Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མ་རྒྱང་འབོད།

Posted on 2010-04-212010-04-21 By ཁ་བརྡ་ 4 Comments on བླ་མ་རྒྱང་འབོད།

ནགས་ཤོད་རིག་རལ།

མིང་མི་ཤེས་པའི་ཡུལ་ཤུལ་གྱི་བུད་མེད་ཡ་ང་བོ་དེ་ཨ། དྲིན་ཆེན་མ་ཡུམ་གཙོས་པའི་གཉེན་བཤེས་སྟོང་ཕྲག་གི་སྐུ་ཕུང་སྲེག་བྱེད་ཀྱིས་ཁྱུར་མིད་དུ་གཏོང་སྐབས། ཁེར་རྐྱང་དུ་ལུས་པའི་མོ་རང་གི་རྣམ་ཤེས་ཡ་ང་བོ་དེ་བླ་མ་རྒྱང་འབོད་ཁྲོད་དུ་སིག་སིག་དུ་འདར་བཞིན་འདུག མིག་ཆུ་ཆར་ལྟར་ཉིལ། ལུས་པོ་རྩྭ་བཞིན་འདར། སེམས་པ་མེ་རི་ལྟར་གས་འགྲོ་མོད་དྲིན་ཆེན་མ་ཡུམ་དང་། གཉེན་ཉེ་མཛའ་བཤེས་ཕྱི་མའི་ལམ་དུ་སྐྱེལ་བར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་གྱེར་བཞིན་འདུག་ལ། བླ་མས་མི་གོ་དོགས་པའི་སེམས་ཁྲལ་ཞིག་གིས་སྐད་གསངས་མཐོན་པོས་མ་ཎིའི་དབྱངས་རྟ་འཐེན་བཞིན་པ་དང་། སྙིང་ཁོངས་རུས་པའི་གསེང་ནས་མཆེད་ཡོང་བའི་སྐྱོ་གདུང་གི་ངུ་ངག་ངང་དུ་གྱེར་བཞིན་འདུག
རྩ་བའི་བླ་མ་ཨ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། ཁྱེད་ཉིད་གང་དུ་ཡོད་དམ། སྲོག་ལས་ཀྱང་རྩ་ཆེན་འཛིན་པའི་ཁྱེད་ཀྱི་སྐུ་པར་དེ་དག་ད་ལྟ་ས་རྡུལ་གྱི་འོག་ཏུ་ཚུད་པ་དང་། གཉེན་བཤེས་སྟོང་ཕྲག་གི་སྲོག་དབང་ས་ཡི་འཇིགས་པའི་རྐྱལ་པ་འདིའི་ནང་བསྡུས་སོང་། ད་དུང་འཇིག་རྟེན་འདིར་ཆེས་དགའ་སའི་སྐྱེས་མ་ཡང་འདི་ལྟར་ལྔ་ལམ་དུ་གཤེགས་སོང་། ཁྱེད་ནི་སྙིང་རྗེའི་ལྷ་ཡིན་པས་སྡུག་གི་མིག་ཆུ་འདི་དག་ཁྱེད་ཀྱི་མདུན་དུ་བཤོ་བར་འདོད་མོད་རི་ཆུ་སྟོང་ཕྲག་གིས་ང་ཡི་ལམ་བུ་བཀག་འདུག ངས་མ་ཎིའི་དབྱངས་རྟ་གྱེར་བཞིན་ནམ་མཁའ་ལ་མིག་ཉུལ་ཇི་ཙམ་བྱས་ན་ཡང་མཐོང་ཐུབ་པ་ནི་གྲངས་མེད་སྒྱུ་ལུས་ཁ་ལ་བཏབ་ཟིན་པའི་སྲེག་བྱེད་ཀྱི་ཁ་རླངས་ཙམ་ཡིན་མོད། ཡིད་ཀྱི་མཁའ་དབྱིངས་སུ་འཆར་བཞིན་པ་ནི་བླ་མ་ཁྱེད་ཀྱི་ཞལ་རས་རེད། དྲིན་ཆེན་མ་ཡུམ་གྱི་ངོ་རིས་རེད། གཤིས་རྒྱུད་བཟང་བའི་གཉེན་བཤེས་དེ་དག་གི་འཛུམ་མདངས་རེད། དེ་ཡང་ལོས་ཡིན། ང་ཚོ་གངས་ཅན་པ་ཞིག་གི་ངོས་ནས་བཤད་ན་དཀོན་མཆོག་གསུམ་ནི་གཏན་གྱི་སྐྱབས་གནས་རེད་ལ། མགོ་ཐོག་གི་རྩ་བའི་བླ་མ་ནི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད།
ཚེ་མི་རྟག་རྩྭ་མགོའི་ཟིལ་པ། རྒྱུ་མི་རྟག་སྟོན་གྱི་སྤྲིན་པ་ཟེར་བ་ཡང་འདི་མིན་ན་ཅི་ཡིན། རྒྱང་རིང་ན་བཞུགས་པའི་རྩ་བའི་བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལགས། ང་ཡི་གསོལ་སྨོན་གདུང་འབོད་འདི་གསན་ལགས་སམ། ཁ་སང་འཛུམ་དམུལ་ལེར་བཞུགས་པའི་དྲིན་ཆེན་མ་ཡུམ་དེ་ཉིད་དེ་རིང་རྩམ་སུར་ཙམ་ཉུལ་བའི་བར་དོའི་སེམས་ཅན་ཆགས་པ་དང་། ཁ་སང་དྲོད་འཁྱིལ་ལེར་གནས་པའི་ཁྱིམ་གཞི་དེ་ཉིད་དེ་རིང་འཆི་བདག་དགོད་སའི་དུར་སར་གྱུར་འདུག གཉེན་ཤི། ཡུལ་སྟོང་པའི་མི་ཡུལ་གྱི་སྐྱོ་གདུང་གྲོག་རོང་ནང་ལྷུང་བའི་ཉིན་མོ་འདིར་རྩ་བའི་བླ་མ་ལ་ཡང་རྒྱང་རིང་ནས་གསོལ་བ་སྨོན་ལམ་འདེབས་དགོས་པའི་ལས་དབང་སྡུག་པོ་འདི་ནི་སྐྱོ་གར་ནང་གི་སྐྱོ་གདུང་ཞིག་མ་ཡིན་ནམ།
ཁྱེད་ཀྱིས་གསན་ལགས་སམ། རྩ་བའི་བླ་མ་ལགས། ངའི་ངག་ནས་ཐོན་པའི་དབྱངས་ཀྱི་ཚིག་འབྲུ་རེ་རེ་ནི་སྐྱོ་ངལ་གྱི་དབུགས་རྒྱུན་རེ་རེས་འབུད་བཞིན་ཡོད་ལ། དབྱངས་ཀྱི་འགྱུར་ཁུག་རེ་རེའི་ཁྲོད་དུ་བླ་མ་ལ་བཅངས་པའི་དད་པ་དང་མ་ཡུམ་ལ་བཅངས་པའི་བརྩེ་བ་འདུས་ཡོད། ཡ་ང་བའི་མ་ཡུམ་གྱི་རྣམ་ཤེས། ད་དུང་ཅི་ཞིག་བྱུང་བ་ཡིན་ན་བསམ་བཞིན་པའི་རྣམ་ཤེས་སྟོང་ཕྲག་དང་ལྷན་དུ་རྡུལ་ནག་གིས་ཁྱབ་པའི་ཡུལ་ཤུལ་མཁའ་དབྱིངས་སུ་འཁྱམ་བཞིན་ཡོད་ངེས་རེད། ཐུགས་རྗེའི་བདག་ཉིད་ཅན་རྩ་བའི་བླ་མ་ཁྱེད་ཀྱིས་ཁོང་ཚོ་ལ་བར་དོའི་འཇིགས་པ་སེལ་བར་མཛད་རོགས། འོད་གསལ་ལམ་བུ་བསྟན་དུ་གནང་རོགས། ཐུགས་རྗེའི་སྤྱན་གྱིས་ནམ་ཡང་མི་བོར་བར་མཛད་རོགས།
འདི་དག་ནི་བུད་མེད་འདིའི་ཡིད་ཀྱི་མཁའ་དབྱིངས་སུ་གྲང་ལྷང་ལྷང་ངང་ལྡང་བཞིན་པའི་སེམས་ཀྱི་འདུ་རྒོད་རེད།
འཇིག་རྟེན་འདིར་མི་ཤི་རྟ་འགྱེལ་ནི་གང་དུ་ཡང་ཡོང་སྲིད་ལ་གཉེན་ཉེ་མཛའ་བཤེས་གང་དུ་ཡང་གྲོངས་སྲིད་མོད། གཉེན་བཤེས་གྲོངས་པའི་སྐབས་སུ་རྩ་བའི་བླ་མ་ལ་ངུ་ངག་གི་སྒོ་ནས་རྒྱང་འབོད་བྱེད་དགོས་པ་འདི་ནི་རང་ཅག་གི་ལས་དབང་ཙམ་མ་ཡིན་ནམ། བླ་མ་ལ་རྒྱང་ནས་གདུང་འབོད་བྱེད་པའི་ངག་དབྱངས་འདི་ནི་དབུགས་ཀྱི་འགྱུར་བ་ཙམ་མ་ཡིན་པར་རྣམ་ཤེས་གས་ཆགས་སུ་འགྲོ་བཞིན་པའི་ཤུར་སྒྲ་འདྲ་བས་ཚིག་དོན་ཧ་མི་གོ་བའི་སྐྱེ་བོ་དག་གི་སེམས་པ་ཡང་འདར་དུ་འཇུག་གི་འདུག་ཟེར། ཡིན་ནའང་ཁོང་ཚོས་བོད་པ་རྣམས་ལ་ཡོད་པའི་སྐྱོ་བ་དེ་གཉེན་བཤེས་འཆི་བདག་གིས་བཅོམ་པའི་སྡུག་བསྔལ་ཙམ་མ་ཡིན་པར། སྡུག་གི་རྒྱ་མཚོར་ཚུད་དུས་བླ་མའི་ཞལ་རས་ཙམ་ཡང་མཇལ་མི་ཐུབ་པའི་སྡུག་བསྔལ་ཡོད་པ་དེ་དག་ཚོར་ཐུབ་ཀྱི་ཨེ་ཡོད། བླ་མ་འབོད་པའི་སྙིང་ཁོངས་ཀྱི་ཟུག་རྔུ་འདི་དག་རེག་གི་ཨེ་ཡོད། འོན་ཀྱང་གནམ་ས་གཉིས་ཀྱང་འདར་དུ་འཇུག་པ་དང་། ཉི་ཟླ་གཉིས་ཀྱང་འདར་དུ་འཇུག་པ། རྩྭ་དང་རྩི་ཤིང་ཚོགས་ཀྱང་འདར་དུ་འཇུག་པའི་མ་ཎིའི་སྨྲེང་གླུ་དེ་དག་གོ་དུས། ཁོང་ཚོས་དེ་ནི་ཡུལ་ཀླུང་ཁྱིམ་མི་སྟོང་བའི་སྡུག་བསྔལ་གྱི་ངུ་འབོད་ཙམ་ལ་གོ་ག་ལ་སྲིད།
ཁ་བའི་ལྗོངས་ཀྱི་ལྷ་སྐལ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། སྐྱབས་མགོན་ཡིད་བཞིན་ནོར་བུ་ཁྱེད་ཀྱིས་ཡུལ་ཤུལ་བུད་མེད་ཀྱི་གདུང་འབོད་འདི་གསན་ལགས་སམ། སྡུག་གིས་མནར་བཞིན་པའི་འགྲོ་བའི་གདུང་འབོད་འདི་དག་གིས་ཁྱེད་ཀྱི་ཐུགས་ཡིད་པད་དཀར་འདབ་མ་ལྟར་གས་བཞིན་ཡོད་ངེས་རེད། ང་ཚོ་འཁོར་བར་ལྷུང་བའི་གངས་ཅན་པ་ཞིག་གི་སེམས་ཁོངས་སུ་ཡང་སྡུག་གི་མཚེའུ་འདི་ཙམ་དུ་འཁྱིལ་དུས་སྙིང་རྗེའི་བདག་ཉིད་དུ་གྱུར་པའི་ལྷ་ཁྱེད་ལ་ནི་བརྗོད་ཅི་ཞིག་དགོས། ཡིན་ནའང་དམར་ཤོག་སྲིད་དབང་འདིས་འཇིག་རྟེན་མཐོང་སྣང་དུ་གྱུར་པའི་ཁྱེད་ཀྱི་སྐུ་ལུས་ཙམ་ཡང་ཁ་བའི་ལྗོངས་སུ་ཕེབས་མི་འཇུག་མོད་དེ་ཙམ་གྱིས་འགྲོ་བའི་དད་པ་འགོག་ག་ལ་ཐུབ།
མ་ཎི་འབྲུ་དྲུག་འདི་ནི་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་རེད་ལ། རྩ་བའི་བླ་མ་ཁྱེད་ནི་ང་ཚོའི་བསོད་ནམས་དུ་གྱུར་པའི་སྤྱན་རས་གཟིགས་དངོས་བྱོན་རེད། སྐྱེ་བ་མཐའ་མེད་པའི་སྔོན་དུ་ང་ཚོས་ཀྱང་སྡིག་པ་བསགས་ཡོད་ངེས་རེད། དེ་མིན་ན་ཁྱིམ་མི་གྲོངས། ཡུལ་ལུང་སྟོང་། གནམ་ས་ངུ་འབོད་ཀྱིས་ཁེངས་པའི་ཉི་མ་འདིར་ང་ཚོར་རང་གི་རྩ་བའི་བླ་མ་མཇལ་སྐལ་མེད་པ་འདི་གང་ཡིན་ནམ། མ་ནི་འབྲུ་དྲུག་རེ་སྐྱོར་བཞིན་ལྷ་ཁྱེད་ལ་གསོལ་བ་སྨོན་ལམ་རེ་འདེབས་རྒྱུ་ཡོད་པ་འདི་ནི་ང་ཚོའི་སྡུག་གི་མུན་ནག་སེལ་བྱེད་ཀྱི་སྒྲོན་མེར་གྱུར་འདུག མ་ཎི་འབྲུ་དྲུག་འདི་ནི་གངས་ཅན་པ་རྣམས་ཐར་ལམ་འཛེགས་བྱེད་ཀྱི་ཐེམ་སྐས་འདྲ་ལ། རྩ་བའི་བླ་མ་ཁྱེད་ནི་འཁོར་བའི་རྒྱ་མཚོ་ནས་འདྲེན་མཁན་གྱི་དེད་དཔོན་རེད། གངས་རིའི་འགྲོ་དོན་ཆེད་དུ་ཁྱེད་ཀྱི་སྐུ་ཚེ་ཕལ་ཆེ་བ་གཞན་ཡུལ་དུ་བཞུགས་དགོས་བྱུང་བ་དང་། གངས་ཅན་པའི་རྒན་ཁོག་མང་པོ་ཞིག་ཀྱང་ཉི་མ་ལོ་ལས་རིང་བའི་ངང་དུ་ཁྱེད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་སྒུག་དང་སྒུག་བཞིན་པའི་ཁྲོད་དུ་ལྔ་ལམ་དུ་ཆས་ཚར་བ་རེད་ལ། མང་པོ་ཞིག་གིས་ཀྱང་ད་ལྟ་ཡང་ཤི་མིག་དུར་ཁུང་ནས་བལྟ་བཞིན་ཁྱེད་ཀྱི་བསྔོ་བ་སྨོན་ལམ་སྒུག་ཡོད་ངེས་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཨ་རྩ་བའི་བླ་མ། ཁྱེད་ལ་ཚད་མེད་པའི་སྐུ་ངལ་དང་ཐུགས་ངལ་ཡོད་མོད་ང་ཚོ་གངས་ཅན་པ་རྣམས་ལ་སྐྱབས་དང་རེ་ས་སྐུ་ཉིད་ལས་གཞན་སུ་ཞིག་ཡོད།
རྩ་བའི་བླ་མ་ཨ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། གདུང་ཤུགས་དྲག་པོའི་ངང་དུ་ཐག་རིང་གི་བླ་མ་འབོད་བཞིན་པའི་ཡུལ་ཤུལ་བུད་མེད་འདིའི་གསོལ་སྨོན་གསན་ལགས་སམ། སིག་སིག་དུ་འདར་བཞིན་པའི་རྣམ་ཤེས་ཀྱི་ངུ་ངག་དེ་ཚོར་ལགས་སམ། ད་དུང་། བར་དོའི་ཐང་ཆེན་ན་བང་བསྒྲིགས་ནས་འགྲིམ་བཞིན་པའི་རིགས་གཅིག་སྤུན་ཟླ་དེ་ཚོའི་རྣམ་ཤེས། ཨ་ཧོ་ཧོ། ཁྱེད་ཀྱི་ཐུགས་ཡིད་སྙིང་རྗེ་དང་སྐྱོ་ངལ་གྱིས་པད་མ་ལྟར་གས་འགྲོ་མོད། རྩ་བའི་བླ་མ་ཨ། ང་ཚོ་ལ་སྐྱབས་དང་མཁྱེན་ས་སྐུ་ཉིད་ལས་མེད་ཨ།
བོད་ནང་ནས་གཟིགས་ན། http://news.sohu.com/20100418/n271584849.shtml
ཕྱི་ན་ཡོད་མཁན་ཚོ་འདི་ནས་ཀྱང་གཟིགས་ཐུབ། http://www.youtube.com/watch?v=Oir5CTCg-8s
སྐྱེ་རྒུ་མདོའི་སྤུན་ཟླ་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ནས་བདུན་ཚིགས་དང་པོ་འཁོར་བའི་བསྔོ་སྨོན་དུ་ཕུལ།

རྩོམ་རིག

Post navigation

Previous Post: སྐྱེ་དགུ་མདོའི་འདས་གྲོངས་ཕྱིན་པའི་སྤུན་ཟླ་ཚོར་མྱ་ངན་དང༌། གུས་འདུད་དོན་ཚན་དྲུག
Next Post: ཕྱི་སྡོད་བོད་རིགས་བྱིས་བ་ཚོའི་ཆེད་དུ་གསལ་བསྒྲགས།

Comments (4) on “བླ་མ་རྒྱང་འབོད།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-04-21 at 4:57 pm

    བཀའ་དྲོན་ཆེ། ཨོཾ་ཨ་ར་པ་ཙ་ན་དྷྰིཿ

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-21 at 6:20 pm

    ནགས་ཤོད་རིག་རལ་ལགས། ཉིད་རང་བོད་ནང་མི་བོད་མི་ཉམ་ཐག་འདས་གསོན་གཉིས་ཀྱི་སེམས་ནང་དུ་འཛུལ་འདུག དངོས་ནས་མྱ་ངན་ཞུ་སྟངས་འདི་འདྲ། གདུང་སེམས་མཉམ་བསྐྱེད་བྱེད་ལུགས་འདི་འདྲ། དངོས་ནས་ཉིད་ལ་སེམས་གཏིང་ནས་བཀའ་དྲིན་ཞུ། བོད་ཀྱི་བུད་མེད་དེ་ཡི་ཚབ་བྱས་དེ། བོད་ནང་གི་ཉམ་ཐག་སྐྱེ་འགྲོ་ཡོངས་ཀྱི་ཚབ་བྱས་དེ།

  3. རྨ་ཆུའི་རླབས་སྒྲ་ says:
    2010-04-21 at 11:25 pm

    སྤུན་ཟླ་ལེགས། དངོས་གནས་རྩོམ་གསོན་པོ་ཟེར་འདི་འདྲ་རེད་བཀའ་དྲིན་ཆེ།

  4. ནགས་མེ། says:
    2010-04-21 at 11:26 pm

    ཐུགས་རྗེ་ཆེ། ནགས་ཤོད་རིག་རལ་ལགས། རྩོམ་ཡིག་ཚ་འབོལ་ལེ་བ་ཞིག་འདུག འདིས་ཡུལ་ཤུལ་མི་དམངས་ལ་བཅོས་མིན་གྱི་གདུང་སེམས་མཉམ་སྐྱེ་མཚོན་འདུག སད་མི་ནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme