Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་འགུལ་ཤུལ་ན་མི་སེམས་ཀྱི་བརྩེ་བ་འགུལ་གྱིན་ཡོད།

Posted on 2010-04-202010-04-20 By ཁ་བརྡ་ 2 Comments on ས་འགུལ་ཤུལ་ན་མི་སེམས་ཀྱི་བརྩེ་བ་འགུལ་གྱིན་ཡོད།

(མཆོད་མཆོད་བཀུར་བཀུར་གྱིས་གཟུགས་མེད་ཀྱི་ཚོགས་སྐྱབས་སུ་རེ་བ་ལས། གཟུགས་ཅན་མིའི་རིགས་ཀྱི་མཐུན་སྒྲིལ་དང་བརྩེ་བ་མགོན་དང་དཔུང་དུ་བཟུང་ན་བདེ་སྐྱིད་ཀྱི་རྒྱལ་ཁ་ལོན་ངེས། )

་་་་་་་ཁ་བྱང་གི་གསང་འགྲེལ།

འགར་ཚེ་རྒྱལ།

མཆོད་མཆོད་བཀུར་བཀུར་གྱི་ཁྱོད་ཚོ་རེ་རྒྱུ་མི་འདུག

མགོ་ནག་སྐྱིད་སྡུག་གནམ་གྱི་ལག། གོ་ཁ་དྲོན་མོ་རང་གི་ལག། མི་རབས་ནས་མི་རབས་ལ་སྒང་སྟོད་ཀྱི་རི་ལུང་དེ་ན་འཚོ་གཞིས་ཀྱི་འུ་ཚང་གི་མེས་པོ་གོང་མ་ཚོ་ཅི་ལ་མི་འཇིགས་ཀྱང་གནམ་ས་གཉིས་ལ་འཇིགས་ནས་སྐྱབས་སུ་རེ་བའི་སྡོམ་ཚིག་དེ་ལྟར་བཞག་མྱོང༌།

རྒན་པོ་ཚོས་ཟེར་ན། གནམ་ས་གཉིས་ཀའི་ངོ་སོ་བསྟོད་དགོས་ཟེར༌། སྒང་བ་འུ་ཚང་གི་མི་ཚོས་ཞིམ་པོའི་ཟས་ཀྱི་ཕུད་ཅིག་ཡོད་ན་སྐྱོགས་ལ་བཏེགས་ནས་གནམ་ལ་མཆོད། རིན་ཆེན་དངོས་ཀྱི་རྒྱུ་ཞིག་ཡོད་ན་སྒྲོམ་དུ་བཅུག་ནས་ས་ལ་ཕུལ། ཅི་ཞིག་གིས་ཉེས་སོང༌། གནམ་རྒན་མས་མིག་ཟུང་བཙུམ་ནས་ས་གཞི་ལ་བཀའ་ཆད་ཕོག་སྟེ། རི་ལུང་ཀུན་ཡོམ་དུ་བཅུག་ནས་ངའི་སྙིང་རྗེ་བའི་མི་ཚོགས་ཀྱི་ཚེ་སྲོག་འཕྲོག་ཏུ་བཅུག་སོང༌། སྐྱིད་ལ་སྤྲོ་བའི་ཁྱིམ་གཞི་མོད་པོ་བརྡིབ་ཏུ་བཅུག་སོང༌། སྒང་སྟོད་ཚང་གི་སྙིང་རྗེ་མེད་པའི་གནམ་རྒན་མས་སོ་སོའི་ངོ་གདོང་ལ་ཐལ་བ་བྱུགས་ནས་མི་ཚོགས་ཀྱི་ཆག་འཇིག་དང༌། འོ་དོད། མྱ་ངན་བཅས་ལ་ལྟད་མོ་བལྟ་བཞིན་མཚམས་མཚམས་ལ་ཀུ་རེ་རྩེད་ཀྱིན་འདུག

བླ་མ་ཚོས་ཟེར་ན། དཀོན་མཆོག་གསུམ་པོའི་ངོ་སོ་མཆོད་དགོས་ཟེར། སྒང་བ་ཚང་གི་ཕོ་མོ་ཚོས་གཙང་མའི་ཟས་ཤིག་ཡོད་ན་མཐོ་ལ་བཏེགས་ནས་དཀོན་མཆོག་གསུམ་ལ་མཆོད། ཅི་ཞིག་གིས་འཐོམ་སོང༌། དཀོན་མཆོག་གསུམ་གྱིས་མིག་ཟུང་བཀབ་ནས་ཉམ་ཆུང་གི་ཚེ་སྲོག་མོད་པོ་གནམ་ས་གཉིས་ཀྱི་མཆེ་བར་ནས་སྐྱོབ་ཏུ་མ་སོང་པར་ཤི་རུ་བཅུག་སོང༌། སྡུག་ཏུ་བཅུག་སོང༌། གཏོར་དུ་བཅུག་སོང༌། བོད་པ་ཚང་གི་རེ་དུ་མེད་པའི་དཀོན་མཆོག་གསུམ་པོས་སོ་སོའི་ཁ་ལ་མར་ཁུ་བྱུགས་བཞིན་སྤུན་ཟླ་ཚོའི་དངས་སྐྲག་དང༌། འཇིགས་སྣང༌། རེ་ལྟོས་ལ་རྣ་བ་མ་གཡེང་བར་སྟོབས་ཆེན་ཀྱི་མི་རིགས་གཞན་ཞིག་གི་མགྲོན་དུ་ཆས་སོང་བ་ཡིན་ནམ།

ཡུལ་མི་ཚོས་ཟེར་ན། ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་ངོ་སོ་སྲུང་དགོས་ཟེར། བོད་པ་ཚང་གི་རྒན་གཞོན་ཚང་མས་དཀར་དམར་ཟས་ཀྱི་ཕུད་སྣ་མེ་རུ་སྒྲོན་ཞིང་རླུང་ལ་སྤུར་ནས་སྲུང་མར་མཆོད། ཅི་ཞིག་གིས་བཀག་སོང༌། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་ཚོ་བོས་ན་ཨ་ལན་མེད། བཅོལ་ན་ཡ་ལན་མེད་པར་སྒང་བ་ཚང་གི་སྤུན་ཟླ་མོད་པོ་མི་ཤི་ཁྱིམ་སྟོང་དུ་གྱུར་པར་མགོན་དཔུང་མ་མཛད་པར་གསོད་དུ་བཅུག་སོང༌། འཐོར་དུ་བཅུག་སོང༌། བོད་པ་ཚང་གི་ལྟོ་ལྷག་ཏུ་གྱུར་པའི་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་སོ་སོའི་བྲོ་ཁུག་ལྟོ་བར་བཏགས་ནས་ཡུལ་ཁམས་གཞན་ཞིག་ལ་སྤྲང་དུ་བུད་སོང་བ་ཡིན་ནམ།

མི་སེམས་ཀྱི་བརྩེ་བ་སྐྱབས་དང་དཔུང་གཉེན་ཡིན།

ཡུལ་ཤུལ་གྱི་སྤུན་ཟླ་ཚོ། ཡོད་ཚད་མཆོད་མཆོད་བཀུར་བཀུར་གྱིས་གནམ་ལ་རེ་ནས་གནམ་གྱིས་མ་སྲུང༌། ལྷ་ལ་བཅོལ་ནས་ལྷ་ཡིས་མ་སྐྱབས་རུང་མིའི་རིགས་ཀྱི་བརྩེ་སེམས་དང༌། སྙིང་རྗེ། ལ་རྒྱ། མཐུན་སྒྲིལ། སྟོབས་ཤུགས་ནི་ཁྱོད་ཚོའི་མགོན་དཔུང་རེད། མིའི་རིགས་ཀྱི་ངོ་སོ་ལྷ་རུ་བཀུར་སྲོལ་མེད་ཀྱང༌། མི་སེམས་ཀྱི་མཛའ་བརྩེ་ལྷ་ལས་ངོ་མཚར་ཆེ་ཞིང་སྟོབས་ནུས་ཡོད།

ཤི་བོ་ཚོ། ཁྱོད་ཚོ་བདེ་བར་གཟིམ་ཆོག

ཁྱོད་ཚོས་མཛུབ་མོ་ནང་བཀུག་གིས་སང་ཉིན་ལ་དམིགས་གཟས་ཀྱིས་འཇིག་རྟེན་གྱི་རྨི་ལམ་རྨིས་མ་ཚོར་གོང༌། ས་ཆེན་པོར་སྙིང་རྗེ་མེད་པར་ཀུ་རེ་རྩེད་བཞིན་ཁྱོད་ཚོ་འཇིག་རྟེན་གཞན་ཞིག་ལ་བཙན་གྱིས་བརྫངས་སོང༌། ཁྱོད་ཚོས་མ་འོངས་པའི་རེ་བཞག་རྗེས་ལ་བསྐྱུར་ནས་མཇུག་མ་རྫོགས། འཆར་སྣང་གི་ཉི་གཞོན་མདུན་ལ་བསུས་ནས་འོད་མ་འཕྲོས་གོང་ས་ཆེན་པོ་སྟོབས་ཀྱིས་འཕག་ནས་ཁྱོད་ཚོ་ཁྱུར་མིད་བཏང་སོང༌། འདས་ཟིན་པའི་སྤུན་ཟླ་ཚོ། སྐྱུ་གཡའ་བའི་མི་ཡུལ་འདིར་ཕྱིར་མིག་མེད་པར་ཁྱོད་ཚོ་བདེ་བར་གཟིམ་ཆོག སོང་ཟིན་པའི་ཁྱོད་ཚོའི་རྒྱབ་ལྗོངས་ན་མི་སེམས་ཀྱི་བརྩེ་བ་འོད་དུ་འཚེར་ནས། མྱ་ངན་དང་གདུང་སེམས་ཀྱིས་སྦར་བའི་མར་མེ་ཁྲི་སྟོང་གིས་ས་གཞི་འདིའི་ལྟོ་བ་ལྡབ་ཀྱིས་བཀང་སྟེ། ཁྱོད་ཚོའི་བགྲོད་ལམ་ལ་བཞུད་ཆོག་ཆོག་གི་འོད་སྣང་དཀར་པོ་རྟག་ཏུ་སྤྲོ་བཞིན། ཤུལ་དུ་ལྷག་ཟིན་པའི་ཁྱོད་ཚོའི་ནང་མི་དག་བརྩེ་བའི་ལག་ཟུང་གིས་སྐྱོང་བཞིན་ཁོ་ཚོ་དང་ལྷན་དུ་མཆིས།

གསོན་པོ་ཚོ། ཁྱོད་ཚོ་སེམས་མ་སྡུག བློ་མ་ཕམ།

ཕ་མེས་ཡང་མེས་ཀྱི་རིང་ནས་འདུར་འདུར་འབད་འབད་ཀྱིས་དྲོད་ཁོལ་བསྐྱིལ་བའི་ཁྱིམ་གཞི་དེ་བཟང་རུང་ངན་རུང་ཁྱོད་ཚོ་མི་རུ་སྐྱེས་ཏེ་ཚེ་སྲོག་གི་མེ་ཏོག་འབུས་ས་རེད་ལ། ཁྱོད་ཚོས་ཆུང་བྱིས་དུས་ནས་དྲིན་ཕ་མ་ལ་འཁང་ར་དང་ནང་ཕུ་ནུ་ཚོར་ཁ་རྩོད་རྒྱག་ས་སྟེ་སྐྱེ་བ་འདིའི་གནས་མལ་དྲོན་པོ་རེད། གློ་བུར་དུ་ས་ཆེན་པོས་འཕག་འཚག་བརྒྱབ་ནས་ཁྱོད་ཚོ་ལ་དབང་བའི་ཡོད་ཚད་ཐལ་བར་བཏང་ཤུལ་གྱི་བྱེ་རྡུལ་རླུང་གིས་འཁུར་དུས། ཁྱོད་ཚོའི་སེམས་ལོས་སྡུག ཁྱོད་ཚོ་ངུ་ལོས་ཤོར། འདྲིས་འདྲིས་ཀྱི་འདང་བརྩེ་ཟབ་མོ་དེ་དམར་པོ་མེ་ཡིས་བསྲེག་མི་ཐུབ་ལ། དུང་དུང་གི་ཞེན་ཆགས་མཐུག་པོ་དེ་གཙང་པོའི་ཆུ་ཡིས་དག་མི་ཐུབ། ཡིན་ཡང༌། ཁྱོད་ཚོ་སེམས་མ་སྡུག བློ་མ་ཕམ། མགོ་བོ་བཀྱག་ནས་རི་ལུང་འདིའི་ཁོངས་གསེང་ན་བརྩེ་སེམས་ཀྱིས་འགུལ་བའི་མི་ཚོགས་ལ་ཅེར་གྱིས་ལྟོས་དང༌། ས་སྒང་འདིའི་སྒལ་གཞུང་ན་ལྷག་བསམ་གྱིས་འགྲེང་བའི་སྤུན་ཟླ་ཚོས་ལག་རྡང་སྦྲེལ་ནས་ཁྱོད་ཚོ་ནི་ཁོ་ཚོའི་སྙིང་རྗེ་བའི་མི་དང་སྐྱོབ་དགོས་པའི་རིགས་མཐུན་གྱི་སྤུན་ཟླ་ཡིན་ཟེར་བཞིན། གཏོང་ཕོད་ཀྱི་ལག་ཟུང་རིང་དུ་བསྲིངས་མཛའ་བརྩེ་ཡི་དར་ཆ་དགུང་ལ་འཕྱར་ནས་ཁྱོད་ཚོའི་ཕྱོགས་ལ་གཙང་པོའི་ཆུ་བཞུར་བཞུར་དང་དམར་པོའི་མེ་འབར་འབར་གྱིས་སླེབས་འོང་གིན་འདུག ཁྱོད་ཚོ་སེམས་མ་སྡུག བློ་མ་ཕམ། སྤུན་ཟླ་ཚོས་ཁྱོད་ཚོ་ལ་མ་འོངས་པར་བདེ་སྐྱིད་ཀྱི་འོད་སྟོང་གསར་པ་ཞིག་བསྐྲུན་པའི་དམ་བཅའ་རྡོ་ལ་བརྐོས་ཤིང༌། ལག་པ་ལག་པར་བཞག་ནས་སྟོབས་ཀྱིས་འགུལ་གྱིན་པར་ཡིད་ཆེས་བྱས་ཆོག ཁྱོད་ཚོ་འགྱེལ་ས་ནས་ཉམ་མི་དམའ་བར་ཤུགས་ཀྱིས་ཡར་ལངས་ཏེ། ཁྱོད་ཚོའི་མཐའ་འཁོར་ན་རྒྱབ་རི་ལྟར་འགྲེང་བའི་སྤུན་ཟླ་ཚོའི་མཛའ་བརྩེའི་ལག་ཟུང་ལ་དམ་པོར་འཇུས་ནས་སང་ཉིན་གྱི་ལམ་ལ་ཆས་ཏེ་སྤོབས་པས་བསྐྱོད་ཅིག

སྤུན་ཟླ་ཚོ། ལག་ཟུང་གི་སྦར་ཁ་ཆེ་རུ་ཕྱེ་རོགས།

རིགས་མཐུན་གྱི་སྤུན་ཟླ་ཚོ། སྙིང་རྗེ་དང་བརྩེ་སེམས་ཀྱི་འོད་སྣང་ལུས་ལ་བགོས་པའི་ཁྱོད་ཚོ་མ་གཞི་ནས་མི་རུ་སྐྱེས་ཀྱང༌། མི་ཡུལ་ལ་དུས་རྟག་ཏུ་བདེ་སྐྱིད་ཀྱི་དྲོད་ཁོལ་སྦྱིན་མཁན་ཁྱོད་ཚོ་ཉག་གཅིག་ཡིན་པ་གཞི་ནས་རྟོགས་སོང༌། འཇིག་རྟེན་འདིར་གནའ་ནས་ཡོད་ཟེར་བའི་བྱང་སེམས་སྟོང་ཕྲག་ལས་ལྷག་པའི་ཁྱོད་ཚོའི་སེམས་གཏིང་གི་བརྩེ་བ་དྲོན་མོ་མི་ཡུལ་ན་གསེར་རྡོག་བཞིན་འོད་ལམ་ལམ་འཕྲོ་བ་མཐོང་དུས། ང་ཁྱོད་ཚོ་ལ་དུང་བའི་དུང་ཞེན་ཆེ་རུ་འཕར་ནས། ས་ཆེན་པོ་སྡོད་མ་བཟོད་པར་ཀུ་རེ་རྩེས་པའི་སྤུན་ཟླ་ཚོར་འཇིགས་སྐྲག་གི་མུན་ཁུང་ལས་བདེ་སྐྱིད་ཀྱི་འོད་སྣང་གསར་པ་སླར་ཡང་སྤྲོ་བར་ཐེ་ཚོམ་མེད་པར་ཡིད་ཆེས་སྐྱེས་ཡོད། ཁྱོད་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང༌། སྡུག་གི་ཁུར་པོ་མཉམ་འཁུར་གྱི་དམ་གདམས་ཡིད་ལ་བཅངས་ནས། ས་ཆེན་པོ་འཕག་ཤུལ་ན་ང་དང་ཁྱོད་ཚོའི་སྤུན་ཟླ་དག་གིས་རོལ་མ་ཚར་བའི་བདེ་སྐྱིད་ཀྱི་འཚོ་བ་ས་ལ་བསྲེས། འབྲལ་མི་ཐུབ་པའི་འདང་བརྩེ་ཟབ་མོ་རྡོ་ལ་བརྡབས་པར་བརྩེ་བའི་འོད་ཞགས་ཀྱིས་དམ་པོར་འཁྱུད་དེ། ཡོད་ནས་ཡོད་འབུལ་སྟོང་འབུལ། མེད་ནས་མེ་ཏོག་མཆོད་འབུལ་ཀྱིས་ལག་ཟུང་གི་སྤར་ཁ་ཆེ་རུ་ཕྱེས་ནས་གོས་ཀྱི་བང་མཛོད་དང་ཟས་ཀྱི་རི་རབ་བརྩིགས་པའི་ངང་ཚུལ་དེས། ས་སྒང་མཐོ་ས་དེའི་འུ་ཚང་གི་དམར་པོ་ཁྲག་རྒྱུན་གཅིག་པའི་འདང་ཞེན་ཟབ་མོའི་རྡོག་རྩ་གོར་མ་རྡོ་ལ་བྲིས་སོང༌། ངའི་སེམས་ཁོང་གི་སྤུན་ཟླ་ཚོ། ངས་ང་རང་གི་སེམས་པ་འདི་ལག་ཏུ་བླངས་ནས་དར་དཀར་ཡུག་གཅིག་གི་ཚུལ་དུ་ཁྱོད་ཚོའི་ཕྱོགས་ལ་རིང་དུ་བསྲིངས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སྐྱུ་གཡའ་བའི་རི་ཁུལ་དེའི་སྙིང་རྗེ་བའི་སྤུན་ཟླ་དེ་ཚོའི་འདས་སོང་བའི་ཕ་མ་འུ་ཚོས་བྱེད་དགོས་ལ། འདང་ཆེ་བའི་བུ་ཕྲུག་འུ་ཚོས་བྱེད་དགོས། ངའི་རིགས་མཐུན་ཀྱི་སྤུན་ཟླ་ཚོ༌། ང་དང་ཁྱོད་ཚོ་འཚོ་གཞིས་ཀྱི་ཁྲ་ཁྲ་ཟང་ཟིང་གི་མི་ཡུལ་འདི་རུ་མིའི་བར་གྱི་མཐུན་སྒྲིལ་དང་བརྩེ་སེམས་ནི་བདེ་སྐྱིད་རེད་ཟེར་ཆོག ཁྱོད་ཚོས་མུ་མཐུད་དུ་ས་འགུལ་ས་དེའི་སྤུན་ཟླ་ཚོའི་སླད་དུ་རང་སེམས་ཀྱི་བརྩེ་བ་དྲོན་མོ་ཤུགས་ཀྱིས་འགུལ་བའི་རྒྱུན་མ་གཅོད་རོགས། ངའི་སེམས་ཁོང་གི་སྤུན་ཟླ་ཚོ། ནམ་ཡང་ང་ཚོའི་སེམས་གཅིག་ཏུ་སྦྲེལ་ནས་ཡོད།

རྩོམ་རིག

Post navigation

Previous Post: བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན།
Next Post: སྐྱེ་རྒུ་མདོའི་ས་ཡོམ་དང་མྱ་ངན་གྱི་རོལ་གཞས་ཁག་ཅིག

Comments (2) on “ས་འགུལ་ཤུལ་ན་མི་སེམས་ཀྱི་བརྩེ་བ་འགུལ་གྱིན་ཡོད།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-04-20 at 8:15 pm

    ཁྱོད་ཁ་བྲོ་ཡ།

  2. ལྷགབསམ་རྒྱ་མཚོ། says:
    2010-04-21 at 2:30 am

    ཆོས་པ་རྣམས་ཀྱིས་ལས་འབྲས་ཤོད། ཆོས་མེད་རྣམས་ཀྱིས་ལ་རྒྱ་ཤོད། དད་པ་བྱེད་དགོས་མིན་རང་ཐག་རག་གིས་བཅད་ན་མི་ཆོག་རྒྱུ་མེད། ཆོས་དད་ཡོད་མེད་གཉིས་གས་ཕ་རོལ་བོའི་ཆོས་དད་རང་དབང་ལ་བཙན་གནོན་དང་སྨོད་པ་གནང་མི་དགོས། གཙོ་བོ་ཆིག་སྒྲིལ་དང་། སྐྱིད་སྡུག་མཉམ་ཁུར་གྱི་ཐབས་ལ་བརྩོན་པ་ནན་ཏན་གནང་དགོས། ཁྱོད་ཀྱིས་མ་འཇོན་དང་ངས་མི་བྱེད་རྩོད་པ་ལས། སྤུན་ཟླའི་རོགས་སྐྱོར་ཁ་ཡོད་ལག་ཡོད་ཅིག་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme