Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ལམ་ཚོགས་ཟིན་པའི་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཕྱི་མིག་བལྟ་བ།

Posted on 2016-03-112016-03-11 By ཁ་བརྡ 2 Comments on ཉེ་ལམ་ཚོགས་ཟིན་པའི་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཕྱི་མིག་བལྟ་བ།

དཔོན་སྟེང་འཕྲིན་ལས་དོན་གྲུབ།
(རྗ་ཝ་ཧར་ལལ་ ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་སློབ་མ།)

 
བོད་མི་མང་པོ་ཞིག་དང་ལྷག་པར་དུ་ལས་ཀྱི་སྣེ་མོར་བཞུགས་པའི་འགན་འཛིན་ཁ་ཤས་ལ་ཚོགས་ཆེན་དེ་ཐེངས་བཅུ་པ་བར་སླེབས་ཟིན་ན་ཡང་སྙན་ཅོག་ལ་གོ་ཐོས་དང་པོ་ཡིན་གྱི་རེད། དེ་ནི་ང་ཚོས་ད་བར་ ”རང་ངོ་རང་གིས་མ་ཤེས་པ་དང། རང་འགན་རང་གིས་མ་ཁུར་”བར་ཐམས་ཅད་གཞན་ལ་སྐྱབས་ཁོ་ན་བཅོལ་ནས་བསྡད་པའི་ལོ་རྒྱུས་ཀྱི་གོམས་གཤིས་ངན་པ་དེ་དོར་མེད་པས་ལན་པ་རེད།
གང་ཡིན་ཟེར་ན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་ལ་ཁ་ལས་མིག་ཆེ་བ་བལྟ་བ་ལས་བོད་རིགས་མཐོ་རིམ་སློབ་མས་རང་འགན་རང་ཁུར་གྱིས་འཚོགས་བཞིན་པའི་ཚོགས་ཆེན་ལ་མགོ་རུལ་བ་རྣ་བས་མི་ཚོར་བ་ལྟར་དོ་སྣང་མི་བྱེད་པ་གསལ་པོ་རེད། དེ་ཡང་ངས་སྣང་མེད་དུ་བརྗོད་པ་ཞིག་ མ་ཡིན་པར་ཚོགས་ཆེན་གོ་སྒྲིག་གི་སློབ་མ་རྣམས་ལས་ཁུངས་ཁག་ལ་བཅར་སྐབས་དངོས་སུ་བྱུང་བའི་གནས་ཚུལ་གཞི་ལ་བཞག་ནས་བཤད་ཀྱི་ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཐོག་མར་༢༠༠༦ལོར་མཐོ་སློབ་ལ་བསྐྱོད་བཞིན་པའི་སློབ་མ་ཁག་ཅིག་གིས་མ་བསྐུལ་དང་བླངས་ཐོག་བོད་སྤྱི་པའི་རྩ་དོན་ལ་ལས་དོན་སྒྲུབ་ཆེད་གསར་དུ་འགོ་འཛུགས་གནང་བ་ཞིག་ཡིན་འདུག ད་བར་ཚོགས་ཆེན་ཐེངས་དགུ་ཙམ་རྒྱ་གར་ས་གནས་གང་སར་འཚོགས་ཟིན་པ་དང་སྐབས་བཅུ་པ་དེ་ཉེ་ཆར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་འཚོགས་པ་རེད། ཚོགས་ཆེན་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་འདྲ་མིན་ལ་བསྐྱོད་བཞིན་པའི་སློབ་མ་རྣམས་ཀྱིས་”རང་ངོ་རང་ཤེས་དང། རང་འགན་རང་ཁུར་”གྱི་ངོ་བའི་འོག་རང་གི་སློབ་སྦྱོང་བྱེད་ཞོར་གྱི་བར་གསེང་དུས་ ཚོད་བེད་སྤྱད་ནས་ཚོགས་ཆེན་གོ་སྒྲིག་ཞུ་བ་དང་ཚོགས་ཆེན་ལ་བཅར་བ་སོ་སོར་བྱེད་ཀྱི་ཡོད།

ཚོགས་ཆེན་སོ་སོར་ཚོགས་ཆེན་རྗེས་མ་འཚོག་སའི་ས་གནས་གཏན་འཁེལ་བྱེད་པ་དང། ས་གནས་དེ་ག་རང་གིས་ཚོགས་ཆེན་གོ་སྒྲིག་ཞུ་དགོས། ཚོགས་ཆེན་གོ་སྒྲིག་ལ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ནི་དཔལ་འབྱོར་མཁོ་སྒྲུབ་བྱེད་རྒྱུ་དེ་རེད། ཚོགས་ཆེན་སྐབས་བོད་ཀྱི་རྩ་དོན་དང་འབྲེལ་བའི་བརྗོད་གཞི་ཁག་མང་པོ་སྔ་ས་ནས་ས་གནས་སོ་སོར་ཞིབ་འཇུག་བྱེད་རྒྱུར་བརྒྱུད་གཏོང་བྱས་ནས་ཚོགས་ཆེན་སྐབས་ས་གནས་འཐུས་མིས་སོ་སོའི་ས་གནས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་སོགས་ཀྱིས་བགྲོ་གླེང་ལྷུག་པོ་བྱེད་ཀྱི་ཡོད།

ཚོགས་ཆེན་སྐབས་སོ་སོར་བགྲོ་གླེང་གནང་བ་དང་དེ་ནས་གནད་ཡོད་ཀྱི་སློབ་གྲཱའི་སྡེ་ཁག་དང། གྲོས་ཚོགས། གཞུང་འབྲེལ་ལས་ཁུངས་ཁག་ལ་བྱེ་བྲག་ལས་ཁུངས་སོ་སོའི་ཕྱིས་འབྱུང་ལས་དོན་གནང་ཕྱོགས་དང་ཡང་སྒོས་བོད་མི་སྤྱིའི་རྩ་དོན་སྒྲུབ་ཕྱོགས་སྐོར་གྲོས་ཆོད་གཏན་འབེབས་ཀྱིས་འབྲེལ་ཡོད་ཚོགས་སྡེ་དང་ལས་ཁུངས་སོ་སོར་ཕུལ་གྱི་ཡོད། ཚོགས་ཆེན་སྐབས་དགུ་པ་ནས་འཐུས་མི་བདུན་ལས་གྲུབ་པའི་ ”ཞིབ་འཇུག་ཚོགས་ཆུང་”ཞིག་ཟུར་དུ་བཙུགས་ནས་ཕུལ་ཟིན་པའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ལ་ཞིབ་འཇུག་དང་ལས་ཁུངས་བྱེ་བྲག་སོ་སོ་ནས་ལན་འདེབས་བྱེད་བཅུག་པ་སོགས་ཀྱིས་གྲོས་ཆོད་ཀྱི་དམིགས་པ་དོན་འཁྱོལ་བྱེད་ཀྱི་ཡོད་འདུག ཚོགས་ཆེན་སྐབས་སོ་སོར་ཡང་སྤྱི་ཁྱབ་འབྲེལ་མཐུད་པ་གཅིག་དང་ས་གནས་སོ་སོར་ས་གནས་འབྲེལ་མཐུད་པ་ཡང་བསྐོ་བཞག་བྱེད་བཞིན་འདུག

ཕྲན་ནི་ཚོགས་ཆེན་དེར་བཅར་བ་ཐེངས་གཉིས་པ་ཡིན། ཐེངས་དང་པོ་ཚོགས་ཆེན་སྐབས་བཞི་པ་སྟེ་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ནའི་(Chennai) ལ་འཚོགས་པ་དང། ད་ཐེངས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་སྐབས་བཅུ་པའི་ཚོགས་ཆེན་ལ་བཅར་རྒྱུའི་གོ་སྐབས་བྱུང། ཚོགས་ཆེན་དེ་གཉིས་ཀྱི་བར་ལ་ཡར་རྒྱས་དང་གསར་གཏོད་ནི་མི་ཞིག་གི་ཕྱིའི་གཟུགས་པོའི་འཚར་ལོངས་བཞིན་མ་བལྟས་ན་ཡང་མངོན་ཡོང་བ་ཞིག་རེད་འདུག

བདུན་ཕྲག་གཅིག་གི་ཚོགས་ཆེན་དེའི་སྐབས་ང་ཚོས་བགྲོ་གླེང་བྱས་པའི་བརྗོད་གཞི་ཁག་ནི། བཙན་བྱོལ་ནང་དུ་ཡིག་བསྒྱུར་གྱི་ལས་གཞི་གོང་འཕེལ་གཏོང་ཐབས་སྐོར། གཞི་རིམ་སློབ་གྲཱའི་སྒྲིག་འཛུགས་ཀྱིས་སློབ་མའི་ཕྱི་ནང་གི་འཚར་ལོངས་ལ་མཐོར་འདེགས་ཇི་ལྟར་གནང་ཐུབ་ཡོད་སྐོར། མི་རབས་གསར་པ་རྣམས་རྒྱལ་གཅེས་པ་ཞིག་ཏུ་སྐྱེད་སྲིང་བྱེད་པའི་ཐབས་ལམ་དང་ལག་ལེན། ཡུལ་གྱར་ཞིག་གིས་རང་གི་ ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་འཛིན་བྱ་ཐབས་སྐོར། སྐད་ཡིག་གི་གནས་བབ་དང་མི་རིགས་ཀྱི་འགན་འཁྲི་ཅི་ཡོད་སྐོར། ཤེས་ཡོན་སྲིད་བྱུས་གསར་པ་ཡོངས་ཁྱབ་ལག་བསྟར་བྱས་ན་དགེ་སྐྱོན་ཅི་ཡོད་སྐོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་འདང་བའི་སློབ་གསོ་ཅི་ཡོད་སྐོར། བོད་མི་རིགས་ཀྱི་ད་ལྟའི་གནས་བབ་དང་མཐོ་རིམ་སློབ་མའི་འགན་འཁྲི་སོགས་བརྗོད་གཞི་རབ་དང་རིམ་པར་བགྲོ་གླེང་ལྷུག་པོ་དང་གྲོས་ཆོད་ཁག་བཞག་ཡོད་པ་རེད།

ཚོགས་ཆེན་དེར་བཅར་ནས་བོད་རིགས་མཐོ་རིམ་སློབ་མ་འདྲ་མིན་དང་ཕན་ཚུན་བགྲོ་གླེང་སྦྱངས་བཤད་བྱས་པ་བརྒྱུད་བདག་ལ་ཐོབ་པའི་མྱོང་ཚོར་ཁ་ཤས་བྱུང་བ་ལས་ཐེངས་འདིར་བརྗོད་འདོད་པ་ནི་གནད་དོན་གསུམ་ཐོག་ཡིན།

 

དང་པོ། མི་རིགས་ཀྱི་འགན་འཁྲི་དང་ཞེན་ཁོག

ཕྲན་ནི་ཆུང་བྱིས་པའི་དུས་ནས་ཕ་མའི་ཁ་ཏ་བསླབ་བྱའི་འོག་འཚོ་ནས་ད་ཆ་ཆ་ལག་ཡོངས་སུ་རྫོགས་པའི་མི་ཞིག་ཆགས་ཡོད་བསམ། འོན་ཀྱང་ངའི་ཕ་མས་རྟག་ཏུ་ང་ལ་བརྗོད་རྒྱུ་ནི་”ཤ་ཚའི་ཁ་ལ་གཏམ་སྙན་”མེད་ཟེར་བ་དེ་རེད། སྐད་ཆ་དེའི་འོག་ནས་རང་ཉིད་ལ་ནོར་འཁྲུལ་ཡོ་བསྲང་གི་གོ་སྐབས་མང་པོ་ཐོབ་སོང། འོན་ཀྱང་ད་ལྟ་ང་ཚོའི་སྤྱི་ཚོགས་ནི་རང་གཞུང་ངམ་ཚོགས་སྡེ་གང་ཞིག་མར་འགྱེལ་ས་ནས་ཡར་འདྲེན་ཐབས་ཀྱིས་མ་འགྲིག་ས་དེར་སྐྱོན་བརྗོད་བྱས་ན་དེ་དང་དུ་ལེན་མི་ཐུབ་པར་ལམ་སེང་མི་རིགས་ལ་ཞེན་ཁོག་མེད་པ་དང་མི་རིགས་ལ་འགན་མ་འཁུར་མཁན་ཞིག་ཡིན་པའི་བལྟ་ཚུལ་འཛིན་མཁན་ཞིག་ཆགས་ཡོད།
ང་ཚོའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནི་ཐོག་མ་ནས་སངས་རྒྱས་པ་ལྟ་བུ་མ་ཡིན་པར་ནོར་འཁྲུལ་གྱི་ལམ་བུའི་སྟེང་ཡར་རྒྱས་ཀྱི་གོམ་སྒྲ་བསྒྲིགས་ནས་བསྐྱོད་བཞིན་ཡོད་པས་སྐྱོན་སྐྱོན་དུ་བསམ་ནས་ཀུན་སློང་བཟང་པོས་སྙན་ལམ་དུ་འདྲེན་པ་ནི་དོན་དངོས་ཐོག་མི་རིགས་ལ་ཞེན་ཁོག་དང་དེའི་འགན་འཁུར་བ་མཚོན་ཐུབ། ང་ཚོ་ནི་བག་ཆགས་སྟུག་པོས་འདྲ་ཆགས་པོར་སྡོད་རྒྱུར་དགའ་བས་ནམ་ཞིག་མགོ་ལ་མེ་འབར་དུས་ལག་པས་བཀབ་མི་ཐུབ་པ་ཡོང་བ་དེ་ལོ་རྒྱུས་ཀྱིས་དཔང་པོ་བྱེད་ཐུབ། ཕྱི་གསལ་ནང་གསལ་གྱིས་རང་སྐྱོན་རང་གིས་བརྗོད། བསྟོད་ར་ཡོད་ན་གཞན་ལ་བསྟོད་དུ་བཅུག་ཟེར་བ་རང་རེའི་༧མགོན་པོ་གང་གི་གསུང་གི་འདུ་འཛི་ཡིན་པས་མནོ་བསམ་གཏོང་རྒྱུ་ཤིན་ཏུ་གལ་འགངས་ཆེ།

དཔེ་མཚོན་དུ་བརྗོད་ན་རང་ཉིད་སློབ་སྦྱོང་བྱེད་ས་རྗ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲཱ་ཆེན་མོ་དང་གཞུང་དབར་ད་ལྟ་འཕྲད་བཞིན་པའི་གནད་དོན་ཡང་དེ་ལྟ་བུ་རེད། གཞུང་འཛིན་གཡས་ལྷུང་གི་ཆབ་སྲིད་ཚོགས་པ་དང་སློབ་ཕྲུག་གཡོན་ལྷུང་གི་ཆབ་སྲིད་ཚོགས་པའི་དབར་རྒྱལ་ཞེན་ཞེས་པར་འགྲེལ་བརྗོད་དང་བལྟ་ཚུལ་མི་འདྲ་བ་འཛིན་ཡོད། གཞུང་འཛིན་གཡས་ལྷུང་ཆབ་སྲིད་ཚོགས་པས་གཞུང་ལ་སྐྱོན་བརྗོད་བྱས་པ་ནི་རང་གི་དགྲ་བོར་འཛིན་པའི་རྒྱལ་ཁབ་གཞན་ལ་རྒྱལ་ཞེན་བྱས་པ་དང་གཉིས་སུ་མ་མཆིས་པས་རང་གི་རྒྱལ་ཁབ་ལ་རྒྱལ་འགལ་བྱེད་མཁན་དུ་ངོས་འཛིན་ནས་བཙོན་འཇུག་བྱེད་ཀྱི་ཡོད།
འོན་ཀྱང་། སློབ་ཕྲུག་གཡོན་ལྷུང་ཆབ་སྲིད་ཚོགས་པས་གཞུང་གིས་གྲང་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་དང་། སྣང་མེད་ཀྱི་སྲིད་བྱུས་འོག་མི་སེར་དབུལ་པོའི་དཀའ་སྡུག མ་ཟད་གཞུང་གིས་ཤེས་ཡོན་སྡེ་ཁག་ལ་འཛིན་པའི་སྨྲ་བརྗོད་རང་དབང་ལ་དོ་དམ་སྲིད་བྱུས་སོགས་ནི་གཞུང་གི་སྐྱོན་ཡིན་པས་དེ་ལ་ཡོ་བསྲང་གི་འབོད་སྒྲ་སྒྲོག་རྒྱུ་ནི་ཤེས་ཡོན་པའི་འགན་འཁྲི་ཡིན་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་ལ་བཞག་པའི་རྒྱལ་ཞེན་ཡང་ཡིན་པར་ངོས་འཛིན་གྱིས་ལས་འགུལ་སྤེལ་གྱི་ཡོད་པ་རེད། དེ་ལྟ་བུའི་གནད་དོན་ནི་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་ཆེ་ཆུང་ལ་མ་ལྟོས་པར་མཐོང་ཆོས་སུ་ཡོད་པ་ཤེས་གསལ་རེད།

 

གཉིས་པ། མཁྲེགས་བཟུང་གི་བསམ་བློའི་བར་ཐག་དང་གྱོང་གུན།

ང་ཚོའི་སྤྱི་ཚོགས་ཆུང་རུང་བསམ་བློའི་བར་ཐག་རིང། ཕྱོགས་གཅིག་ནས་དེ་ནི་ཧ་ལས་ཧང་སང་དགོས་པའི་གནད་དོན་ཞིག་མ་རེད། གང་ཡིན་ཟེར་ན། བསམ་བློའི་སློབ་གསོ་ཡར་རྒྱས་འགྲོ་བར་བར་ཐག་ཡོད་པའི་བསམ་བློ་སྣ་ཚོགས་ཡོད་དགོས་ངེས་རེད། འོ་ན། ཧང་སང་དགོས་པ་དེ་གང་རེད་ཟེར་ན། དེ་ནི་ཕན་ཚུན་མཐུད་ཐབས་མེད་པའི་བསམ་བློའི་བར་ཐག་དང་དེ་བཞིན་གཅིག་འོག་གཅིག་ཕམ་དགོས་པའི་བསམ་བློའི་བར་ཐག་དེ་རེད། བར་ཐག་ཡོད་པ་ཙམ་མ་ཟད་མཐའ་མ་བཟོད་མི་ཐུབ་པར་ཉེས་མེད་ལ་ཉེས་ལེན་ཐོག་སྤྱི་ཚོགས་ཀྱི་མཐའ་རུ་ཕུད་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད། དེའི་ཉེར་ལེན་གྱིས་ང་ཚོའི་སྤྱི་ ཚོགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་སྔོན་ཐོན་གྱི་བསམ་བློ་ཡོད་པའི་ཤེས་ཡོན་ཅན་མང་པོ་བེད་སྤྱོད་བཏང་ཐུབ་མེད་ལ་མཐའ་མ་ང་ཚོའི་སྤྱི་ཚོགས་དང་གཏན་དུ་བྲལ་དགོས་པ་ཡང་བྱུང་ཡོད།

འུ་ཅག་གི་སྤྱི་ཚོགས་ཆུང་ཞིང་མི་འབོར་ཉུང་རུང་བར་ཐག་རིང་བའི་བསམ་བློ་མང། དཔེར་ན། ནུབ་ཕྱོགས་པའི་ཤེས་ཡོན་ཅན་དང་མི་དམངས་དབར། གནའ་དེང་གི་ཤེས་ཡོན་ཅན་དབར། རིག་གནས་མཁས་པ་དང་ཆོས་ལུགས་ཀྱི་ལྟ་གྲུབ་ཅན་དབར། ཤེས་ཡོན་ཅན་དང་མཐོ་རིམ་མི་སྣའི་དབར། ནང་ཆོས་སློབ་གཉེར་མཁན་དང་མཐོ་རིམ་སློབ་མའི་དབར། སྲོལ་རྒྱུན་རིག་གནས་སློབ་གཉེར་བ་དང་དེང་རབས་ཤེས་གསར་སློབ་གཉེར་བའི་དབར་སོགས་རེད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ལྟ་བུ་ནི་དེ་ལྟ་བུའི་བསམ་བློའི་བར་ཐག་ལས་གྲོལ་ཏེ་རང་རེའི་ཐུན་མོང་གི་གཞི་རྟེན་འཚོལ་སའི་ལྡིང་ཆ་མེད་དུ་མི་རུང་བ་ཞིག་རེད་འདུག་པས་ང་ཚོ་བོད་པ་ཚང་ལ་ཤིན་ཏུ་ནས་དགོས་མཁོ་ཅན་ཞིག་རེད་འདུག

གང་ཡིན་ཟེར་ན། ཚོགས་ཆེན་གྱི་ཚོགས་མིའི་གྲུབ་ཆ་ནི་ཕྱི་རྒྱལ་དང་རྒྱ་གར་གྱི་མཐོ་སློབ་འདྲ་མིན་གྱི་སློབ་མ། གདན་ས་ཁག་གི་སློབ་གཉེར་བ། དེ་བཞིན་བོད་ཀྱི་རིག་གནས་སྦྱོང་སའི་མཐོ་སློབ་ཁག་གི་སློབ་མ་བཅས་ཤེས་ཡོན་གྱི་ལྟེ་གནས་འདྲ་མིན་ནས་འཛོམས་ཡོད། འདས་པའི་ཚོགས་ཆེན་གྱི་ཉིན་དེ་དག་རིང་ང་ཚོས་གོ་བསྡུར་སྦྱངས་བཤད་ལྷུག་པོས་ཐུན་མོང་གི་ནུས་པ་སྤེལ་བར་འབད་ཡོད་པས་ཕྲན་ལ་མཚོན་ན་ཤིན་ཏུ་ནས་ཕན་ཐོགས་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་བྱུང་སོང། མ་འོངས་པར་ཚོགས་ཆེན་འདི་ལྟ་བུར་བོད་མི་ཡོད་དོ་ཅོག་ནས་ཐུགས་སྣང་དང་གཙིགས་ཆེན་དུ་བརྩི་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང།

 

གསུམ་པ། ཁ་འཐོར་ནས་དབྱེ་འབྱེད།

འུ་ཅག་བོད་པ་ཚང་ལ་མི་འབོར་ཉུང་བས་ཕྱིས་འབྱུང་འཐབ་བརྩོད་དང་ཡང་ན་མི་རིགས་གསོན་གནས་ལ་དཀའ་གནད་ཀྱི་དྲི་རྟགས་བཀོད་མཁན་ནི་ཤིན་ཏུ་མང། མི་འབོར་ཉུང་བ་དེ་ཡང་ཐོག་མར་རྒྱ་གར་དུ་བོད་མི་མང་པོ་བྱེས་སུ་འབྱོར་བ་དང། ཡང་ཚ་ཚ་འུར་འུར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་གནས་སྤོ་བྱེད་བཞིན་ཡོད་པས། ང་ཚོ་ནི་ཁ་འཐོར་ནས་ཁ་འཐོར་དུ་འགྲོ་བཞིན་ཡོད། འོན་ཀྱང་དེ་ལས་དཀའ་ངལ་ཆེ་བ་ཞིག་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་མཐོང་བཞིན་པ་ནི་དབྱེ་འབྱེད་བྱེད་བཞིན་པ་དེ་རེད། དབྱེ་འབྱེད་དེ་ནི་བོད་པ་གཙང་མ་(Pure Tibetan) དང་བོད་པ་མ་ཡིན་པ་གཉིས་ཀྱི་དབར་རེད།
དེ་ཡང་གནད་ དོན་གཉིས་ཀྱི་ཐོག་ནས་ཡོང་གི་ཡོད། གཅིག་ནི་མི་རིགས་འདྲེས་པའམ་མི་རིགས་གཉིས་ཟུང་འབྲེལ་གྱི་ཕྲུ་གུ་ལ་འཕྲད་པ་དང། གཞན་དེ་ཕ་མ་བོད་པ་ཡིན་རུང་ཕྲུ་གུས་བོད་སྐད་རྒྱག་མི་ཤེས་པར་འཕྲད་ཀྱི་ཡོད། དཔེར་ན། ཁྱེད་རང་གིས་བོད་སྐད་བཤད་མི་ཤེས་པས་བོད་པ་ཡིན་པ་ཁུངས་སྐྱེལ་གང་འདྲ་བྱེད་ཐུབ་བམ་ལྟ་བུའི་དྲི་རྟགས་དེ་རེད། དེ་ནི་ཕྱོགས་གཅིག་ནས་མི་འབོར་ཉུང་བའི་སྨྲེ་ངག་འདོན་པ་དང་ཡང་ཕྱོགས་གཞན་ཞིག་ནས་ཡང་བསྐྱར་བོད་པའི་མི་འབོར་ཉུང་དུ་གཏོང་བ་དང་གཅིག་མཚུངས་ཆགས་ཡོད།

དྲི་རྟགས་ཆེན་པོ་འདིའི་འོག་གོང་གི་གནས་སྟངས་དེ་གཉིས་ནང་ལྷུང་པའི་བོད་མི་མང་པོ་རང་བཞིན་གྱིས་བོད་པའི་སྤྱི་ཚོགས་ནས་ཁ་གྱེས་འགྲོ་ཡི་ཡོད། ཡིན་ན་ཡང། དེ་ལྟ་བུའི་བོད་མི་མང་པོས་ཁ་ཞེ་གཉིས་མེད་ཐོག་བོད་སྤྱི་པའི་རྩ་དོན་ལ་ལས་དོན་རྒྱ་ཆེན་པོ་སྒྲུབ་བཞིན་ཡོད་པ་ང་ཚོས་མཐོང་ཆོས་སུ་གྱུར་ཡོད། དེ་ལྟར་དབྱེ་མཚམས་ཕྱེ་ན་སྐབས་དེའི་སློབ་མ་དེས་བརྗོད་པ་ལྟར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡོད་པའི་བོད་མི་རྒྱ་ཆ་སུམ་ཅུ་ཙམ་བོད་རིགས་མ་ཡིན་པར་གྱུར་འགྲོ་བ་བདེན་པར་སྣང། དེར་བརྟེན་གལ་ཆེ་གལ་ཆུང་ངོས་འཛིན་ཤེས་པ་དང་ཐབས་ལམ་འདྲ་མིན་ཤེས་པའི་ཐོག་ཕྱོགས་ཡོངས་ནས་ནུས་པ་གཅིག་སྒྲིལ་བཟོ་ཐུབ་ན་དགེ་མཚན་ཆེ། སྐབས་འདིའི་ཚོགས་ཆེན་ལ་གནད་དོན་འདིའི་ཐོག་ངེས་པ་བརྟན་པོ་ཞིག་རྙེད་པའི་ཚོར་སྣང་བྱུང།

མཐའ་དོན་གསར་དུ་འདེམས་ཐོན་བྱུང་བའི་”ཞིབ་འཇུག་ཚོགས་ཆུང་”གི་ཚོགས་མི་རྣམ་པ་དང་སྤྱི་ཁྱབ་དང་དེ་བཞིན་ས་གནས་འབྲེལ་མཐུད་པ་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། ལྷག་པར་དུ་སྐབས་འདིའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་གནང་མཁན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་ཚོགས་ཆུང་གིས་ལོ་གཅིག་གི་རིང་ངལ་བ་ཁྱད་དུ་བསད་ནས་འཐུས་སྒོ་ཚང་བའི་ཚོགས་ཆེན་དེ་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་རྗེས་སུ་ཡི་རང་ཞུ། ཕྱིས་འབྱུང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་གོང་ནས་གོང་དུ་འཕེལ་བ་དང། བོད་མི་ཡོད་དོ་ཅོག་ ནས་ཐུགས་སྣང་ཇེ་ཆེའི་ངང་བོད་སྤྱི་པའི་རྩ་དོན་ལ་ཞབས་འདེགས་ཞུ་མཁན་བླ་མེད་ཞིག་ཏུ་གྱུར་བའི་སྨོན་འདུན་དང་རེ་བ་ཆེ།

དཔྱད་རྩོམ།

Post navigation

Previous Post: སྲིད་སྐྱོང་མ་གཏོགས་སྤྱི་འཐུས་ལ་འོས་ལྡུག་མི་ཆོག་ཟེར།
Next Post: བཀའ་སྤྱིའི་ཤགས་འགྱེད།

Comments (2) on “ཉེ་ལམ་ཚོགས་ཟིན་པའི་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཕྱི་མིག་བལྟ་བ།”

  1. BONPO says:
    2016-03-11 at 9:57 pm

    བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་ཁྱབ་བསྒྲགས་སྤེལ་བ་འདི་ལྟར། །
    ཕ་མའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་བོད་ཡིག་སློབ་སྦྱོང་དྲ་ཚིགས་དབུ་འབྱེད་གནང་བ།
    ༼དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་ནས་ཕ་མའི་དུས་ཆེན་དང་སྟབས་བསྟུན་རང་རིགས་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་དྲ་ཚིགས་href=”http://www.bodyiglobjong.com”>www.bodyiglobjong.com ཞེས་པ་དབུ་འབྱེད་གནང་བ་དང་འབྲེལ།༽ ཞེས་རིམ་པས་བཀོད་འདུག །
    སྤྱིར་སྟངས་དྲྭ་ཚིགས་འདི་ལྟ་བུ་དབུ་འབྱེད་གནང་བར་དགོས་པ་ཁྱད་པར་ཅན་ལོས་ཡོད། འོན་ཀྱང་སྔོན་ནས་ད་བར་ཆོས་ལུགས་ཅིག་ལ་དམིགས་ཀྱིས་བཀར་ནས་དམའ་འབེབ་དང་མཐོང་ཆུང་བརྩིས་མེད་རྡོག་རོལ་དུ་གཏོང་རྐྱང་བྱེད་པའི་ལུགས་ངན་དེ་ལ། དགོངས་པ་ཟབ་ནན་ཀྱིས་དེ་ལྟར་མི་འབྱུང་བའི་ཡ་རབ་བཟང་སྤྱོད་ཀྱི་ཁ་ཕྱོགས་སུ། དུས་རབས་ཉེར་གཅིག་པའི་རྒྱ་ཆེའི་བོད་འབངས་ཡོད་དོ་ལྕོགས་མཐུན་འབྲེལ་མཉམ་གནས་ཀྱི་བདེ་སྐྱིད་ལ་འགན་ཡོད་ཚོས་དགོངས་པ་རླབས་ཆེན་བཞེས་དགོས་པར་སེམས། །

    གོང་གི་དྲྭ་ཚིགས་དེར་་་Tsanpo Vidoe་་་ཟེར་བ་ཞིག་དང་འབྲེལ་ནས་དེར་་་བོད་ཀྱི་བཙན་པོའི་རྒྱལ་རབས་མུ་འབྲེལ་དེབ་ཕྲེང་་་ཟེར་བ་ཞིག་རི་མོ་འདྲ་མིན་གང་བྱུང་དང་དག་སྐྱོན་སྣ་མང་གི་ལམ་ནས་སྡེ་ཚན་བདུན་དུ་ཕྱེས་ཏེ་གློག་བརྙན་དུ་ཕབས་ནས་བརྙན་ཐུང་བཟོས་པ་ཞིག་འདུག སྡེ་ཚན་དང་པོ་གཉའ་ཁྲི་བཙན་པོའི་སྐོར་ནས་བལྟས་པ་ཡིན་ན། བོད་སྐད་ཁྱད་མཚར་པོ་ཞིག་གིས་བོན་པོ་མཐུ་ཆེན་ཅིག་ཅིག་མག་མག་ཟེར་ནས་དེ་སྐབས་ཀྱི་བོད་ཀྱི་བོན་པོ་ཚོ་ལ་དམའ་འབེབ་དང་མཐོང་ཆུང་ཞེ་བོ་བྱས་བཞག རང་བཟོ་དེ་རྣམས་དངོས་བདེན་ཡིན་དང་མིན་གྱི་སྐོར་ནས་ད་ལྟ་དངོས་སུ་བཞུགས་པའི་བོད་ཀྱི་བོན་པོའི་ཕྱི་ནང་གི་མཁས་དབང་ཚོ་དང་ལྷན་དུ་ཁྱེད་ཚོས་ཉིན་མ་གཅིག་ལ་ཞིབ་འཇུག་བྱས་ཡོད་དམ། ཡང་ན་རང་སྣང་གང་དྲན་གྱིས་དཔེ་འཆལ་ཞིག་གི་ནང་དུ་འདི་འདྲ་བྲིས་འདུག དེ་ལྟར་ང་ཚོས་ཕོ་ཤེད་ཀྱིས་ཚོད་ཚོད་ལ་བྲིས་བཞག་པ་ཡིན་ཟེར་ན། དབུས་བོད་མིས་བྱེད་སྟངས་དེ་འདྲ་རེད་བས། བོད་རང་གི་གདོད་མིའི་ཆོས་ལུགས་ཀྱི་སྐོར་ལ་ཉག་ཉོག་འབར་འབུར་ལུང་པ་གང་བྲིས་ནས། བོད་ཀྱི་གཞོན་སྐྱེས་བློ་གསར་བྱིས་པའི་ཚོགས་ལ་ལོག་པའི་ལམ་སྟོན་བྱེད་པ་དང་བསམ་ཚུལ་ཁྱད་མཚར་པོ་བཟོ་བ་ནི་སྡིག་ལས་དེ་ལས་ཚབས་ཆེ་ཞིག་གང་ན་ཡོད། བོད་མི་རིགས་ཀྱི་སེམས་པ་འདི་ཆུང་བྱིས་པའི་དུས་ནས་ག་ཚད་ཀྱིས་དྭངས་ཤིང་གཙང་བར་གནས་ཐུབ་ན་དེ་བས་ཡག་བ་དང་ལེགས་པ་ཞིག་མེད། ཀུན་ལ་མཁོ་བའི་རིན་ཆེན་གྱི་ནོར་བུ་ཟེར་དེ་དེ་ཡིན། གཞན་ཕན་ཚུན་གཅིག་གིས་གཅིག་ལ་ཀླད་པ་རྙིང་པའི་བསམ་ཚུལ་རྐྱང་རྐྱང་བཟོ་རྒྱུ་འདི་ཡག་པོ་ཞིག་རྩ་བ་ཉིད་ནས་མ་རེད་དོ། ཕན་ལས་གནོད་ཆེ། ད་དུང་རང་རིགས་གཞོན་སྐྱེས་རྣམས་ལ་་་ལེགས་སྐྱེས་་་ཀྱི་ཚུལ་དུ་ཡིན་ཟེར་ནས་གསུངས་འདུག་བ། དེ་འདྲའི་ལེགས་སྐྱེས་དེ་བོད་ཀྱི་བོན་པོའི་གཞོན་སྐྱེས་ཚོས་ཇི་ལྟར་ལེན་དགོས་པ་ཡིན་ནམ། ཡང་མིན་ན་ཁོང་ཚོ་བརྩིས་མེད་རྡོག་རོལ་དུ་གཏོང་རྐྱང་ཡིན། འདི་ལྟར་མི་གནང་བའི་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས་གནོངས་ཅེས་བོད་མི་བུ་བློ་ཆུང་ཁོང་དགེ་ཞིག་གི་ཞུ་བ་ཡིན་ནོ། ། ཐུགས་རྗེས་གཟིགས་པར་འཚལ། ངས་ཀྱང་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་ཏོག་ཙམ་བྱས་མྱོང་། ཡིན་ནའང་རྣམ་པས་ཚོས་བཟོས་པའི་བརྙན་ཐུང་དེ་ཚོ་ནི་སེམས་ཤུགས་མར་གཅོག་བྱེད་འདྲ་པོ་མི་འདུག་གམ། །

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-11 at 11:48 pm

    ་་་་་་་་་་་་སློབ་མ་རྣམས་ཀྱིས་”རང་ངོ་རང་ཤེས་དང། རང་འགན་རང་ཁུར་”གྱི་ངོ་བའི་འོག་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme