Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཚོགས་འདུ།

Posted on 2016-02-232016-02-23 By ཁ་བརྡ 7 Comments on དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཚོགས་འདུ།

སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས།
 

དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་དཔལ་ལྡན་འབྲས་སྤུངས་སུ་འཚོགས།

དེ་ཡང་ཕྱི་ལོ་༢༠༡༦ ཟླ་༢ ཚེས་༡༩ ཉིན། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་ཞིག་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཚོགས་ཡོད་པ་དང་། སྐུ་མགྲོན་གྱི་གཙོ་བོར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

unnamed-3

དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ ཐོག་གདན་གསུམ་གྲྭ་ཚང་དྲུག་ནས་དཔེ་ཁྲིད་དགེ་རྒན་དྲག་གྲས་བཅུ་རེ་དང་། མཁན་ལས་ཟུར། བཀྲ་ཤིས་ལྷུན་པོ་དང་། རྭ་སྟོད། རྣམ་རྒྱལ་གྲྭ་ཚང་དང་། རྒྱུད་གྲྭ་སྟོད་སྨད་གཉིས་བཅས་ནས་དགེ་རྒན་གཉིས་རེ་བཅས་ཁྱོན་དཔེ་ཁྲིད་དགེ་རྒན་བརྒྱད་བཅུ་ལྷག་བསྐོངས་ཚོགས་ཀྱིས་དབུ་འབྱེད་མཛད་སྒོ་ཚུགས་ཡོད་པ་དང་། དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབུས་པས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་། ས་གནས་གྲོས་ཚོགས་དང་ས་གནས་འགོ་འཛིན་སོགས་ས་གནས་གནད་ཡོད་མི་སྣ་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱིས་ཁྲི་ཁར་བཞུགས་སུ་གསོལ་མཚམས། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ་བྱིངས་འདྲེན་ཆེན་མོ་ལགས་ནས་ཤིས་བརྗོད་གསུང་འདོན་གནང་ཡོད་པ་དང་།
སྒོ་མང་མཁན་པོ་བློ་བཟང་རྒྱལ་མཚན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉེ་ལམ་བཀྲ་ཤིས་ལྷུན་པོར་དཔེ་ཁྲིད་དགེ་རྒན་རྣམ་པ་ཚོར་ཆེད་མངགས་གསུང་གཤད་གནང་བའི་སྒྲ་ཆེད་གཏོང་དང་འབྲེལ་གསུང་དོན། ང་ཚོའི་དམིགས་ཡུལ་གཙོ་བོ་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་བསྟན་པ་ཡར་རྒྱས་སུ་གཏོང་ཐབས་དང་། སྔར་གྱི་ཕྱག་སྲོལ་ལ་ཡོད་མེད་གཙོ་བོ་མིན་པར་ལས་གཞི་དེས་ཕན་ཐོགས་ཡོད་མེད་ལ་ལྟ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དམ་ཆོས་འདུལ་བའི་རུང་མཐུན་སྦྱར་ཆོག་པ་དང་། སེམས་ཀྱིས་དང་དུ་བླངས་ན་ཉིན་རེར་དཔེ་ཁྲིད་ཚར་བདུན་བརྒྱད་རེ་བྱས་ཀྱང་དཀའ་སྣང་མི་ཡོང་བ་དང་། དཔེ་ཁྲིད་ལ་ཕྱིན་དྲུག་གི་ཉམས་ལེན་ཚང་ལུགས་བཤད་རྒྱུན་ལ་ཡོད་སྐོར་རྒྱས་བཤད་དང་། དཔེ་ཁྲིད་དགེ་རྒན་ཚོར་མཁན་པོ་དང་ཕྱག་མཛོད་ཚོའི་ངོས་ནས་ཕྱར་གྲུ་མཉམ་འདེགས་ཐོག་མཐུན་རྐྱེན་བསྒྲུབ་དགོས་པ་དང་། ཆེ་མཐོང་དང་གུས་བཀུར། འཚོ་བ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་དགོས་ལུགས་དང་།

unnamed-4བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་མཆོག་ནས། ཐོས་བསམ་སྒོམ་པ་ཉམས་ཆག་ཏུ་མི་འགྲོ་བའི་ཐབས་སུ་ཚང་མའི་གོ་བསྡུར་གནང་དགོས་པ་དང་། ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་འཚོལ་ཞིབ་དང་འབྲེལ་གོང་འཕེལ་དུ་གཏོང་བའི་མཐུན་རྐྱེན་ག་རེ་སྒྲུབ་དགོས་མིན། དེ་ཡང་མི་གཅིག་གཉིས་ཤིག་གིས་མི་འོང་བས་བསམ་ཚུལ་གོ་བསྡུར་ལྷུག་པོ་གནང་དགོས་པ་དང་། དུས་བསྟུན་ལེགས་བཅོས་ག་རེ་གཏོང་དགོས་མིན། ཕྱི་དངོས་པོ་ཡར་རྒྱས་སུ་བཏང་ནས་ནང་བསམ་བློ་ཡར་རྒྱས་སུ་མ་བཏང་ན་མ་འགྲིག་པའི་སྐོར་དང་། མིང་ཚིག་ཙམ་དུ་མ་སོང་བར་ཚང་མས་༸སྐྱབས་མགོན་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་གལ་ཆེ་སྐོར་དང་།

ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་ནས། སྐྱོན་གནད་སྐོར་ངོས་འཛིན་ཐོག དེ་དག་སེལ་ཐབས་སྐོར་དགོངས་བཞེས་གནང་རྒྱུ། ད་རེས་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་དག་གི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་དཀའ་ཡང་། མཁན་ཟུར་རིན་པོ་ཆེ་རྣམ་པ་ཚོ་མི་ཚེ་གང་ཚང་ལ་དཔེ་ཁྲིད་བྱས་པའི་ཉམས་མྱོང་ཡོད་པ་དང་། ད་རེས་ཕེབས་མཁན་ཚོའི་ནང་ལ་མི་ལོ་བཅོ་ལྔ་ཉི་ཤུར་དཔེ་ཁྲིད་བྱས་པའི་ཉམས་མྱོང་ཡོད་མཁན་ཚོའི་དགོངས་འཆར་དང་ཉམས་མྱོང་གསུང་རྒྱུའི་རེ་བ་ཡོད་སྐོར་དང་། ད་རེས་གཅིག་པུ་མ་ཡིན་པར་ཡང་དང་ཡང་དུ་མ་འོངས་པར་དགའ་ལྡན་ཁྲི་ཐོག་ཁང་གིས་སྣེ་ཁྲིད་གནང་སྟེ་ཚུགས་དགོས་སྐོར་དང་།

འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་མཆོག་ནས། བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་ཇུས་མང་པོ་ཞིག་འཆར་སྒྲིག་་ལག་བསྟར་བྱས་དང་བྱེད་བཞིན་པས་རིས་སུ་མ་ཆད་པའི་བསྟན་པ་ཚང་ལ་མ་ནོར་བ་ཡར་རྒྱས་གཏོང་རྒྱུའི་ཁོར་ཡུག་མེད་པ་དང་། དེང་སང་མཐུན་རྐྱེན་དུ་གྲགས་པ་མང་པོ་ཞིག་ཆོས་ཕྱོགས་ཀྱི་འགལ་རྐྱེན་ཆགས་ཀྱི་ཡོད་པ་དང་། དེ་སྔོན་དགེ་ལྡན་སྤྱིའི་བཅའ་སྒྲིག་ཁག་དང་། གྲོས་ཆོད་ཁག་མང་པོ་ཞིག་ལག་ལེན་ཆ་ཚང་བསྟར་ཐབས་ཡོང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྤྱི་དང་བོད་གངས་ཅན་གྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་སྐོར་དང་། དེང་སང་འགྲིག་མིན་ལ་སོགས་པའི་སྐད་ཆ་ཁྱད་མཚར་དེ་འདྲ་སྤྱི་ཚོགས་ནང་གླེང་སློང་ཡོང་གི་ཡོད་པ་ནི། ཡག་རྟགས་ཤིག་ནས་རྩ་བ་ནས་མིན་སྐོར་དང་། ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ནི། བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་མཆོག་ཡིན་སྐོར་དང་།

སྐུ་མགྲོན་གཙོ་བོ་མཆོག་ནས། དེང་སང་འཛམ་བུའི་གླིང་འདིའི་ནང་ཆོས་དད་ཡོད་མེད་ལ་མ་ལྟོས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་བཞེད་རྒྱུན་དྲི་མ་མེད་པ་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་བསྟན་པ་ལ་ཐུགས་སྣང་ཆེ་རུ་འགྲོ་གི་ཡོད་པ་དང་། ༸གོང་ས་མཆོག་ནས་བསླབ་པ་སློབ་གཉེར་གྱི་བསྟི་གནས་ཁག་ལ་ཐུགས་རེ་ག་ཚད་ཅིག་གནང་གི་ཡོད་པ་དང་། དཔེ་ཁྲིད་དགེ་རྒན་རྣམ་པ་ཚོ་རེ་ལྟོས་བྱེད་ས་གཙོ་བོ་ཞིག་ཆགས་ཀྱི་ཡོད་ཙང་། ལོ་རེ་བཞིན་དགེ་བཤེས་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་དང་། དེ་དག་ཚང་མས་གདན་ས་རང་ལ་སློབ་ཁྲིད་བྱེད་སའི་ཁོར་ཡུག་ཅིག་མེད་པས་བསྟན་པ་ཕྱོགས་མཐར་སྤེལ་བའི་ཆ་རྐྱེན་དུ། སྐད་ཡིག་འདྲ་མིན་སྦྱོང་བརྡར་གསོ་སྐྱོང་གནང་རྒྱུ་གལ་ཆེ་ཞིང་། དགེ་ལུགས་ཚོགས་ཆེན་ཐོག་༸གོང་ས་མཆོག་ནས་བཀའ་སློབ་གནང་བའི་དོན་གནད་གལ་ཆེན་སྐོར་ཡིག་ཐོག་རང་ནས་གསུང་བཤད་གནང་།

unnamedབཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ད་རེས་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པར་ཡོད་པའི་ཅི་གསུང་བཀའ་སྒྲུབ་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་། གཙོ་བོ་དཔེ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་སྐོར་ལ་བཀའ་བསྡུར་དགོས་པ་དང་། དཔེ་ཁྲིད་དགེ་རྒན་ཚོའི་ངོས་ནས་དཔེ་ཁྲིད་གྲ་སྒྲིག་ཏུ་གྲྭ་ཚང་སོ་སོའི་ཡིག་ཆའི་རྒྱབ་རྟེན་གྱི་རྗེ་ཡབ་སྲས་ཀྱི་གཞུང་དང་། དེ་དག་གི་ཕྱོགས་སྔའི་ནང་མཚན་གསལ་བོར་འཁོད་མེད་ནའང་། སྔ་རབས་ཀྱི་མཁས་པ་ཚོའི་གཞུང་ལུགས་གོམས་འདྲིས་བསྟེན་རྒྱུ་དང་། མདོ་རྒྱུད་བསྟན་བཅོས་ཀྱི་ཤེས་བྱེད་ཀྱི་ཁུངས་གསལ་བོ་ཤེས་དགོས་པ་དང་། ཚིག་འགྲེལ་དང་སྤྱི་ཁོག་བསྒྲིག་སྟངས་ཀྱིས་མཚོན། བཀའ་པོད་ལྔ་བོ་གང་ཁྲིད་ནའང་ཚིག་དོན་ཡོངས་སུ་རྫོགས་པ་ལ་བདག་པོ་རྒྱག་པའི་ཡན་ལག་ཏུ། ཕྱི་རོལ་བའི་གྲུབ་མཐའི་རྣམ་གཞག་དང་། རྩིས་ཀྱི་བསྟན་བཅོས་དང་། བརྡ་སྤྲོད་སྙན་སུམ་དང་། གསང་ཆེན་སྔགས་ཀྱི་ཆེད་དུ་ལེགས་སྦྱར་གྱི་གཞུང་སོགས་ཡན་ལག་ཏུ་ཤེས་དགོས་པ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་ཆེད་ལས་སམ་ཆེད་མཁས་ཀྱི་སྟེང་ནས་ཁྲིད་ཐབས་ཡོང་གལ་ཆེ་བ་དང་། དེང་སང་ཞབས་ཀྱི་པདྨོ་ལ་ཉེ་བར་གཏུགས་མི་དགོས་པའི་བཤད་ཁྲིད་སོགས་ཆ་ཚང་ཉན་པའི་བརྒྱུད་ལམ་གྱི་འཕྲུལ་ཆས་འདྲ་མིན་ཡོད་པ་དེ་དག་གིས་གོ་ག་ཚོད་ཅིག་ཆོད་ཀྱིི་ཡོད་མེད་དང་། དེ་དག་གི་དགེ་སྐྱོན། སློབ་གྲྭ་ཁག་གི་ནང་ནང་ཆོས་དང་རིགས་ལམ་སློབ་ཐབས། དམངས་ཁྲོད་དང་ཆོས་ཚོགས་ཁག་གི་ནང་ཆོས་སློབ་ཐབས། མདོར་ན། ཐོས་བསམ་རྒྱུད་ཐོག་ལ་སྦྱོར་ཐབས་ག་རེ་ཐབས་ཤེས་གནང་དགོས་མིན་སོགས་ཁྱོན་ཡོངས་དང་། བྱེ་བྲག་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེའི་སྐོར་ལ་སྤྱི་དང་དམིགས་བཀར་གྱི་ཁྲིད་ཐབས་གྲྭ་ཚང་དང་དགེ་རྒན་སོ་སོར་ཉམས་མྱོང་གང་ཡོད་པ་དེ་སྤྱི་ལ་སྤུངས་ནས་བཀའ་བསྡུར་ལྷུག་པོ་གནང་རོགས་ཞེས་དང་།

མཇུག་ཏུ་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་བ་དང་། གྲ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཚིགས་འདེགས་འབུལ་ཞུས་ཤིང་། ཉིན་རྒྱབ་ནས་བཟུང་མཁན་ཟུར་རྣམ་པ་གཉིས་དང་། གྲྭ་ཚང་ཁག་བཅུའི་དཔེ་ཁྲིད་དགེ་རྒན་གྱི་སྐུ་ཚབ་རེ་རེས་སྐར་མ་ཉི་ཤུ་རེར་གསུང་བཤད་དང་། དེའི་རྗེས་ཚོགས་བཅར་བ་ཡོངས་ནས་སྤྱི་སྨན་གྱི་དྲི་བ་དྲིས་ལན་དང་། དགོངས་འཆར། ཉམས་མྱོང་བརྗེ་རེས་བཅས་ཧ་ལས་པའི་གསུང་བཤད་ལྷུག་པོ་གནང་སྟེ་གོ་བསྡུར་གནང་བས་ཚོགས་བཅར་བ་ཚང་མའི་དགོངས་དབྱངས་གཅིག་གྱུར་ཐོག་ཚོགས་འདུ་འདི་འདྲ་ཡང་ཡང་ཚོགས་དགོས་པའི་བསམ་འཆར་གནང་།
ཚེས་༢༡ ཉིན་རྒྱབ་སྐུ་མགྲོོན་གཙོ་བོ་མཆོག་དང་། བཀའ་དྲིན་རྗེས་དྲན་གྱི་ཚོགས་གཞོན་རྣམ་པ་གཉིས་ནས་མཇུག་བསྡོམས་ཀྱི་གསུང་བཤད་དང་། བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོས་མཇུག་བསྡོམས་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་་གཏམ་བཤད་ཞུས་ཏེ་ཚོགས་འདུ་གྲོལ་བ་དང་། ཚོགས་བཅར་བ་ཡོངས་དགའ་ལྡན་ཁྲི་ཐོག་ཁང་དུ་བཅར་ཏེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མཇལ་ཁ་དང་བཀའ་སློབ་ཞུས་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: སྦས་ཡུལ་འབྲས་མོ་ལྗོངས་སུ་བསྐྱོད་པའི་མཐོང་ཐོས་ཀྱི་ངོས་འགའ།
Next Post: སྲིད་སྐྱོང་འོས་བསྡུ་ལས་འཕྲོས་པའི་བསམ་ཚུལ། ༼བརྙན།༽

Comments (7) on “དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཚོགས་འདུ།”

  1. ཀླུ་སྨྱོན། says:
    2016-02-23 at 8:20 pm

    ༡. གྲྭ་སའི་དཔེ་ཁྲིད་སྐབས་ཆུ་ཚོད་ཕྱེད་ཀར་དགེ་རྒན་གྱིས་དཔེ་ཁྲིད་བྱེད་རྒྱུ་དང་ཆུ་ཚོད་ཕྱེད་ཀར་སློབ་ཕྲུག་གིས་དྲི་བ་གཏོང་ཆོག་པ་དེ་འདྲའི་སྐོར་བགྲོ་གླེང་གནང་ཡོད་དམ།
    ༢. དགེ་ལུགས་དགེ་བཤེས་ཚོ་བོན་པོ་རྙིང་མ་བཀའ་བརྒྱུད་ས་སྐྱ་སོགས་ཀྱི་བཤད་གྲྭར་གྲྭ་སྐོར་དམ་བཅར་ཕེབ་རྒྱུའི་སྐོར་ལ་བགྲོ་གླེང་གནང་ཡོད་དམ།
    ༣. གྲྭ་སའི་དགེ་བསྐོས་ཚོའི་དབང་ཆའི་ཁྱབ་ཁོངས་ཀྱི་ཚད་འདི་ཙམ་ཞིག་ཡིན་ཞེས་ཡིག་ཐོག་ནས་གཏན་འབེབ་བྱེད་རྒྱུའི་སྐོར་བགྲོ་གླེང་གནང་ཡོད་དམ།
    ༤ .དགེ་ལུགས་པར་བཤད་གྲྭ་མ་གཏོགས་སྒྲུབ་གྲྭ་ཧ་ལམ་མེད་པ་འདིར་དམིགས་ཏེ་ཁ་དོག་དཀར་དམར་གྱི་གྲྭ་ཆུང་ནས་ལྷ་རམས་དགེ་བཤེས་ཀྱི་བར་གྲྭ་བགྲེས་གཞོན་སུ་ཡང་ཕེབ་ཆོག་སའི་སྒྲུབ་གྲྭ་སྒྲུབ་ཁང་གསར་བཞེང་དགོས་སྐོར་བགྲོ་གླེང་གནང་ཡོད་དམ།
    ༥. དགེ་ལུགས་པར་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གནང་མཁན་ཧ་ཅང་ཉུང་ངུ་ལས་མེད་པ་འདིར་དམིགས་ཏེ་རྒྱུད་སྡེ་བཞིའི་དབང་རྗེས་གནང་ཁྲིད་ལུང་གསུང་ཐུབ་པའི་བླ་མ་ཚད་ལྡན་གང་མང་གསོ་སྐྱོང་གནང་རྒྱུའི་སྐོར་ལ་བགྲོ་གླེང་གནང་ཡོད་དམ།
    ༦. ནུབ་ཕྱོགས་སྤྱི་ཚོགས་སུ་བླ་མ་བཟོད་པ་མ་གཏོགས་དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཧ་ཅང་ཉུང་ངུ་ཞིག་ལས་མེད་པ་འདིར་དམིགས་ཏེ་ནང་ཆོས་ཚད་ལྡན་དང་ཕྱི་སྐད་རང་རྐྱ་འཕེར་བའི་དགེ་ལུགས་པའི་ཆོས་ཀྱི་སློབ་དཔོན་དང་ཆོས་ཀྱི་ཕོ་ཉ་གསོ་སྐྱོང་ཐད་བགྲོ་གླེང་གནང་ཡོད་དམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 2:39 am

    ༸བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག །

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 2:48 am

    དགེ་ལུསག་པས། ཨིན་སྐད་མ་སྦྱང་བར་རང་མགོ་ཐོན་ན། དགའ་བསུ་ཡོད།
    དགེ་ལུགས་པས། ཕྱི་རྒྱལ་ནང་ལ་ཆོས་ཚོགས་ཉུང་ན་ཡང། རང་མགོ་ཐོན་ཡང་། དགའ་བསུ་ཡོད།
    དགེ་ལུགས་པས། ཕྱི་རྒྱལ་ལ་དཀྱིལ་འཁོར་བཞེངས་པ་སོགས་ལ། དགའ་བསུ་མེད་ལ། དབང་ལུང་མན་ངག་མ་བཙོང་བར་འཚོ་བ་འཁྱོལ་ན། དགའ་བསུ་ཡོད།
    དགེ་ལུགས་པས། བསྡུས་གྲྭ་སོགས་གྲྭ་ཆུང་ནས་དགེ་བཤེས་ལྷ་རམས་བར། དོ་སྣང་གནང་ན་དགའ་བསུ་ཡོད། །
    ད་དུང་གཞན་པ་དགའ་བསུ་འགའ་ཤས་ཞུ་རྒྱུ་འདུག་ཀྱང། དེ་རིང་འདི་ཙམ་གྱིས་མཐུས་པར་བྱས་སོ།།

  4. lobsang199 says:
    2016-02-24 at 10:42 pm

    ཀླུ་སྨྱོན་ལགས། (༡. གྲྭ་སའི་དཔེ་ཁྲིད་སྐབས་ཆུ་ཚོད་ཕྱེད་ཀར་དགེ་རྒན་གྱིས་དཔེ་ཁྲིད་བྱེད་རྒྱུ་དང་ཆུ་ཚོད་ཕྱེད་ཀར་སློབ་ཕྲུག་གིས་དྲི་བ་གཏོང་ཆོག་པ་དེ་འདྲའི་སྐོར་བགྲོ་གླེང་གནང་ཡོད་དམ།)
    ༡༽དགེ་ལུགས་པའི་དགེ་ཕྲུག་སུས་ཀྱང་དགེ་རྒན་ལ་དྲི་བ་བཏང་མི་ཆོག་པའི་ཁྲིམས་སྲོལ་དེ་འདྲ་ཡོད་པ་མ་རེད། ཁྱེད་དཔེ་ཁྲིད་འགྲོ་དུ་གོ་ཐོམ་ནས་སྡད་པ་ཡིན་ན་གང་ཤེས། རྣམ་དཔྱོད་ཅན་ཚོས་བཏང་མུས་རེད།
    (༤ .དགེ་ལུགས་པར་བཤད་གྲྭ་མ་གཏོགས་སྒྲུབ་གྲྭ་ཧ་ལམ་མེད་པ་འདིར་དམིགས་ཏེ་ཁ་དོག་དཀར་དམར་གྱི་གྲྭ་ཆུང་ནས་ལྷ་རམས་དགེ་བཤེས་ཀྱི་བར་གྲྭ་བགྲེས་གཞོན་སུ་ཡང་ཕེབ་ཆོག་སའི་སྒྲུབ་གྲྭ་སྒྲུབ་ཁང་གསར་བཞེང་དགོས་སྐོར་བགྲོ་གླེང་གནང་ཡོད་དམ།)
    ༤༽གསར་བཞེང་དགོས་པ་མི་འདུག་འབྲས་སྤུངས་ལ་ཁང་མིག་ཐཽག་རྩེག་གསུམ་ཅན་ལེགས་གྲུབ་ཟིན་འདུག་པས་ཁྱེད་སླར་ཡང་འབྲས་སྤུངས་ལ་ཕེབས་ན་དགའ་བསུས་འདུག
    (༥. དགེ་ལུགས་པར་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གནང་མཁན་ཧ་ཅང་ཉུང་ངུ་ལས་མེད་པ་འདིར་དམིགས་ཏེ་རྒྱུད་སྡེ་བཞིའི་དབང་རྗེས་གནང་ཁྲིད་ལུང་གསུང་ཐུབ་པའི་བླ་མ་ཚད་ལྡན་གང་མང་གསོ་སྐྱོང་གནང་རྒྱུའི་སྐོར་ལ་བགྲོ་གླེང་གནང་ཡོད་དམ།)
    ༥༽དགེ་ལུགས་པ་ལ་ཉེ་བརྒྱུད་ཀྱི་དབང་ལུང་གནང་མཁན་མེད་པ་བདེན་ཡང། རིང་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་གནང་མཁན་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཡོད།
    (༦. ནུབ་ཕྱོགས་སྤྱི་ཚོགས་སུ་བླ་མ་བཟོད་པ་མ་གཏོགས་དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཧ་ཅང་ཉུང་ངུ་ཞིག་ལས་མེད་པ་འདིར་དམིགས་ཏེ་ནང་ཆོས་ཚད་ལྡན་དང་ཕྱི་སྐད་རང་རྐྱ་འཕེར་བའི་དགེ་ལུགས་པའི་ཆོས་ཀྱི་སློབ་དཔོན་དང་ཆོས་ཀྱི་ཕོ་ཉ་གསོ་སྐྱོང་ཐད་བགྲོ་གླེང་གནང་ཡོད་དམ།)
    ༦༽དགེ་ལུགས་པའི་གདན་སར་སློབ་སྦྱོང་བྱས་རྗེས་ཕྱི་རྒྱལ་སོགས་ལ་འགྲོ་ནས་ཆོས་རྒྱུད་གཞན་པར་འགྱུར་འགྲོ་གི་ཡོད་ཙང་ཕྱི་རྒྱལ་ཁག་ལ་ཕོ་ཉ་ཉུང་ངུ་ལས་མེད་པ་དེ་འདྲ་རེད། དཔེར་ན་ཁྱེད་བཞིན།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 11:43 pm

    ༸གོང་ས་མཆོག་གིས།
    ་་་་་ གསུང་ཆོས་ཞིག་གི་སྐབས་ལ། དགེ་བཏང་ནས་ཕྱི་རྒྱལ་ལ་མ་མཐར་བའམ། འགྲོ་འདོད་སྐྱེས་པ་ནི། ཞབས་འདྲེན་རེད་གསུངས་སོང་། ་་་་་
    འདིས་ག་རེ་མཚོན་ནམ། ཞེ་ན། དུས་ད་ལྟ་ཡང་རི་བོ་དགེ་ལྡན་པའི་ནང་ལ། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་ལ་བྱང་ཆུབ་པ་མང་པོ་ཡོད་པའི་མཚོན་རྟགས་རེད། གསང་སྔགས་སྐོར་ལ་ནི། ངས་འདིར་སྨྲ་དོན་མེད་པས་་་་་ ཉན་འདོད་ཡོད་མཁན་ཚོར། དགོངས་དག་ཞུའོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 11:45 pm

    ་་་་ དགེ་བཏང་ནས་་་་
    འདི།
    ་་་་ དགེ་བཤེས་བཏང་ནས་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-24 at 11:53 pm

    ཇི་སྐད་དུ།
    ༸རྗེ་ཡི་བསྟན་པ་མཇལ་བའི་སྨོན་ལམ་ལས།
    ་
    མྱུར་ལས་ཆེ་མྱུར་མི་ལོ་བཅུ་གཉིས་དང་། །
    ལོ་གསུམ་ཕྱོགས་གསུམ་ཙམ་ལའང་ཟུང་འཇུག་གི །
    གོ་འཕང་བདེ་བླག་བསྒྲུབ་པའི་ཉེ་ལམ་མཆོག །
    བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །
    ་
    ཅེས་གསུངས་པ་ལ་ཡང་། དག་སྣང་མཛོད་ཅིགུ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme