Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇ་ཁང་ནང་གི་གླེང་མོལ།

Posted on 2016-03-312016-03-31 By ཁ་བརྡ 4 Comments on ཇ་ཁང་ནང་གི་གླེང་མོལ།

—–བསོད་ནམས་སྒྲོལ་མ།
 
གཅིག༽

“ཨ་ཅག་ལགས། ཇ་གཉིས་དེམ་གཅིག་དང་ཐུག་པ་གཉིས།”

ཕན་ཐོགས་དང་སྒྲོལ་དཀར་གཉིས་ཀུན་སྐྱིད་ཇ་ཁང་དུ་འཛུལ་ཏེ་སྒྲོག་ཙེ་ཞིག་གི་འགྲམ་དུ་ཁ་སྤྲོད་དུ་བསྡད་ཅིང་མགོ་བོ་ལག་ཐོགས་ཁ་པར་དུ་སྒུར། སྟོན་མཇུག་གི་ཞོགས་པའི་མཁའ་རླུང་གཙང་ཞིང་ཉི་མ་དམར་པོ་རྫོང་དེའི་ཤར་རིའི་རྩེ་ནས་དལ་བུར་ཡར་འཕགས། ཁྲོམ་དཀྱིལ་དུ་མི་རེ་གཉིས་མ་གཏོགས་མཐོང་རྒྱུ་མི་འདུག་ལ་ཇ་ཁང་དེའི་ནང་དུ་མི་མང་པོ་འཚང་ཁ་ཤིག་ཤིག་བྱེད། དུ་བ་དང་རླངས་པ་གང་ཡིན་མི་ཤེས་པའི་རེག་མེད་ཀྱི་སྣང་གཟུགས་ཤིག་ཇ་ཁང་གི་བར་སྣང་ཡོངས་སུ་ཁེངས་འདུག་ཅིང་། སྡོད་ས་ཕལ་ཆེ་བ་མགྲོན་པོས་ཁེངས་འདུག དེར་འཛོམས་མཁན་གྱི་མགྲོན་པོ་མང་ཆེ་བ་ནི་སྐྱེས་པ་ཡིན་ལ། རྫོང་དེའི་ལས་འཁྱུར་ངལ་གསོ་བ་དང་ལས་བྱེད་པ་དང་ཚོང་པ། ཁ་ལོ་པ། བུད་མེད་ལས་མེད་པ་སོགས་ཀྱང་ཡོད།

ཇ་ཁང་གི་སྦྱིན་བདག་ཨ་ཅག་རྒྱགས་པ་ལགས་དེས་ཇ་གཉིས་དེམ་ཞིག་ཁྱེར་ཏེ་ཇ་ཁང་གི་ཡང་སྦུག་ནས་མར་ཐོན་ཡོང་བ་དང་། སྐྱེས་པ་མང་པོས་འདྲེན་བྱེད་ཀྱི་ཟུར་མདའ་སྦྱིན་བདག་མའི་ཕྱོགས་སུ་འཕངས་པར་བྱེད།
ཅང་མ་འགོར་བར་ཞབས་ཞུ་མ་གསལ་སྒྲོན་གྱིས་གཞས་ཆུང་ཞིག་ལེན་བཞིན་བོད་ཐུག་ཕོར་པ་གཉིས་གཞོང་པར་བཞག་སྟེ་ལྡེམ་མྱུར་གྱིས་ཁྱེར་ཡོང་བ་དང་། ཇ་ཁང་གི་སྐྱེས་པ་ཡོད་དོ་ཅོག་གིས་གསལ་སྒྲོན་ཇ་ཁང་གི་ཡང་སྦུག་ནས་མར་ཐོན་པ་ནས་ཕྱིར་ཡང་སྦུག་ཏུ་འཛུལ་རག་བར་མིག་སྐྱེལ་བྱས་ཤིང་། དེ་མུར་སྒྲོལ་དཀར་གྱིས་ཕན་ཐོགས་ལ་སྐད་ཆུང་ངུས།

“ལྟོས་དང་། སྤྱང་ལྟོགས་ཁྱུ་ཞིག་སླེབས་འདུག” ཟེར་བ་ན།

ཕན་ཐོགས་ཀྱིས་ཅི་མི་སྙམ་པར། “ཇ་ཁང་འདིའི་ཚོང་བྲིན་ཞིང་སྐྱེས་པ་འདི་འདྲ་མང་བའི་རྒྱུ་མཚན་ནི་སྦྱིན་བདག་མའི་རྐུབ་དང་ཞབས་ཞུ་མའི་བྲང་གི་ནུ་འབུར་ལ་ལྟད་མོ་ཆེ་བས་རེད” ཟེར་བ་ན། སྒྲོལ་དཀར་ལ་དགོད་རྒྱུ་བསྲན་མི་ཚུགས་པ་ཞིག་ལངས་ཏེ་ཅུང་མིན་ན་ཁ་ནང་གི་ཇའང་སྐྱུག་གྲབས་བྱས།

 

གཉིས།༽

ཞོགས་པའི་ཉི་མ་རྩེ་ཤར་དང་དགོང་དྲོའི་ས་སྲོད་ཀྱི་དུས་ནི་ཇ་ཁང་དེར་ཟིང་ཆ་ཆེ་ཤོས་ཀྱི་དུས་ཡིན་ལ། ཇ་ཁང་དེར་ཇ་མངར་མོ་དང་བསྲུབས་མ། བོད་ཐུག་གསུམ་ལས་མཁོ་སྤྲོད་མེད་མོད། སྦྱིན་བདག་མ་ཨ་ཅག་རྒྱགས་པ་ལགས་ཀྱིས་ཇ་དང་ཐུག་པའི་ནང་དུ་སྐྱེས་པ་ཚོ་འགུགས་བྱེད་ཀྱི་བྲོ་སྣ་གང་ཞིག་བརྒྱབ་ཡོད་པ་ནང་བཞིན། ཞོགས་པ་ལས་ཐོག་ཏུ་མ་སོང་གོང་དང་ཕྱི་དྲོ་ལས་མཚམས་གྲོལ་རྗེས་སུ་རྫོང་དེའི་སྐྱེས་ཕོ་མོ་ཚང་མ་ཇ་ཁང་དེར་མེ་ཏོག་པད་མའི་སྟེང་སྦྲང་མ་འདུ་བ་བཞིན་བྱེད་ཅིང་། དུད་དྲེག་གིས་ཁེངས་པའི་ཇ་ཁང་དེ་ནི་རྫོང་དེའི་སྐྱེས་ཕོ་མོ་ཀུན་གྱིས་སེམས་ངལ་གསོ་སའི་གནས་མལ་དྲོན་མོ་ཞིག་ཏུའང་གྱུར་ཡོད།

ཕྱི་དྲོའི་ལས་ཐོག་གྲོལ་རྗེས་ཕན་ཐོགས་དང་སྒྲོལ་དཀར་གཉིས་ཀྱང་ཇ་ཁང་དུ་འཛོམས། ཞབས་ཞུ་མ་གསལ་སྒྲོན་གྱིས་ལུས་ལ་འོག་འཇུག་རྒྱ་སྨུག་ཡིན་པའི་ཕྱུ་པ་གསར་པ་དམར་ནག་ཅིག་དང་། མཇུར་རྟ་ནག་པོ་རྟིང་ཙོག་ཅིག་གྱོན་ལ། སུ་ལུར་བཟོས་པའི་མགོ་སྐྲ་རིང་པོ་དེ་མགོ་བོའི་གཙུག་ཏུ་ཐོར་ཅོག་བྱས་ཤིང་། རྣ་ལ་བྱུ་རུ་དམར་པོའི་ཕྲ་ཅན་གསེར་གྱི་རྣ་ལུང་རིང་པོ་ཞིག་བཏགས་འདུག  མ་གཞི་ནས་དཀར་ལ་གཙང་བའི་ངོ་གདོང་དུ་བྱུག་རྫས་ཚད་དང་རན་པ་ཞིག་བྱུགས་འདུག་པས་སྐྱེས་པ་རྣམས་ལ་ཅི་ཁག

ཕན་ཐོགས་དང་སྒྲོལ་དཀར་གཉིས་ཀྱི་མིག་གི་མདའ་མོའང་གཞི་གཅིག་ཏུ་གསལ་སྒྲོན་གྱི་སྟེང་དུ་འཕངས་བྱུང་། ཁོ་མོའི་ཞལ་རས་ནམ་རྒྱུན་ལས་མཛེས་ཤིང་བྲང་གི་ནུ་འབུར་ཟུང་ཡང་ཙོག་ཙོག་ཏུ་འདུག་པས་ངོ་མ་སྙིང་རྗེ་པོ་ཞིག་འདུག    ཁོ་མོས་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཁ་ནས་གླུ་ཆུང་ཞིག་ལེན་བཞིན་བྱང་ཆ་དོད་པོའི་སྒོ་ནས་སྐུ་མགྲོན་ཚོར་སྣེ་ལེན་བྱས་ཤིང་། མགྲོན་པོ་སྐྱེས་པ་ཚོས་ཀྱང་གསལ་སྒྲོན་འགྲམ་དུ་ཡོང་བར་རེ་ཞིང་བསྒུགས་ལ། ཁོ་མོ་འགྲམ་དུ་སླེབས་ཐེངས་རེར་ཀུ་རེའི་རྩེད་མཚར་སོགས་ཁ་བཙོག་ག་འདྲ་བཤད་ཀྱང་གསལ་སྒྲོན་གྱིས་དེ་དག་ལ་ཡ་ལན་འོས་འཚམ་རེ་དང་ལྐོག་གྱུར་གྱི་འཛུམ་མདངས་རེ་སྟོན་པ་ལས་མི་འདོད་པའི་རྣམ་འགྱུར་སོགས་གཏན་ནས་མི་བྱེད། དེར་བརྟེན་རྫོང་དེའི་སྐྱེས་པ་ཡོད་ཚད་ཇ་ཁང་དེར་བརྩེ་དུང་ཆེ་བར་མ་ཟད། ཇ་ཁང་གི་ཨ་ཅག་རྒྱགས་པ་ལགས་དང་ཞབས་ཞུ་མ་གཉིས་ལ་དེ་བས་ཀྱང་བརྩེ་བ་ཟབ་མོ་ཡོད།

“མོ་དགའ་འདི་དག”

ཕན་ཐོགས་ཀྱིས་ཁ་སྤྲོད་ཀྱི་སྒྲོག་ཙེ་སྟེང་ཕོ་གསར་སྐོར་ཞིག་ཡོད་པ་དེར་མིག་བརྡ་ཞིག་བསྟན་ནས། དེར་མགོ་སྐྲ་སུ་ལུ་ཡིན་ཞིང་མིག་རིལ་གཉིས་རིག་རིག་བྱེད་པའི་ཕོ་གསར་གཟུགས་ཐུང་ཞིག་ཡོད་པ་དེར་ཁ་རོག་གེར་མཛུབ་མོ་འཛུགས་བཞིན།

“སྙིང་ཉེ་བའི་གསལ་སྒྲོན། ཁོའི་བཟོ་ལྟར་ལྟོས་དང་། ཁོས་གསལ་སྒྲོན་ལ་མིག་གིས་བཙན་གཡེམ་བྱས་ཚར་སོང་།”

“ཧ་ཧ།”

……

 

གསུམ།༽

ཇ་ཁང་གི་སྒོ་ཡོལ་ཡར་བཀྱགས་པ་དང་གཟུགས་པོ་ཅུང་རིང་ཞིང་སྟོབས་དང་ལྡན་པའི་ཕོ་གསར་ལོ་སུམ་ཅུར་སོན་པ་གདོང་ལ་མིག་ཤེལ་བསྐྱོན་པ་ཞིག་ཡར་འཛུལ་ཡོང་། གསལ་སྒྲོན་གྱི་ངོ་གདོང་དམར་པོ་ཁྲག་ལྟར་གྱུར་ཅིང་ལམ་སང་སྐྱེས་པ་དེ་ཇ་ཁང་དུ་བསུས། ཕོ་གསར་དེས་གདོང་གི་མིག་ཤེལ་ཡར་འདེད་ཙམ་འདེད་ཙམ་གྱིས་ཁོ་གཅིག་པུར་དབང་བའི་སྒོའི་ནང་ལོགས་ཀྱི་ཟུར་གྱི་སྡོད་ས་དེར་བསྡད་རྗེས་གཅིག་པུས་ཇ་འཐུང་བཞིན་བསྡད།

ཇ་ཁང་དེར་ངོ་ཤེས་མིན་ཚང་མ་སྒྲོག་ཙེ་གཅིག་ལ་བཙངས་ཏེ། སྟོད་རྒྱ་གར་ནས་སྨད་རྒྱ་ནགཕྱི་འཛམ་གླིང་ནས་བོད་ནང་ཁུལ་གྱི་གནས་ཚུལ་སོགས་ལབ་གླེང་བྱེད་རྒྱུར་དགའ་ལ། བཤད་མཁན་ཁ་བདེ་ལྕེ་བདེ་སྐོར་ཞིག་གིས་ཁའི་འགྲམ་ནས་ལྦུ་བ་འཕྱུར་ཞོར་དུ་འཆད་ཅིང་། ཉན་མཁན་སྐོར་ཞིག་གིས་ཁ་རོག་གེར་ཉན་སྡོད་པ་ཙམ་ལས་ཁ་ནས་ཚིག་ཏིལ་འབྲུ་ཙམ་ཡང་ཕྱིར་མི་འབུད། འོན་ཀྱང་ད་ལྟ་ཇ་ཁང་དུ་འཛུལ་མ་ཐག་པའི་ཕོ་གསར་རྫིག་པོ་དེས་ནི་རང་ཉིད་གཅིག་པུས་ཐ་མག་རེ་འཐེན་བཞིན་ཁེར་རྐྱང་དུ་སྡོད་པ་ལས་མི་གཞན་དང་འབྲེལ་འདྲིས་བྱེད་རྒྱུར་མི་དགའ་ལ། སྒོའི་ནང་ལོགས་ཀྱི་ཟུར་གྱི་སྡོད་ས་དེ་ནི་ཁོས་ཉོས་ཡོད་པ་བཞིན་ཁོ་ག་དུས་ཐོན་ཡང་དེར་སྡོད་པ་དང་། གསལ་ཆ་ཡོད་པའི་མགྲོན་པོ་རྣམས་ཀྱིས་ཀྱང་སྡོད་ས་དེ་ཧབ་ཐོབ་མི་བྱེད་པར་དེ་ནི་ཁོའི་ཆེད་མངགས་ཀྱི་སྡོད་ས་ལྟ་བུར་གྱུར་ཡོད། ཁོ་ཇ་ཁང་དུ་ཉིན་གཅིག་ལའང་ཆད་མ་མྱོང་ལ། ཇ་ཁང་དུ་ཡོང་ཐེངས་རེར་གསལ་སྒྲོན་གྱི་གླུ་སྐད་ཆད་འགྲོ

“ལྟོས་དང་། གསལ་སྒྲོན་གྱི་བརྩེ་དུང་སླེབས་བྱུང་།”

“དགེ་རྒན་མིག་ཤེལ་ཅན་དེ་ཨེ།”

“དཔེ་ཆ་བ་གླེན་པ་དེ།”

“གསལ་སྒྲོན་གྱིས་ཁོ་ལ་རེ་ཞིང་བསྒུགས་པ་ཧ་གོ་ནའང་ཅི་ཡང་བཤད་མི་ཐུབ་པའི་སྡར་མ་དེ།”

“ཞབས་ཞུ་མ་ཞིག་མནའ་མར་བླངས་ན་ལ་རྒྱར་གནོད་པར་དོགས་པ་ལོས་ཡིན།”

“བརྩེ་དུང་གི་བྲན་གཡོག་ཏུ་གྱུར་པའི་བྱབ་ཆུང་དེ།”

སྒྲོལ་དཀར་དང་ཕན་ཐོགས་གཉིས་ལ་ཅི་ཞིག་བབས་ཡོད་པ་ལྟར་ད་ལྟ་ཇ་ཁང་དུ་འཛུལ་ཡོང་མཁན་གྱི་མི་དེར་གཤེ་གཤེ་རྒྱགས་ཚད་ཅིག་བཏང་།

 

བཞི།༽

ཉིན་རེ་ནས་ཟླ་རེ། ཟླ་རེ་ནས་ལོ་རེ་ཕར་འདས།

གྲང་ངར་ཆེ་ཞིང་ཁ་བ་ལྷབ་ལྷུབ་དུ་འབབ་པའི་ཞོགས་པ་ཞིག་ལ། ཇ་ཁང་གི་དཀྱིལ་དུ་བཙུགས་པའི་ལྕགས་ཐབ་རིང་པོ་དེའི་ནང་དུ་ཤིང་དུམ་མང་པོ་བརྩིགས་ནས་མེ་ཚ་པོ་ཞིག་བཏང་འདུག་ལ། འགྲུལ་པ་མང་པོ་འཚང་ཁ་ཤིག་ཤིག་བྱེད་མོད། འོན་ཀྱང་དེ་རིང་གི་ཇ་ཁང་གི་ཁོར་ཡུག་ནི་གྲང་ཤུར་ཤུར་དུ་འདུག

ནམ་རྒྱུན་བྱིའུ་ཚང་ལ་རྡོ་ལྷུང་བ་བཞིན་སྐད་ཅོར་གྱིས་ཁེངས་པའི་ཇ་ཁང་དེ་དེ་རིང་འཇམ་ཐིང་ངེར་གནས། སྒོའི་ནང་ལོགས་ཀྱི་ཟུར་གྱི་སྒྲོག་ཙེ་དེའང་སྟོང་པར་ལུས་ལ། སྒྲོག་ཙེའི་སྟེང་དུ་འཐུང་མཁན་མེད་ཀྱང་ཇ་ཚ་པོ་ཕོར་གང་བླུགས་འདུག

ཞབས་ཞུ་མ་གསལ་སྒྲོན་གྱི་མགོ་སྐྲ་གཟིངས་ཤིང་ལུས་ལ་ཕྱུ་པ་ནག་པོ་རྙིང་པ་ཞིག་གྱོན་ཞིང་། མིག་གཉིས་དམར་པོར་གྱུར་ཏེ་སྐྲངས་འདུག་ལ། གདོང་གི་འཛུམ་མདངས་དང་ངག་གི་གླུ་སྐད་ཀྱང་ཆད་འདུག    ལག་ལས་ཀར་མཁས་ཤིང་ནམ་རྒྱུན་ཇ་ཁང་དེར་རླུང་མ་འཚུབ་འཚུབ་བྱེད་པའི་ཁོ་མོ། དེ་རིང་ལྗིད་ཏིག་ཏིག་གི་གོམ་པ་འཁྱར་འཁྱོར་རེ་སྤོ་བཞིན་སྐྱོ་གདུང་གིས་མནར་དོན་ཅི་ཡིན་ནམ། ཁོ་མོ་འགྲམ་དུ་སླེབས་པ་དང་མི་ཚང་མས་མགོ་བོ་སྒུར་ཞིང་དབུགས་རིང་རེ་འཐེན་པ་ལས་ཅི་བྱུང་གི་སྐོར་ནས་འདྲི་མཁན་གཅིག་ཀྱང་མི་འདུག་ལ།  ཁོ་མོ་ཕར་ཁ་བསློགས་པ་དང་སྐད་ཆ་ཤབ་ཤུབ་རེ་བཤད་མཁན་འདུག

“ཧ་གོ་བྱུང་ངམ། ཕོ་གསར་མིག་ཤེལ་ཅན་དེ་གྲོངས་པ་རེད་ཟེར།”

“ལོ་ཆུང་ཆུང་སྙིང་རྗེ།”

“མཆིན་ནད་རེད་ཟེར།”

“སྨན་ཁང་དུ་ཟླ་བ་གཉིས་ལས་མ་འཁྱོལ་ཟེར།”

“གོ་ཐོས་ལ་ཁོས་རང་ལ་ན་ཚ་ཡོད་པ་སྔོན་ནས་ཤེས་ཡོད་ཟེར།”

“ཁོས་རང་གི་ཚེ་རིང་པོ་མེད་པ་ཤེས་ནས་གསལ་སྒྲོན་ལ་རྒྱང་ལྟ་རེ་བྱས་པ་ལས་རང་གི་བསམ་ཚུལ་བརྗོད་མེད་པ་རེད།”

“ཁོ་གྲོངས་ཁར་གསལ་སྒྲོན་གྱི་མིང་ནས་འབོད་ཀྱིན་འདུག་ཟེར།”

……

ཇ་ཁང་ནང་དུ་སྔར་བཞིན་མི་མང་པོ་འདུས་ཏེ་ཡར་མར་གྱི་ཁ་བརྡ་མང་པོ་བྱེད། ཨ་ཅག་རྒྱགས་པ་ལགས་ཀྱིས་ཁ་ནས་ཁ་ཏོན་ཞིག་འདོན་བཞིན་ཟངས་སྐྱོགས་ཤིག་ལག་ཏུ་བཟུང་སྟེ་ཐབ་འགྲམ་དུ་ཇ་གཤར་བཞིན་འདུག    གཟུགས་པོ་སྐམ་ཞིང་རིང་ལ། མིག་གཉིས་སྒོར་ཞིང་སྣ་ལེབ་ལེབ་ཡིན་པའི་བུ་མོ་ཆུང་ཆུང་ཞིག་གིས་ཇ་ཁང་གི་ཐབ་ཚང་དང་འགྲུལ་ཁང་དུ་བྲེལ་འཚུབ་ངང་མགྲོན་པོ་ཚོར་ཇ་ལྡུག་ཅིང་ཐུག་པ་སྐྱེལ་རོགས་བྱེད། རེད་དེ། བུ་མོ་དེ་གསལ་སྒྲོན་མ་རེད། ཇ་ཁང་གི་རྣམ་པ་ནི་ནམ་རྒྱུན་བཞིན་མི་མང་པོ་འཚང་ཁ་ཤིག་ཤིག་དང་འུར་ཆིལ་ལེར་བྱེད་ནའང་། གསལ་སྒྲོན་གྱི་གླུ་སྐད་སྙན་མོ་དེ་དང་གསལ་སྒྲོན་གར་སོང་ཆ་མེད་དུ་གྱུར། ཁོ་མོ་གང་དུ་ཕྱིན་པ་སུ་ལའང་གསལ་ཆ་མེད།།

བརྩམས་སྒྲུང་།

Post navigation

Previous Post: སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་དགུ་བ།
Next Post: ངག་གི་གཙང་བོར་དྲི་མ་ཁ་བ་ལ།

Comments (4) on “ཇ་ཁང་ནང་གི་གླེང་མོལ།”

  1. ཁྱུང་སེ། says:
    2016-03-31 at 1:42 am

    བསོད་ནམས་སྒྲོལ་མ་ལགས། ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་དེ་རིང་དྲག་འདུག་མོད་ཡིན་ནའང་ཆ་ཚང་བཀླགས་ཡིན།
    གཅིག༽
    ༼ཁྲོམ་དཀྱིལ་དུ་མི་རེ་གཉིས་ལས་མ་གཏོགས་མཐོང་རྒྱུ་མི་འདུག་ལ༽
    ༼ཇ་ཁང་དེའི་ནང་དུ་མི་མང་པོ་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག་ཟེར།
    གཏམ་སྔ་ཕྱི་འགལ་བའི་སྐད་ཆ་རེད་འདུག དགོངས་པ་མ་འཚོམས།
    ཡང་ན་ཇ་ཁང་ཁྲོམ་གྱི་མཐའ་ལ་ཡོད་པ་ཡིན་ནམ། ཡང་ན་ཇ་ཁང་དེ་ས་འོག་ལ་ཡོད་པ་ཡིན་ནམ། ཡང་ན་ཇ་ཁང་ནང་གི་མི་དེ་ཚོ་ཁྲོམ་དཀྱིལ་ནས་མ་སླེབས་པར་ས་འོག་ནས་གྲོག་མ་ནང་བཞིན་སླེབས་པ་ཡིན་ནམ། འོ་སྒྲུང་ཤོད་དུས་མི་ཞིག་ལ་དངོས་གནས་ཡིན་པའི་ཟོལ་དུ་བཤད་ན་ཡག་པོ་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-31 at 12:37 pm

    ་་་་་་་་་་ ཇ་ཁང་གི་སྦྱིན་བདག་ཨ་ཅག་རྒྱགས་པ་ལགས་དེས་༼ཇ་གཉིས་དེམ་༽ཞིག་ཁྱེར་ཏེ་ཇ་ཁང་གི་ཡང་སྦུག་ནས་མར་ཐོན་ཡོང་བ་དང་། ་་་་་་
    ནང་གི་༼ཇ་གཉིས་དེམ་ཞིག་༽ཟེར་ན་གང་རེད། ལགས།

  3. ཇ་མ་ says:
    2016-04-01 at 11:24 am

    ཇ་ཁང་ནང་ཇ་མི་འཐུང་བར་ཉོག་བཤད་རྒྱབ་ནས་སྡད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-04-01 at 2:00 pm

    ཆུ་དམ། ཇ་དམ། ཆང་དམ་ཟེར་བ་ནི་ཡོད། ཡིན་ན་ཡང་། ཇ་གཉིས་དེམ་ཟེར་བ་ནི། གོ་མ་མྱོང་བས་དྲིས་པ་ཡིན་ཡང་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme