Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེང་གེའི་བྱེད་སྟངས་ལ་བལྟ་བ།

Posted on 2016-02-212016-02-21 By ཁ་བརྡ 12 Comments on སྲིད་སྐྱོང་བློ་བཟང་སེང་གེའི་བྱེད་སྟངས་ལ་བལྟ་བ།

—-ཨ་རྡོ།
 

བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་སྲོལ།

ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོས་༧གོང་ས་མཆོག་གིས་དམངས་གཙོ་གསོལ་རས་གནང་སོང་ཞེས། བུ་གུ་ལ་བྱི་རིལ་རག་པ་ལྟ་བུའི་དགའ་སྣང་ཞིག་བྱེད་ཀྱི་ཡོད་པ་དེ་ལས་ལྟོས་ན། ༧གོང་ས་མཆོག་གིས་ད་རག་བར་བོད་ཀྱི་དམངས་གཙོ་དེ་ཁོང་གི་བདག་ཏུ་བཟུང་ནས་ཚུར་མ་གནང་བ་ཞིག་དང་། ལོ་ཁ་ཤས་ཀྱི་སྔོན་ལ་ད་གཟོད་ང་ལ་མི་དགོས། ཁྱེད་ཚོས་ལོངས་སུ་སྤྱོད་ཅེས་གཞི་ནས་མར་གནང་བའི་བཟོ་འདྲ་ཞིག་བཤད་ཀྱི་འདུག
དོན་ལ་དམངས་གཙོ་ཞེས་པ་ནི་མི་སྒེར་སོ་སོའི་རང་གི་མདུན་ལམ་རང་གིས་འགན་ཁུར་ཡོད་པའི་ཐོག་ནས་ཐག་གཅོད་དགོས་པའི་ལམ་ལུགས་ཤིག་དང་། དེ་ཡང་མི་མང་མཉམ་རུབ་ཐོག་ཕྱར་བ་གྲུ་འདེགས་ཀྱིས་བྱེད་དགོས་བའི་ལམ་ལུགས་ཤིག་ལས། ཕར་སྤྲོད་ཚུར་ལེན་ཆོག་པའི་ཅ་དངོས་ཤིག་ཏུ་བརྩི་མི་འོས།

གསལ་བོར་བཤད་ན་༧གོང་ས་མཆོག་གིས་ཡོངས་ཁྱབ་ཏུ་དར་བཞིན་པའི་ལམ་ལུགས་འདི་ཉིད་བོད་དང་བོད་མི་རིགས་གསོན་གནས་ལ་ངེས་པར་དུ་མཁོ་བར་དགོངས་ཏེ། བཙན་བྱོལ་དུ་འབྱོར་བ་ནས་བཟུང་ལམ་ལུགས་འདིར་འགྲོ་འགོ་བརྩམས་ཡོད། བོད་པའི་ཤེས་འཇོན་གྱི་གཉོམ་ལག་རྒྱས་པའི་འགྲོས་དང་བསྟུན་ནས། ཁོང་གིས་གོམ་པ་རིམ་སྤོས་ཀྱི་བཅོས་བསྒྱུར་གཅིག་མཇུག་གཉིས་མཐུད་གནང་མཐར། ཕྱེད་བགྲེས་ཡོལ་དང་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གནང་བའི་ལོ་རྒྱུས་ཀྱི་ལེ་ཚན་གསར་བཞེངས་གནང་ཡོད་ལ། ལོ་ངོ་དྲུག་ཅུའི་རིང་ལ་ནུབ་འདུར་ཤར་རྒྱུགས་དང་། ཁབ་སྐུད་རིམ་བསགས་ལས་གྲུབ་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་རྟ་ཕོའི་སྲབ་མདའ་དམངས་གཙོ་ལམ་ལ་བཅོལ། དེ་ཡང་དམངས་གཙོའི་ལམ་ལུགས་ཀྱི་རྩ་བའི་སྒུལ་ཤུགས་ནི་མི་དམངས་ཀྱི་འོས་ཤོག་ཡིན་པ་དང་། མི་དམངས་ཀྱི་འོས་ཤོག་གི་གསོ་སྐྱོང་འོག་དམངས་གཙོའི་བུ་གུའི་གཉོམ་ལག་རྒྱས་དགོས་པ་དང་། དམངས་གཙོའི་བུ་གུ་ག་འདྲ་ཞིག་ཡོང་མིན་དེ་འོས་འཕེན་མི་དམངས་ག་འདྲ་ཞིག་ཡིན་མིན་ལ་རག་ལས་ཡོད་པ་ཞིག་ཡིན། ད་རེབ་ནེའུ་ཡོག་ནས་སྲིད་སྐྱོང་བློ་བཟང་སེང་གེའི་འུར་སྒྲོགས་དང་འཇིགས་སྣང་གི་རྣམ་པ་དེ་ལས་བོད་པའི་མ་འོངས་པའི་དམངས་གཙོའི་རྟ་ཕོ་དེ་༧གོང་ས་མཆོག་གི་དགོངས་བཞེད་ལྟར་ཤར་བསྐྱོད་བྱེད་ཐུབ་མིན་ལ་ཐེ་ཚོམ་ཡོད་པ་ཞིག་རེད།

 

ནེའུ་ཡོག་ཏུ་འགྲུལ་བཞུད།

སྐུ་སྲུང་མང་པོས་མཐའ་ནས་སྐོར། རླངས་འཁོར་མང་པོ་རུ་བསྟར་སྒྲིག གྲོ་སོ་ཕྱེ་མར་གནམ་ལ་མཆོད་དེ། ལྷ་མོ་འཁྲབ་པའི་འདུ་འཛིའི་ཁྲོད་བློ་བཟང་སེང་གེས་གསུངས་གདངས་ལེ་ལེ་མོ་དང་། བོད་ཀྱི་དཔོན་པོའི་གླུ་དབྱངས་སྐྱོར་བཞིན་ནེའུ་ཡའོ་གྲོང་ཁྱེར་གྱི་ཡི་ཤུའི་ལྷ་ཁང་འདི་ལ་ཕེབས་བྱུང་། དེ་ནི་ཇག་དཔོན་ཞིག་ཐུགས་སྤྲོ་ཞིག་ལ་འབྱོར་བ་དང་མཚུངས།
སྟག་ཤར་གཞོན་པའི་མི་ལ་ཡོན་ཏན་མི་འདུག་མ་གསུང་། གཞོན་པའི་རྩིས་དང་རིག་གནས། ཡོན་ཏན་མིན་ན་ཅི་ཡིན་ཞེས་དང་། བོད་ཀྱི་དཔོན་པོ་བཟང་པོ། བླ་མ་བཟང་པོ། བློ་བཟང་སེང་གེ། ཞེས་པའི་གཞས་དེ་དག་གིས་ལྷ་ཁང་ཕྱི་ནང་འགད་གྲབས་བྱེད་ཅིང་། གཞས་འདི་གཉིས་ལས་ཁོང་གི་གཤིས་ཀ་ཞིག་རང་བཞིན་གྱིས་མཚོན་ཐུབ། དེ་ཡང་རྫིག་རྔམ་འདི་བོད་པ་རང་ལ་སྟོན་ཆེད་ཅིག་ལས། ཕྱི་མི་སུ་ལའང་འབྲེལ་བ་མེད། གནས་སྟངས་འདི་ལས་ཡོན་ཏན་གྱིས་ཕྱུག་པའི་ང་བློ་སེང་ལ་ཅང་བཤད་ཀྱི་མ་འདུག ཁ་བཙུམ་ཞེས་པ་དེ་རེད།
ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་གང་གིས་ཀྱང་བོད་ཀྱི་དབུ་ཁྲིད་ཅིག་ནེའི་ཡོག་ཏུ་འདི་ལྟར་བརྗིད་རྔམ་ངང་ཕེབས་ཡོད་པ་བསྟན་མ་སོང་། ཁོ་བོའི་བྱེད་སྟངས་འདི་བླུན་སྤྱོད་ཅིག་ལས་འདི་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཞིག་གང་ན་འདུག་གམ། རང་གིས་རང་ལ་བསྟོད་པ་ལ་ངོ་ཚ་ཏོག་ཙམ་ཡང་མེད་པ་ག་རེ་ཡིན་ནམ། ༧གོང་ས་མཆོག་གིས་ད་རག་བར་གསོ་སྐྱོང་གནང་བའི་བོད་མི་འདི་ཚོ་འདི་འདྲ་ཞིག་རེད་དམ། ད་ལྟ་ང་ཚོ་རྒྱལ་ཁབ་མེད་པའི་སྤྲང་པོ་ཞིག་ལ་སོ་སོའི་ནང་ཁུལ་དུ་འདི་འདྲའི་རྫིག་རྫིག་བྱེད་པའི་སྤོབས་པ་ཡོད་ན། རྒྱལ་ཁབ་ཡོད་པའི་ཉིན་མོ་ཞིག་ལ་ཁོང་གིས་ག་རེ་བྱེད་རྩིས་ཡིན་ནམ།

 

བློ་སེང་གི་ལས་དོན་བྱེད་ཕྱོགས།

གཏམ་བཤད་སྐབས་ཁོང་གིས་ཚོགས་གཙོ་སྤེན་པའི་བཤད་ཚུལ་ཚང་མ་རྫུན་མ་དང་། རྡ་སའི་གནས་ཚུལ་ཡག་པ་ཅི་བྱུང་ཁོང་གི་བྱས་རྗེས་དང་། མ་འགྲུབ་པ་དག ༧གོང་ས་མཆོག་དང་བོད་མི་དམངས་སྤྱི་འཐུས་ཡིན་ཞེས་བསྒྲགས་པ་ལས། མ་འོངས་པར་ཁོང་ལ་ལས་འཆར་འདི་དང་འདི་ཡོད། དེ་ནི་སྤེན་ཚེ་ཡི་ལས་འཆར་ལས་ཡག་པ་ཡིན་པའི་སྐོར་གཅིག་ཀྱང་བཤད་ཡ་མི་འདུག
ཡ་མཚན་པ་ཞིག་ལ། དེར་ཡོད་མང་ཚོགས་ནས་ཁོང་གི་ཅི་སོང་ཚང་མར་ཐལ་མོ་རྡེབ་རྐྱང་བྱས་སོང་། དཔེར་ན་ཁོ་བའི་བྱས་རྗེས་སུ་བརྩི་བའི་ཁྲོད། ཨིན་ཅི་དགུ་ཅན་གྱི་རྡ་སའི་ལམ་ཁ་བཟོས་པ་ཡིན། མིང་ལ་པོ་ཏ་ལ་བཏགས་པ་ཡིན། རྡ་སའི་གནམ་ཐང་ལ་གནམ་གཤིས་སྔོན་བརྡ་གཏོང་སྤྱད་ཀྱི་འཕྲུལ་ཆས་ཤིག་ཁ་སྣོན་བྱས་པ་ཡིན་ལ་སོགས་པ། དངོས་ནས་བྱས་ན་དེ་དག་ཚང་མ་རྒྱ་གར་གཞུང་ནས་བྱས་པ་ལས་ཁོ་བོས་ལམ་ཁ་བཟོས་མི་འདུག འཕྲུལ་ཆས་ཁ་སྣོན་བྱས་མི་འདུག ཡིན་ནའང་ཁོ་བོའི་བཤད་སྟངས་དང་མང་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་ལ་ལྟོས་ན་བྱས་རྗེས་ཚང་མ་ཁོང་གི་ཡིན་མདོག་བསྟན་སོང་། རྒྱ་གར་གཞུང་གིས་ཧ་གོ་ན་ཁོང་ཚོས་ག་རེ་དགོངས་ཀྱི་རེད་དམ།

སྤེན་ཚེ་ཡི་ཇི་གསུངས་ཚང་མ་རྫུན་མ་ཡིན། མང་ཚོགས་ལ་བརྡབ་གསིག་ཐེབས་པའི་གཏམ་ཐོག་མ་གསུང་མཁན་སྤེན་ཚེ་ཡིན་པ་ལས་ང་མིན། དེ་ལས་ཞེད་སྣང་ཚ་བ་ཞིག་ལ། དུས་དབང་འཕར་འགྱངས་བྱས་པའི་གནས་ཚུལ་༧གོང་ས་མཆོག་ནས་གསལ་བོར་གསུངས་ཡོད་པ་ལ། སྤེན་ཚེ་ཡིས་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་ཀྱི་འདུག་ཅེས་རང་གནོང་གདོང་ལ་ཁེངས་ཏེ་རང་བཟོས་གད་སྙིགས་ཀྱི་དཀྱིལ་ལ་སླར་ཡང་༧གོང་ས་མཆོག་འཐེན་ནས་སླེབས་བྱུང་། གལ་སྲིད་ད་རེབ་ཀྱི་འོས་བསྡུ་འདི་རྩོད་གཞི་ཅན་ཞིག་དང་། ༧རྒྱལ་བ་རིན་པོ་སྐུ་དངོས་སུ་ཕེབས་ནས་འདུམ་འགྲིག་གནང་དགོས་པ་ཞིག་ཏུ་གྱུར་ན། དབུས་འོས་བསྡུ་ལས་ཁུངས་ནས་སྒྲིག་གཞིའི་དགོངས་དོན་དོན་འཁྱོལ་ཡོང་བར་འགན་འཁུར་དང་སྟངས་འཛིན་བྱེད་མ་ཐུབ་པའི་ངན་འབྲས་ཤིག་ཆགས་རྒྱུ་ཡིན་པས། བློ་སེང་གིས་༧གོང་ས་མཆོག་ལ་སྔ་རྗེས་བར་གསུམ་དུ་ལག་པ་ཕྱིས་པའི་སྤྱོད་པ་འདི་ལ་ངེས་པར་དུ་དབུས་འོས་བསྡུ་ལས་ཁུངས་ནས་ཁྲིམས་ཀྱི་ཐུགས་ཞིབ་ནན་པོ་གནང་རོགས།

དངོས་ནས་བྱས་ན་རང་གི་བྱས་ཉེས་ལ་ཁས་ལེན་མི་བྱེད་པའི་བྱེད་སྟངས་འདི་ལ་ལྟོས་ན། ཁོ་བོར་ཁྲིམས་རྩོད་པ་ཞིག་གི་མཚན་ཉིད་ཚང་བར་མི་འདོད། རྒྱུ་མཚན་ནི་ཁྲིམས་རྩོད་པ་ཞིག་ཡིན་ན། ལས་དོན་ཐ་དག་ལ་དངོས་ཡོད་ར་སྤྲོད་དང་མིག་མཐོང་ལག་ཟིན། དྲང་བདེན་གཞི་ལ་བཞག་ནས་ཐག་གཅོད་བྱེད་མཁན་ཞིག་ཡིན། ཁོ་བའི་གཞི་མེད་བསྙོན་འཛུགས་བྱེད་སྟངས་དེ་ནི་བུ་གུ་ཀླད་མེད་ཅིག་གི་བྱེད་སྟངས་ལས་ཁྲིམས་རྩོད་པ་ཞིག་གི་མཚན་ཉིད་མི་འདུག

དུས་འཁོར་དབང་ཆེན་གྱི་གླེང་རྙོག་ལ་མཚོན་ན། ལས་གཞི་དེ་ཁོ་བོས་འགོ་བརྩམས་ཤིང་གཏམ་གླེང་མི་འདྲ་བ་གཉིས་སྤེན་ཚེ་ཨ་རིར་མ་ཡོང་གོང་དུ་ཐོན་པ་ཞིག་ཡིན། དངོས་ནས་བཤད་ན། དུས་འཁོར་དབང་ཆེན་ནི་ད་རེབ་བློ་སེང་གིས་རང་གི་འོས་ཤོག་ཐོབ་ཆེད་༧རྒྱལ་བ་རིན་པོ་ཆེ་བེད་སྤྱད་དེ་མི་མང་ལ་སོ་སོ་ངོམས་སྤྱད་ཀྱི་སྡིངས་ཆ་མཆོག་ཏུ་གྱུར་བ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་དེ་ལམ་ལྷོང་མ་བྱུང་བ་རེད། ཁོ་བོའི་བྱས་ཉེས་དེ་ལ་སྐད་ཆ་གོ་བརྡ་མ་འཕྲོད་པ་དང་སྤེན་ཚེས་བྱེད་དུ་མ་བཅུག་གང་ཡང་མེད་པར་སོ་སོའི་ཐབས་ངན་ལམ་ལྷོང་མ་ཡོང་བ་རེད། དེ་མ་གཏོགས། དམངས་གཙོའི་གཞུང་ལུགས་ཁ་ལ་ཁྱེར་ཞིང་། ཆོས་སྲིད་གཉིས་མཉམ་གཅིག་ཏུ་མི་འཇོག་པའི་བློ་སེང་གིས་འོས་ཤོག་ཐོན་ལ་ཉེ་བའི་སྐབས་འདིར། གློ་བུར་ཏུ་དུས་འཁོར་དབང་ཆེན་ལ་སྦྱིན་བདག་བྱེད་དགོས་དོན་གང་ཡང་མེད།

བོད་རྒྱ་ཞི་མོལ་ལ་མཚོན་ན། སྤྱི་ལོ་༢༠༡༡ ནས་བཟུང་བློ་སེང་གིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་བདེན་འདྲེན་ཞུ་གི་ཡིན་ཞེས་འུར་སྒྲོགས་ལུང་བ་གང་བྱས། བོད་མི་ ༡༤༣ མེ་ལ་མཆོངས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་རྒྱ་ཞི་མོལ་བྱེད་རྒྱུ་ཕར་ཞོག བོད་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མཆོད་གཤོམ་ནང་སྒྲིག་ཆོག་མིན་ལའང་འགྱུར་བ་གཏོང་ཐུབ་མེད། མ་བྱས་བ་དང་མ་འཇོན་པ་དེ་ཁོང་གིས་འཐུས་ཤོར་བཏང་བ་ཏུ་ཁས་ལེན་རྒྱུའི་ཚབ་ཏུ། དེ་ནི་༧རྒྱལ་བ་རིན་པོ་ཆེས་གནང་གི་རེད། ཞེས་སོ་སོ་ལ་འགན་འཁུར་གང་ཡང་མེད་པ་མ་ཟད། སོ་སོའི་མ་འཇོན་པའི་ལག་པ་ཕྱིས་ས་དེ་༧རྒྱལ་བ་རིན་པོ་ཆེ་ལ་བྱེད་གིན་ཡོད་པ་རེད།
དངོས་ནས་བཤད་ན། བོད་རྒྱ་ཞི་མོལ་གྱི་ལས་ཀ་དེ་སྤྱི་འཐུས་གྲོས་ཚོགས་ནས་གཏན་ལ་ཕེབས་པའི་བཀའ་ཤག་གི་ལས་འགན་ཞིག་དང་། ཟམ་གདོང་བླ་མའི་སྐབས་ནས་བཀའ་ཤག་གིས་ལས་འགན་དེ་མུ་མཐུད་གནང་གིན་ཡོད་པ་ཞིག་ལ། བློ་སེང་གི་སྐབས་ནས་ཅི་ཕྱིར་མཇུག་སྐྱོང་མ་ཐུབ་པ་རེད། ཁ་སང་དེ་རིང་ཁོང་གིས་ད་དུང་། སོ་སོའི་མ་འཇོན་པའི་བོད་རྒྱ་ཞི་མོལ་གྱི་ལག་པ་ཕྱིས་ས་༧རྒྱལ་བ་རིན་པོ་ཆེ་བྱེད་ཀྱི་ཡོད་པ་དང་། རང་གི་འགན་འཁྲི་ལས་གཡོལ་རྩིས་དང་། ༧གོང་ས་མཆོག་ལ་དད་ལོག་བྱེད་པའི་གནས་ཚུལ་འདི་བོད་མི་ཆེས་ཁྲམ་པ་ཞིག་ཡིན་ན་མ་གཏོགས་སུས་བྱེད་ཕོད་ནུས།

མ་གཞི་བློ་སེང་གིས་བོད་རྒྱ་གྲོས་མོལ་བྱེད་ཀྱི་ཡིན་ཞེས་པ་དེ་ལ་ཁུངས་ལུང་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོ་བོ་ ༢༠༡༡ སྲིད་སྐྱོང་ཐོབ་པའི་ཉིན་མོ་དེར་རྒྱ་གཞུང་གིས་བློ་སེང་ནི་གཞོན་ནུ་ཚོགས་མི་དང་། དྲག་སྤྱོད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དེ་འདྲའི་ལོ་རྒྱུས་མི་གཙང་བའི་མི་དེ་ལ་ནམ་ཡང་སྐད་ཆ་བཤད་ཀྱི་མིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད། རྒྱ་གཞུང་གི་སྲིད་ཇུས་དེ་ཁོ་བོས་ཤེས་བཞིན་ཏུ་ད་དུང་བོད་རྒྱ་ཞི་མོལ་བྱེད་ཀྱི་ཡིན་ཞེས་འུར་སྒྲོགས་དང་། ཡོད་མདོག་མདོག་སྟོན་གྱི་ཡོད་པ་འདི་ནི་དོན་ལ་མི་གནས་པའི་བྱ་སྤྱོད་ཅིག་རེད་བསམ། དེ་བས་བློ་སེང་མ་འོངས་པར་སྲིད་སྐྱོང་མུ་མཐུད་བསྡད་པ་ཡིན་ན། ཐོག་མར་རང་ཉིད་ཀྱི་མི་སྒེར་གྱི་ལོ་རྒྱུས་རྒྱ་གཞུང་གི་མདུན་ནས་གསལ་བཟོ་བྱེད་དགོས།
རང་ཉིད་ཀྱི་ལོ་རྒྱུས་གསལ་བཟོ་བྱས་ཚར་བའི་རྗེས་ནས་ད་གཟོད་བོད་རྒྱ་ཞི་མོལ་འགོ་འཛུགས་དགོས་པ་ཞིག་རེད། རེད་དེ་རྒྱ་གཞུང་གིས་ཚུར་དྲག་སྤྱོད་པ་རེད་ཞེས་བརྗོད་ཡོང་དུས། དྲག་སྤྱོད་པའི་མིང་དེ་ལས་ལྷ་བོར་གཙང་བཟོ་བྱེད་ཐུབ་མི་ཡོང་། དེའི་ཕྱིར་བློ་སེང་གིས་བོད་རྒྱ་ཕྱི་མོལ་དེ་སྔ་ས་ནས་ཁོ་བོས་མི་འཇོན། བྱེད་ཐུབ་ཀྱི་མེད་ཅེས་དྲང་པོར་བརྗོད་ན་བོད་མི་ཚོ་ལ་འོས་མི་ངོས་ཟིན་པ་ལ་ཁྱད་པར་ཡོད། ཁོ་བོས་དེ་ལྟར་དྲང་པོ་མི་བྱེད།

 

དོལ་རྒྱལ་ཚོགས་པ།

བློ་སེང་གིས་དོལ་རྒྱལ་ཚོགས་པར་དང་། ༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དག་ལ་རྒོལ་ལན་བསློགས་ན་ཆོས་སྲིད་ཁག་ཁག་གི་དབྱེ་བ་དང་། དམངས་གཙོའི་སྨྲ་བརྗོད་རང་དབང་གི་ལམ་ལུགས་དང་འགལ་འགྲོ་གི་ཡོད་པར་བརྗོད་དེ། དེར་ངོ་རྒོལ་བྱེད་པའི་ཚབ་ཏུ་ཐུན་རྐྱེན་སྒྲུབ། དེའི་མ་ཚད་ད་དུང་ཁོང་གིས། དོལ་རྒྱལ་གྱི་སྐོར་ལ་ ༧གོང་ས་མཆོག་ནས་ངོས་ཀྱི་ཆོས་གསུང་ས་ལ་དོལ་རྒྱལ་བ་ཚོ་མ་ཡོང་ཞེས་གསུང་ཡོད་པ་ལས། དོལ་ཚོགས་ཀྱིས་ཆོས་འདི་བྱེད་མི་ཆོག་ཅེས་བཀའ་གནང་མེད་པ་ཡིན་ཙང་། བོད་མིའི་སྒྲིགས་འཛུགས་ནས་དོལ་ཚོགས་ལ་དམིགས་བསལ་གྱི་སྲིད་ཇུས་གསར་བ་གང་ཡང་མེད། དེའི་མ་ཚད་དོལ་ཚོགས་ཚོ་ལ་བོད་པ་གཞན་ཚོར་བཙན་བྱོལ་ནང་ཇི་ཡོད་པ་དེ་ཡོད། དཔེར་ན་སློབ་གྲ་དང་། འགྲོ་སྐྱོད་ལག་འཁྱེར་ཚང་མ་ལྡི་ལི་དོན་གཅོད་ནས་གནང་དང་གནང་མུས་ཡིན། ང་ཚོས་ངོས་ནས་ཁོང་ཚོ་ལ་དབྱེ་བ་གཅིག་ཀྱང་འབྱེད་ཀྱི་མེད་ཅེས་བརྗོད་ཅིང་སྲིད་ཞུ་སྒྲུབ་བཞིན་ཡོད་པ་རེད།

བྱེད་སྟངས་དེ་ནི་དོལ་ཚོགས་དང་མཚན་སྨད་ཞུ་མཁན་དག་ལ་ཁོང་གིས་ཐད་གར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཞིག་ལས། དམངས་གཙོའི་ལམ་ལུགས་ཀྱི་སྒྲིག་གཞི་དང་འགལ་ཡོད་པ་ཞིག་དང་། ༧གོང་ས་མཆོག་ལ་བརྙས་བཅོས་འཕྱ་དམོད་བྱེད་གིན་ཡོད་པ་འདི་ཚོའི་བར་ལ་གོ་བརྡ་མ་འཕྲོད་ཞིག་གཏན་ནས་མིན། བོད་མིའི་གཏམ་དཔེར། བུ་ངན་པས་ཕ་ལ་རྡུང་བར། ལྟད་མོ་བལྟ་ཞེས་པའི་ཁོ་བོའི་བྱེད་སྟངས་འདི་ལ་ང་ཚོས་མུ་མཐུད་བལྟ་ཕོད་དམ། ངོ་མ་བཤད་ན། བློ་སེང་ ༧གོང་ས་མཆོག་གི་ཕྱོགས་རེད་དམ་ཡང་ན་དོལ་ཚོགས་ཀྱི་ཕྱོགས་རེད།
ཡང་གཅིག་བཤད་ན། དམངས་གཙོའི་ལམ་ལུགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་སོ་སོའི་བདག་དབང་སྲུང་སྐྱོང་བྱེད་རྒྱུ་དང་། བཙན་བྱོལ་སྒྲིགས་འཛུགས་ཀྱི་ལས་འགན་གཞན་ཞིག་ནི་༧རྒྱལ་བའི་སྐུ་ཕྱཱ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པས་ན། རང་འཁྲིའི་ལས་འགན་མི་ཐེག་པའི་དམངས་གཙོའི་ལམ་ལུགས་ཤིག་དང་། བཙན་བྱོལ་སྒྲིག་འཛུགས་ཤིག བཀའ་ཤག་ཅིག་གིས་ང་ཚོ་ལ་ག་རེ་བྱེད། དེ་ལས་ད་དུང་བཀའ་ཤག་གིས་དོལ་ཚོགས་ལ་མཐུན་རྐྱེན་རམ་འདེགས་མུ་མཐུད་བྱེད་ཀྱི་ཡོད་པ་འདི་ནི། སྤྱང་ཀིི་ཚེ་ཐར་དང་། རྐུ་མར་དཔའ་དར་གཏོང་གིན་ཡོད་པ་ཞིག་མ་རེད་དམ།

 

བཙན་བྱོལ་སྒྲིག་འཛུགས།

བཙན་བྱོལ་སྒྲིག་འཛུགས་ནི་༧གོང་ས་མཆོག་གི་སྐུ་སྒེར་གྱི་ནུས་པའི་འོག་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། སྒྲིག་འཛུགས་འདིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་ཉིན་རེའི་འཚོ་བའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན། ལོ་རེར་ཨ་སྒོར་ས་ཡ་ཉི་ཤུ་རྩ་གྲངས་བཏང་ནས་བཙན་བྱོལ་པ་ཚོའི་བདེ་སྡུག་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། དེང་གི་དུས་སུའང་སྒྲིག་འཛུགས་འདིའི་མགྲོ་གྲོན་མང་ཆེ་བ་༧གོང་ས་མཆོག་གིས་གནང་བའམ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན།
ཉིན་ཞིག ༧གོང་ས་མཆོག་མ་བཞུགས་ན་སྒྲིག་འཛུགས་ཀྱི་འཕྲུལ་འཁོར་འདི་ཇི་ལྟར་འཁོར། བློ་སེང་གིས་ལོ་ངོ་བཞི་ཡི་རིང་ལ་སྒྲིག་འཛུགས་འདི་ཉིད་འཛིན་སྐྱོང་བྱས་པའི་ཁྲོད། ལེགས་བཅོས་དང་བྱས་རྗེས་ངོ་མ་འདི་དང་འདི་ཡིན་ཟེར་བ་ཞིག་ད་ལྟ་སྟོན་རྒྱུ་མེད་པ་གསལ་བོ་རེད། དེ་ལ་ཁོ་བོ་དང་ཁོ་བོར་རྒྱབ་སྐྱོར་བྱེད་མཁན་ཚོས་ད་དུང་། འདས་ཟིན་པའི་ལོ་ལྔ་དེ་ཉམས་མྱོང་བསགས་པའི་དུས་ཚོད་རེད། ༢༠༡༦ ནས་འགོ་བཙུགས་ཏེ་བསགས་པའི་ཉམས་མྱོང་གཞི་ལ་བཞག་ཏེ་ལས་དོན་སྒྲུབ་ཀྱི་རེད་ཅེས་སྒྲོགས་སྟངས་དེར་ལྟོས་ན། བོད་མིའི་སྒྲིག་འཛུགས་འདི་ནི་སློབ་གྲ་ཞིག་མིན་ནམ་སྙམ་ལ། བོད་མི་ཆགས་འཇིག་གི་གཉན་འཕྲང་དུས་ཚོད་འདི་ལ་༧རྒྱལ་བ་རིན་པོ་ཆེས་བསྐྲུན་པའི་སྒྲིག་འཛུགས་འདི་ནི་ཁོ་བོའི་རྩེད་སྤྱད་བྱེད་ས་ཅིག་ཡིན་རུང་ངམ།

ལོ་ཁ་ཤས་ཀྱི་སྔོན་ལ། ༧གོང་ས་མཆོག་གིས་བོད་པའི་ལས་བྱེད་ཚོ་ལ་ཆ་རྐྱེན་སྣ་ཁ་གསུམ་བཏོན་ཡོད་པ་རེད། ཤེས་ཡོན་ཡོད་པ། ལྷག་བསམ་ཡོད་པ། སྙུགས་སྲིང་ཐུབ་པ་བཅས་རེད། བློ་སེང་གིས་བཀའ་ཤག་སྐབས་གོང་མའི་ལས་མཇུག་མི་སྐྱོང་བ་དང་། རང་འཁྲིའི་འགན་འཁུར་ལས་གཡོལ་ཐབས། བོད་ནང་གི་མི་མང་གི་སེམས་ཤུགས་རྩེད་སྤྱད་བྱེད་པ། ༧གོང་ས་མཆོག་སོ་སོའི་ལག་པ་ཕྱིས་ས་བཅས་བྱེད་པའི་བྱེད་སྟངས་འདི་ལས་ཁོང་ལ་བོད་པའི་ལས་བྱེད་ཚད་ལྡན་ཞིག་བྱེད་པའི་ཆ་རྐྱེན་མི་འདུག་སྙམ།

 

འོས་ཤོག་འཕེན་མཁན་ཚོ་ལ་ཞུ་བ།

འོས་ཤོག་གི་གསུང་བཤད་རེ་རེ་སྤེལ་ཡོང་སྐབས། མི་མང་ཚོས་ངུ་བའི་ཁ་ལ་ལྟོས་ནས་ངུ་བ་དང་དགོད་པའི་ཁ་ལ་ལྟོས་ནས་དགོད་པའི་རྣམ་པར་མི་སྡོད་པར། མི་ཆོས་གཙང་མ་བཅུ་དྲུག་ལས། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ཞེས་པ་ལྟར་རང་གི་རྣམ་དཔྱོད་ཡོངས་སུ་སྤྱད་དེ་འོས་ཤོག་ལྡུག་རྒྱུ་ལས། ཧོལ་རྒྱུགས་དང་། འཇིགས་སྣང་། ཧམ་པའི་ཕྱོགས་བཅས་སུ་མ་རྒྱུགས་རོགས་གནང་།
འོས་ཤོག་འཕེན་པ་ལ་འོས་མིའི་གནས་སྟངས་གཅིག་པོ་ཤེས་པའི་མི་ཚད། རྡ་རམ་ས་ལའི་གནས་སྟངས་ཀྱང་གསལ་བོ་ཤེས་དགོས། རྡ་རམ་ས་ལའི་སྒྲིག་འཛུགས་ཇི་ལྟར་འཁོར་སྐྱོད་བྱེད་གིན་ཡོད་པ་མི་ཤེས་ན། དེ་ཤེས་བར་གྱིས། རབ་ཡིན་ན། སོ་སོ་རྡ་རམ་ས་ལར་ཕེབས་ཏེ་དེ་གའི་གནས་སྟངས་གསལ་བོ་ཞིག་མཁྱེན་རྒྱུ་གལ་ཆེན་པོ་དང་། དེ་ལས་མ་བྱུང་ན་ངོ་ཤེས་གཞུང་ཞབས་ཟུར་བ་ཚོར་བཀའ་སློབ་ལམ་སྟོན་ཞུ་ན་ཕན་རླབས་ཆེ་བར་མངོན། འདིར་གསལ་པོར་ཤེས་རྒྱུ་ཞིག་ལ། ལས་བྱེད་ཉམས་མྱོང་ཅན་ཚོས་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁམས་རིགས་དང་སློབ་ཕྲུག་ཚོས་སེང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

དེ་ཡང་བཙན་བྱོལ་སྒྲིག་འཛུགས་ནི་ཆོལ་ཁ་གཅིག་གི་སྒྲིག་འཛུགས་ཤིག་མ་ཡིན་པར། འདི་ཆོལ་ཁ་གསུམ་ལས་གྲུབ་པའི་སྒྲིག་འཛུགས་ཤིག་ཡིན་པས་ན། སྲིད་སྐྱོང་ཞིག་ཡིན་ན་ཆོལ་ཁ་གསུམ་པོ་མཉམ་དུ་ཁྲིད་ཐུབ་རྒྱུ་ནི་གལ་ཆེན་པོ་རེད། གལ་སྲིད་དེ་ལྟར་མ་ཡིན་པར་ཆོལ་ཁ་གཅིག་རང་གི་སྒྲིག་འཛུགས་ཤིག་ཏུ་ཆགས་ན། བོད་མི་ས་ཡ་དྲུག་གི་ཚབ་མཚོན་རྒྱུ་ཕར་ཕྱོགས་བཙན་བྱོལ་བོད་མི་ཚོས་ཚབ་ཀྱང་ཆ་ཚང་ཞིག་མཚོན་ཐུབ་གིན་ཡོད་པ་མ་རེད། ཤེས་གསལ་ལྟར་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་གཅིག་དང་། སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་གཉིས་ཡོད་པ་རེད།
གསལ་བོ་བཤད་ན། ང་ཚོའི་གཞུང་དེ་༧རྒྱལ་བའི་སྐུ་ཕྱཱ་སྲུང་མཁན་ཞིག་དང་། རང་གི་མི་སྒེར་གྱི་འཚོ་གནས་དང་འབྲེལ་བ་ཡོད་པའི་ཞིག། དབུ་ཁྲིད་དེ་ང་ཚོས་ཧ་གོ་ཞིང་། གོ་བརྡ་འཕྲོད་མཁན་ཞིག་ཡིན་དགོས། སྤེན་པ་ཚེ་རིང་ལ་མཚོན་ན་ཆ་རྐྱེན་དེ་དག་ཚང་མ་ཡོད།

སྒྲིག་འཛུགས་དང་ཚོགས་པ་ནི་མི་མང་པོ་ཞིག་མཉམ་རུབ་ཐོག་འཁོར་སྐྱོད་བྱེད་ཀྱི་ཡོད་པ་དང་། མི་རེ་ངོ་རེའི་འགན་ཁུར་ལེན་སྟངས་ཀྱི་ཐོག་ནས་ཚོགས་པ་དར་རྒུད་འགྲོ་བ་ཆོས་ཉིད་ཡིན། བཙན་བྱོལ་སྒྲིག་འཛུགས་ལ་མཚོན་ན་ ༧གོང་ས་མཆོག་གིས་ཐད་ཀར་གསོ་སྐྱོང་འོག་སྐུ་འཁྲུངས་ཤིང་གཉོམ་ལག་རྒྱས་ཏེ། བཀའ་ཤག་རིམ་པས་ད་རག་བར་མཇུག་སྐྱོང་ནས་ཡོང་བ་ཞིག་ཡིན། ད་རེབ་ཀྱི་འོས་ཤོག་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འཐུས་ཚང་ཡོང་མིན་ལ་རག་ལས་ཤིང་། གལ་སྲིད་ལས་དོན་འདི་ལ་རྒྱབ་སྐྱོར་ཡང་དག་པ་ཞིག་མ་བྱས་པར་བཙན་བྱོལ་སྒྲིག་འཛུགས་འདིར་མུ་མཐུད་ཆག་སྒོ་བྱུང་བ་ཡིན་ན། ཕྱི་རོལ་དུ་སྡོད་པའི་བོད་པ་ཚོས་འགན་མ་ཐེག་པ་དང་། གཞིས་ལུས་མི་དམངས་ཀྱི་མདུན་ནས་ངོ་ཚ་དགོས་པ། བོད་ཀྱི་ལོ་རྒྱུས་ཀྱི་ཞབས་འདྲེན་ཞུ་མཁན་བཅས་ཆགས་འགྲོ་གིན་རེད།

ལོ་ངོ་འདི་དག་གི་རིང་ལ་༧གོང་ས་མཆོག་གིས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་སྟག་དར་མས་སྟག་ཕྲུག་ཁྲིད་ཁྲིད་དང་། འབྲོང་བྲེ་ལུས་འབྲོང་ཕྲུག་གསོ་གསོ་བྱས་པ་རེད། ད་ནི་ང་ཚོས་སྐབས་སུ་བབས་པའི་སྲིད་སྐྱོང་མ་འཆུག་མ་ནོར་བ་ཞིག་འདེམས་ཏེ། རང་གི་ལས་འགན་དང་༧རྒྱལ་བའི་དགོངས་པ་སྒྲུབ་རྒྱུའི་མཚམས་ལ་སླེབས་ཡོད།
ད་ནི་བོད་ནང་གི་མི་དམངས་ཚོ་མུ་མཐུད་མེ་ལ་མཆོངས་རྒྱུ་མི་འདུག གཞིས་བྱེས་གཉིས་འདི་ལྟར་ལོ་ནས་ལོ་རུ་ཁ་བྲལ་ནས་སྡོད་རྒྱུ་མི་འདུག ༧གོང་ས་མཆོག་མི་ཡུལ་ནས་རྫོགས་སུ་འཇུག་རྒྱུ་མི་འདུག བཙན་བྱོལ་སྒྲིག་འཛུགས་འདི་བློ་སེང་གི་ཉམས་མྱོང་གསོག་ས་དང། རྔམ་རྫིག་སྟོན་ས་ཞིག་ཏུ་བསྒྱུར་མི་རུང་།

བོད་པ་ཚོ་མིག་ཕྱེས་ནས་འོས་ཤོག་བླུགས། བསམ་བློ་བཏང་ནས་འོས་ཤོག་བླུགས། ཤེས་ཡོན་ཡོད་པའི་ཐོག་ནས་འོས་ཤོག་བླུགས། ཁེ་ཉེན་བསྡུར་ནས་འོས་ཤོག་བླུགས། ལྷག་བསམ་ཡོད་པའི་ཐོག་ནས་འོས་ཤོག་བླུགས་རོགས་གནང་།

ཁྱེད་ཉིད་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མཁན་ཞིག་དང་། སེམས་ཤུགས་ཅན་ཞིག ལ་རྒྱ་ཅན་ཞིག བོད་སྤྱི་བའི་རྩ་དོན་ལ་འགན་འཁུར་མཁན་ཞིག་ཡིན་ན། སོ་སོའི་འོས་མི་མ་འཆུག་པ་ཞིག་འདེམས་རྒྱུ་དེ་ནི་ཁྱེད་ཀྱི་སྐབས་སུ་བབས་པའི་ལས་ཀ་ཉག་ཅིག་གོ

བསམ་ཚུལ།

Post navigation

Previous Post: ལོ་གསར་ཉིན་སྐད་ཡིག་ཁྲོད་ནས་མདུན་ལམ་འཚོལ་བ།
Next Post: ༡༩༤༦ ལོའི་ཆོས་ཀྱི་ཚིགས་སུ་བཅད་པའི་པར་མ་དང་དེའི་སྔོན་གླེང་འགའ།

Comments (12) on “སྲིད་སྐྱོང་བློ་བཟང་སེང་གེའི་བྱེད་སྟངས་ལ་བལྟ་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 4:56 am

    ་་་་་་་་་ ྇ལོ་ངོ་འདི་དག་གི་རིང་ལ་༧གོང་ས་མཆོག་གིས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་སྟག་དར་མས་སྟག་ཕྲུག་ཁྲིད་ཁྲིད་དང་། འབྲོང་བྲེ་ལུས་འབྲོང་ཕྲུག་གསོ་གསོ་བྱས་པ་རེད། ད་ནི་ང་ཚོས་སྐབས་སུ་བབས་པའི་སྲིད་སྐྱོང་མ་འཆུག་མ་ནོར་བ་ཞིག་འདེམས་ཏེ། རང་གི་ལས་འགན་དང་༧རྒྱལ་བའི་དགོངས་པ་སྒྲུབ་རྒྱུའི་མཚམས་ལ་སླེབས་ཡོད།
    ད་ནི་བོད་ནང་གི་མི་དམངས་ཚོ་མུ་མཐུད་མེ་ལ་མཆོངས་རྒྱུ་མི་འདུག གཞིས་བྱེས་གཉིས་འདི་ལྟར་ལོ་ནས་ལོ་རུ་ཁ་བྲལ་ནས་སྡོད་རྒྱུ་མི་འདུག ༧གོང་ས་མཆོག་མི་ཡུལ་ནས་རྫོགས་སུ་འཇུག་རྒྱུ་མི་འདུག བཙན་བྱོལ་སྒྲིག་འཛུགས་འདི་བློ་སེང་གི་ཉམས་མྱོང་གསོག་ས་དང། རྔམ་རྫིག་སྟོན་ས་ཞིག་ཏུ་བསྒྱུར་མི་རུང་། ་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 4:57 am

    བློ་སེང་གིས། ཊོན་ཊོ་ལ།
    https://www.youtube.com/watch?v=1lGBVIggPVI

  3. ཧང་ངེ་པ། says:
    2016-02-22 at 11:50 am

    སྲིད་སྐྱོང་མཆོག་ལ་ཚིག་ངན་ཞིག་ཞུ་འདོད་རྩ་ནས་མེད་ལ། ཚོགས་གཙོ་ལ་ཡང་དེ་བཞིན་ཡིན། འོན་ཀྱང་། ད་ལྟ་བཤད་ཚོད་མི་ཐིག་པ་རྗེས་མའི་སྲིད་སྐྱོང་རེད། སུ་ལ་ཐོབ་ཀྱང་སུས་ཤོར་ཀྱང་འགྱོད་པ་རྩ་ནས་མེད།
    དབུས་གཙད་བ་ལ་ཆ་བཞག་ན། ལོ་རྒྱུས་སྟེང་ནས་བོད་ཀྱི་དབུ་ཁྲིད་ཡིན་པ་སུས་ཀྱང་ཤེས། ཡིན་ནའང་སྟབས་མ་ལེགས་པའམ། ལས་དབང་ཞིག་ལ་བརྟེན་ནས། འདས་པའི་མི་ལོ་བཅུ་ཕྲག་ལྷག་ཙམ་གྱི་རིང་དབུས་གཙང་བའི་ཁྲོད་ནས་འགོ་ཁྲིད་མཐོ་ཤོས་དེ་བྱུང་མེད། འདི་ལ་དབུས་གཙང་ཆོལ་ཁར་མཚོན་ན་བཟོད་པ་སྒོམ་དཀའ་བ་ཞིག་རེད། ཞིབ་ཏུ་བསམས་ན་ཁོང་ཚོར་ཁག་ཅི་ལ་ཡོད། ལོ་རྒྱུས་གློ་བུར་དུ་འགྱུར་བ་ལ་བཟོད་པ་སྒོམ་ཐུབ་མཁན་མེད།
    འདི་ལོའི་སྲིད་སྐྱོང་གི་འགྲན་རྩོད་ཐད་ཀྱི་ཐོབ་ཤོར་ནི། དབུས་གཙང་དང་མདོ་སྟོད་ཆོལ་ཁའི་ཐོབ་ཤོར་ཁོ་ན་ཡིན་ཞེས་བཤད་ཆོག མདོ་སྨད་ལ་སྔར་ནས་ཐོབ་རྒྱུ་དང་ཤོར་རྒྱུ་གཉིས་ཀ་མེད་ལ་ད་ལྟ་ཡང་དེ་བཞིན་ཡིན། ཁ་སང་དེ་རིང་འགའ་ཞིག་སེམས་ཚོར་གྱི་དབང་དུ་འགྲོ་བ་དངོས་བདེན་ཡིན་ཡང་། ཕྱོགས་གཉིས་ཀས་ཀྱང་མདོ་སྨད་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད། དེ་ཡིན་ཆོག་པ་ཞིག་ཀྱང་རེད། མདོ་སྨད་པས་བོད་ས་རང་ནས་མི་རིགས་རང་གི་ངོ་བོ་དང་དཔལ་འབྱོར། ཆོས་རིག་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་ཚུལ་བཞིན་བྱེད་པའི་ཁར། ཆོལ་ཁ་གཞན་གཉིས་ལ་ཡང་མཐུན་ལམ་དང་རོགས་རམ་རྒྱ་ཆེན་པོ་བྱེད་བཞིན་ཡོད། དེ་ནི་མདོ་སྨད་ཁོ་ནས་བྱས་དང་བྱེད་བཞིན་པའི་བྱ་བ་རླབས་ཆེན་ཞིག་རེད།
    བཙན་བྱོལ་ནང་མདོ་སྨད་པ་ཉུང་ཤས་ཤིག་ལས་མེད་པ་སུས་ཀྱང་ཤེས། ཉུང་ངུ་འདིས་ཀྱང་གཙོ་བོ་ཤེས་རིག་གི་ཕྱོགས་ལ་འབད་པ་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་ཕྱོགས་ན་སྐལ་བ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཏུ་སྣང་ལ། མ་འབད་པ་དེ་ཡང་ལེགས་པའི་ཚོད་རེད། ཉུང་བ་དེ་ནམ་ཡང་མང་བའི་འགྲན་ཡར་མི་ཡོང་།
    གང་ལྟར། སྐུ་ངོ་ཚོགས་གཙོ་ལ་ཐོབ་ཀྱང་མདོ་སྨད་ལ་ཐོབ་པ་མིན་ལ། ཤོར་ཡང་མདོ་སྨད་ཤོར་བ་མིན། དབུས་གཙང་ཆོལ་ཁས་ཤུགས་མ་བརྒྱབ་ན། མུ་མཐུད་ནས་བཟོད་བསྲན་གནང་རྒྱུ་ལས་ཐབས་མེད། ད་ཐེངས་ལམ་ཁ་ཞིག་གམ་བློ་རྒྱུས་གསར་པ་ཞིག་བཟོ་ཐུབ་ན། དབུས་གཙང་བའི་ཁྲོད་ནས་སྤོབས་པ་གསར་པ་ཞིག་བསླེབ་ཐུབ་པར་མ་ཟད། གཞོན་སྐྱེས་མང་པོ་ཞིག་ལ་གདེང་ཚོད་ཀྱང་བསྐྲུན་ཐུབ། འདི་ནི་དབུས་གཙང་བར་མཚོན་ན་དོན་དག་གལ་ཆེན་ཞིག་རེད་སྙམ།
    སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བའི་རྣམ་དཔྱོད་དང་སྤོབས་པ། འཁྲུག་ཆ། བློས་གཏོང་བཅས་ལ་བལྟས་ན། འདི་ལོ་ཡང་སྔོན་གྱི་སྐུ་ངོ་བཀྲས་མཐོང་བའི་སྐབས་ལྟར་དབུས་གཙང་བ་རྣམས་ཤོར་རྒྱུ་ཡིན་པ་འདྲ། གལ་ཏེ་འདི་ལོ་ཤོར་ན། ལྔ་ཚན་རྗེས་མའི་སྐབས་ནི་དེ་ལས་ཀྱང་སྨོས་མི་དགོས་པ་ཞིག་རེད། ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ།

  4. བསྟན་འཛིན says:
    2016-02-22 at 1:58 pm

    ཕྱིར་འཐེན་དང་ཕྱིར་འགྱངས།ཆུ་སྒང་གསར་རྙིང་།ཡར་ཞུས་པ་དང་མར་གསུངས་པ།ངས་སུ་ལ་ཡིད་ཆེས་བྱེད་དགོས་སམ

  5. འཇིགས་བྲལ། says:
    2016-02-22 at 2:26 pm

    བསྟན་འཛིན་ལགས། རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་ལ་ཡིད་ཆེས་བྱས་ན་འགྲིག་བསྡད་ཡོད་རེད་ལོ།

  6. ལྷ།བྱ་འཕུར་མ། says:
    2016-02-22 at 4:53 pm

    གང་ལྟར། དུས་དབང་ཕྱིར་འགྱངས་ཀྱི་གནད་དོན་དེ་སེང་གེའི་རྫུན་གཏམ་ཡིན་པས་ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད་། སྤྱི་ཚོགས་ནང་ཕུ་དཀྲུགས་མདའ་དཀྲུགས་བྱས་སོང་།

  7. རྒྱ་ཞིང་མྱི་དཀར། says:
    2016-02-23 at 12:13 am

    བློ་སེང་གི་དེ་ཉིད་སྤྱི་ཚོགས་ན་གསལ་ལེ་ཆགས་ངོ་མ་ཡིད་སྐྱོ་ཀི

  8. ཅང་ཤེས་རྟ་མཆོག says:
    2016-02-23 at 1:44 am

    ་ཕྱིར་འགྱངས་མ་རེད་ཕྱིར་འཐེན་རེད།
    རྒྱལ་བའི་དགོངས་པ་ཚོམ་རྟགས་རེད།
    ཡར་ཞུས་མ་རེད་མར་གསུངས་རེད།
    དྲུང་གཉིས་ཕེབས་ནས་མར་གསུངས་རེད།

    ཆུ་སྒང་གཉིས་ཀྱི་གནད་དོན་དང་།
    བརྒྱད་པའི་ཉེར་བདུན་ཉེར་བརྒྱད་ཀྱི།
    མདོ་སྟོད་སྤྱི་འཐུས་ཡིས་ཉེན་བརྡ་དང་།
    གསལ་བསྒྲགས་གསུམ་གྱི་འགལ་ཟླ་སོགས།
    གླེང་ན་བློ་སེང་སྙིང་རེ་རྗེ།

  9. པདྨ says:
    2016-02-23 at 3:08 am

    བློ་བཟང་སེངྒེའི་གཟི་བརྗིད་འདིས།།
    རྒྱལ་པན་ཡིན་ཡང་གུག་གུག་གུག།།
    སྐྱ་སེར་ཚང་མ་སྒུ་རུ་རུ།།
    ཛམ་གླིང་སྒང་ན་ལྷང་ངེར་མངོན།།
    སྤེན་ཚོགས་ཕྲག་དོག་དུག་གིས་བཟི།།
    དོལ་ཚོགས་འཇིགས་སྐྲག་སྐད་ངན་ཤོར།།
    སྒེར་སྤྱོད་ཚང་མས་སྐད་རྩ་འདར།།
    བློ་སེང་ཨ་བྷ་གཉིས་པ་རེད།།
    ལོ་རྒྱུས་ནང་གི་རྡོ་རིང་རེད།།
    གངས་ཅན་བོད་པའི་གཙུག་རྒྱན་རེད།།
    མ་ཚོགས་འཇོམས་པའི་ཐོ་བ་རེད།།
    ཞི་བདེ་འདྲེན་པའི་དེད་དཔོན་རེད།།
    བོད་འབངས་ཡོངས་ཀྱི་མགྲིན་ཚབ་རེད།།

  10. རྣམ་རྒྱལ། says:
    2016-02-23 at 6:16 am

    ེརྣམ་པ་ཚོ་བོད་སྤྱི་ལ་བསམ་བློ་བཏང་ནས་ཆོལ་ཁའི་བར་ལ་དཀྲུག་ཤེང་མ་སློང་རོགས། བདེན་པ་སུར་ཡོད་དཔྱད་ན་ཤེས། མཛེས་མ་སུ་ཡིན་བལྟས་ན་ཤེས།

  11. པདྨ says:
    2016-02-23 at 6:59 am

    ཨོ་བྷ་གཉིས་པ་རེད།།

  12. ལྷ་སའི་བུ་ says:
    2016-02-24 at 6:39 pm

    དེང་སང་སྲིད་སྐྱོང་རྐུབ་བསྟེགས་ལ་འགྲན་རྩོད་བྱེད་པའི་སྐབས་འདིར་མི་མང་པོས་ཆོལ་ཁའི་སྐོར་མང་པོ་ཤོད་ཀྱི་འདུག་པ་ཡག་རྟགས་ཤིག་ཁྱོན་ནས་མ་རེད། གོང་གི་ཨ་རྡོའི་རྩོམ་འཆལ་ནང་གཟིགས་དང་།
    ༼ཁམས་རིགས་དང་སློབ་ཕྲུག་ཚོས་སེང་གེར་རྒྱབ་སྐྱོར་བྱེད་༽ཟེར་བ་སྐད་ཆ་དྲང་བདེན་ཞིག་མ་རེད། དཔེར་ན། བཀའ་ཁྲི་དང་སྲིད་སྐྱོང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། ད་ལྟའི་སྲིད་སྐྱོང་མཆོག་རེད། ཁོང་རྣམ་གཉིས་འཁྲུངས་ཡུལ་མདོ་སྟོད་ཆོལ་ཁ་ནས་ཡིན་པ་ཚང་མས་ཤེས་གསལ་རེད། བཙན་བྱོལ་ནང་བོད་མི་མི་འབོར་ཆེ་ཤོས་དབུས་གཙང་ཆོལ་ཁོངས་ནས་ཡིནཙང་གལ་སྲིད་ཆོལ་ཁའི་འཐེན་འཁྱེར་བྱས་ཡོད་ན་ཁོང་རྣམ་གཉིས་ལ་འོས་ཐོབ་ཐབས་ནམ་ཡང་མེད་དོ། །འཆལ་གཏམ་མང་པོ་མ་སྤེལ་ན་ལེགས། དེ་འདྲའི་དཀྲོགས་གཏམ་གྱིས་བོད་སྥྱི་དོན་ལ་གནོད་རྒྱུ་ལས་ཕན་པ་འགྲུབ་མི་སྲིད། ང་ཚོ་ལུང་པ་མེད་པའི་སྐྱབས་བཅོལ་བ་ཡིན་ཙང་ཨ་རི་སོགས་ནུབ་ཕྱོགས་པའི་འོས་འདེམས་བྱེད་སྟངས་ལད་ཟློས་བྱས་ན་ཏག་ཏག་སྡོད་ཀྱི་མ་རེད། སྔ་དྲགས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme