016-04-24 at 1:53 pm

    ཀླུ་སྨྱོན་ཧང་གྷ་རིའི་གནམ་ཐང་ཕེབས་ཐུབ་ན། དེ་ནས་ངའི་ཕེབས་བུས་ཐུབ་པ་དང་། ངའི་བུའི་ཁང་ཆུང་ཉལ་ཁང་ནང་ལ་གཟིམ་ཆོག་པ་དང་། ཉིན་ཤས་བཞུགས་རིང་གསོལ་ཚིགས་ཕུལ་ཐུབ་ན་ཡང་། དེ་མིན་འགྲེམ་སྟོན་སོགས་ལ་ཕེབས་ཡོན་སོགས་ནི་ཕུལ་ཐུབ་པ་མི་འདུག

  5. ཀླུ་སྨྱོན། says:
    2016-04-24 at 3:01 pm

    ངོ་དེབ་ནང་གི་གྲོགས་པོ་སྐོར་ཞིག་གིས་སྦྱིན་བདག་བྱེད་རྒྱུ་ཁས་ལེན་བྱས་སོང་། ཁ་བཤད་དོན་ལ་གནས་པ་ཡིན་ན་ད་ཕལ་ཆེར་སྦྱིན་བདག་གི་ཕྱོགས་ནས་སེམས་ཁྲལ་མེད་པ་འདྲ།

  6. རྟ་བདུན་དབང་བོ says:
    2016-04-24 at 3:53 pm

    ལྟད་མོ་རང་གི་སེམས་ལ་ལྟོས། ལྟད་མོ་ཆེན་པོ་དེ་ན་འདུག ཡུལ་སྐོར་སྤྲོ་འཁྱམས་ལྗོངས་རྒྱུ་སོགས། སྙིང་བོས་དབེན་པ་རྨི་ལམ་བཞིན། །

  7. རྫ་ཚེ་རིང་བཀྲ་ཤིས། says:
    2016-04-24 at 9:07 pm

    ཁྱེད་ཕེབས་ནས་རིགས་པའི་འགྲུལ་བཞུད་ཅིག་བྱས་ཏེ་འཆར་སྒོ་དང་མཐོང་སྣང་ཚང་མ་དེབ་ཅིག་ཏུ་བཅོས་ཏེ་སྦྱིན་བདག་ཞུ་མཁན་ཚོར་ཐུགས་རྗེ་ལེགས་གསོལ་དུ་འཇོག་རོགས།
    ང་ནི་དེང་སང་ཨོ་གླིང་ལ་ཡོད། ང་རང་ཡང་སྐྱབས་བཅོལ་རང་གི་གནས་སྟངས་སུ་ཡོད་སྟབས་རོགས་པ་ཞུ་ཐུབ་པ་མི་འདུག
    ཁྱེད་ཀྱི་འཆར་འགོད་ཚང་མ་ཡག་པོ་ཡོང་བར་སྨོན།

  8. ཀླུ་སྨྱོན། says:
    2016-04-24 at 9:08 pm

    ད་ཕལ་ཆེར་སྦྱིན་བདག་རག་ཚར་འདུག །
    ཁོང་རྣམ་པར་བཀའ་དྲིན་ཆེ་ཞེས་ཞུ། །

  9. གནམ says:
    2016-04-24 at 9:41 pm

    ང་ཡང་ཁྱེད་ཀྱི་རྐུབ་གཡོག་པའི་ཚུལ་དུ་ཁྲིད་རོགས་ཞུ། དེ་ཡི་དགེ་རྩ་ཚང་མ་ཁྱེད་ལ་བསྔོས་བ་ཡིན། ཧ་ཧ་ཧ།

    དུས་རབས་གསར་བའི་སློང་མོ་བ་ཟེར་ན་ཁྱེད་རེད། སློང་སྟངས་ཡག་པོ་འདུག། ཨ་མདོའི་གྲོང་གསེབ་ལ་ལྟ་སྐོར་དུ་ཡོང་ན། ཤ་མེད་ཐེན་ཐུག་ཞིག་གི་འགྲོན་ཁ་ཡོད་དོ།

  10. དམུ་ཐག་གི་བུ་རྒྱུད། says:
    2016-04-24 at 9:50 pm

    ཕུན་ཚོགས་ཕོ་བྲང་གི་བདག་མོས་གཡོག་ལས་བསྐུལ་རྒྱུ་མ་གཏོགས་སྒོར་མོ་སྤྲོད་ཀྱི་མེད་པ་འདྲ། སྙིང་རྗེ་་་་་་

  11. ཇ་མ་ says:
    2016-04-24 at 10:37 pm

    མི་ཚེ་གཅིག་པུར་སྦྱིན་བདག་བཙལ་ནས་གཞན་རྒྱུ་སྤྱད་ནས་ཤི་ན་ཕྱི་མ་ནས་གང་ལ་སྐྱབས་འཚོལ་དགོས་སམ།

  12. གསང་གྲོལ། says:
    2016-04-25 at 3:08 am

    ཁ་ཆེ་དྲག་སྤྱོད་པའི་གནས་མལ་ཆེ་ཤོས་སྤེལ་ལྗམ་ལུང་བར་སླེབས་ན་འབྲེལ་བ་བྱེད་ར་འགྲོ་འདུག་གནས་མལ་ཆ་ཚང་གི་སྦྱིན་བདག་བྱ་ཆོག ད་རུང་རྣམ་འབྱོར་མ་འདྲ་དགོས་ནའང་རོགས་སུ་ཕུལ་ཆོག ཨ་ལགས་ཚང་གི་ཐུགས་ལྷོད་ལྷོད་ངང་འདི་ཕྱོགས་སུ་ཕེབས་པའི་རེ་བ་ཡོད།

  13. ནོར་བུ། says:
    2016-04-26 at 3:56 pm

    དབྱིན་ཡུལ་དུ་ཕེབས་ན་དབྱིན་མོ་མེ་ཏོག་འདྲ་ཞིག་དང་དབྱིན་སྒོར་དུམ་པ་གཅིག་གི་སྦྱིན་བདག་བྱ་ཆོག

  14. ཁྱུང་སེ། says:
    2016-04-27 at 12:09 am

    དཀའ་སྡུག་རྔུལ་ཆུས་མནར་བའི་གྲོགས་པོ་ལ།།
    རྒྱུ་ནོར་རྟག་མིན་ཡིན་རབས་ཆོས་བཤད་བྱེད།།
    མི་ཚེར་གང་དགར་འདུག་པའི་ཀླུ་སྨྱོན་ཁྱེད།།
    རྒྱུ་ནོར་མི་རྟག་རང་གི་སེམས་ལ་བསྒོམ།།

    ཨ་རིར་བྲེལ་ཟིང་བྱེད་པ་དངུལ་གྱི་དོན།།
    རིན་མེད་ཆོས་བཤད་བྱེད་མཁན་རི་བོང་རྭ།།
    ཉམས་ཆུང་མི་ལ་སྦྱིན་བདག་མ་ཞུ་རོགས།།
    སྲིད་སྐྱོང་སེང་གེས་རང་ཁ་རང་གསོ་ཡི།།
    དགོས་ལུགས་གཏམ་བཤད་ཡང་ཡང་མ་གོ་འམ།།

  15. ཁྱུང་སེ། says:
    2016-04-27 at 12:15 am

    ཕ་གོར་སོང་ན་རིག་པ་ཆོས་ཚོགས་ཡོད།།
    ཁྱེད་རང་རྙིང་མ་ཡིན་པས་ཕེབས་བསུ་ཞུ།།
    སི་པན་སོང་ན་ས་སྐྱའི་ཆོས་ཚོགས་ཡོད།།
    ཁྱེད་རང་ས་སྐྱ་ཡིན་པས་ཕེབས་བསུ་ཞུ།།
    སུས་སིར་སོང་ན་དགེ་ལྡན་ཆོས་ཚོགས་ཡོད།།
    ཁྱེད་རང་དགེ་ལུགས་ཡིན་པས་ཕེབས་བསུ་ཞུ།།
    དེ་བཞིན་ཡུ་རོབ་གང་སར་ཆོས་ཚོགས་ཡོད།།
    དེ་ཚོར་སོང་ན་དངུལ་ལོར་སྦྱིན་ངེས་རེད།།
    ཉམས་ཆུང་གྲོགས་པོར་སྦྱིན་བདག་མ་ཞུ་རོགས།།

  16. དགེ་འདུན says:
    2016-04-29 at 11:50 am

    ཀ་ཐ་མན་ཀྲུའི་རྒྱལ་ས་བལ་ཡུལ་ནས། ། ཁ་བའི་ལྗོངས་སུ་གཉེན་འཕྲད་འགྲོ་སྐབས་སུ། ། ག་ཤེད་ཅིག་ནས་ཆོས་གྲོགས་ཀླུ་སྨྱོན་གྱིས། ། ང་ལ་ཅང་མེད་ཟེར་བཞིན་སློང་རྒྱག་ཟེར། ། ཅ་རིལ་བཞིན་དུ་ཁུམ་ནས་མི་འདུག་པར། ། ཆ་མེད་ཨ་རིའི་ཡུལ་དུ་འགྲོོ་དོན་ཆེད། ། ཇ་མདོག་ཆོས་གོས་གྱོན་བཞིན་ངལ་བ་བརྒྱས། ། ཉ་མ་སློབ་མའི་འཁོར་ཚོགས་སྡུད་ཞེས་ཐོས། ། ཏཱ་ལའི་བླ་མ་ལ་སོགས་དྲིན་ཆེན་རྣམས། ། ཐ་མལ་རྒྱ་གར་ཡུལ་ནས་བསྐྱུར་བྱས་ཏེ། ། ད་ལྟ་ཨ་རི་ཀླུ་ཡི་ཞིང་ཁམས་ནས། ། ན་ནིང་ནས་བཟུང་ད་དུང་སྤྱིན་བདག་འཚོལ། ། པ་ལི་ལ་སོགས་ཡོ་རོབ་རྒྱལ་ཁམས་སུ། ། ཕ་རོལ་མ་བརྟེན་འགྲོ་བར་མི་ནུས་ན། ། བ་ལང་རྫི་བོ་ཉམ་ཐག་ཅན་ལ་ཡང་། ། མ་དོ་ཟེར་ན་འཕྱ་སྨོད་མིན་ཙམ་གདའ། ། ཙ་ཙོར་སྤྲང་པོའི་འཚོ་བ་མ་འདོད་པར། ། ཚ་ཚ་འུར་འུར་ནུབ་ཕྱོགས་རྒྱལ་ཁབ་ཏུ། ། ཛ་དྲག་ངང་ནས་སྔོན་ནས་ཐར་ན་ཡང་། ། ཝ་རེ་ཝུ་རེར་གཞན་ལ་ལག་པ་བཟེད། ། ཞ་སྨྱུག་བཟུང་ནས་གསར་རྩོམ་མ་བྲིས་ཞིང་། ། ཟ་ངེ་ཟིང་ངེར་རྒྱུ་ནོར་མི་བཙལ་བར། ། འ་འུར་འདུ་འཛི་ཆེ་བའི་ནེའུ་ཡོག་ནས། ། ཡ་མཚན་སྨྱོན་པའི་མཛད་པ་གང་ཞིག་བསྐྱངས། ། ར་ངེ་རོང་ངེའི་མཆོད་རྟེན་སྐོར་ལམ་ན། ། ལ་ལུང་འདྲ་མིན་ཕྱུག་བདག་མང་འདུག་པས། ། ཤ་ཚའི་བསམ་པས་ཨ་ཁུ་ཀླུ་སྨྱོན་ཆེད། ། ས་སྲོད་སླེབས་དུས་སྒྲོལ་འདོན་བྱེད་དགོས་བསམ། ། ཧ་ཧ་དེ་རིང་མངར་ཇའི་རོ་མྱོང་བཞིན། ། ཨ་ཁུ་སྨྱོན་པར་བསྙད་ཅིག་བསྐོ་ཕྱིར་བྲིས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme