Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་འོས་མི་གཉིས་བསྡུར་བ།

Posted on 2016-02-202016-02-20 By ཁ་བརྡ 23 Comments on སྲིད་སྐྱོང་འོས་མི་གཉིས་བསྡུར་བ།

བློ་གྲོས་རབ་བརྟན།

 
༡༽ མི་གཞི།

བློ་བཟང་སེང་གེ༽ ཁོང་གི་མི་གཞི་ག་འདྲ་ཡིན་མིན་ཁོང་གི་གཏམ་བཤད་དང་ཕྱག་ལས་གནང་སྟངས་ལ་བལྟས་ན། མི་གཞི་བརྟན་པོ་དང་ཁྲེལ་ཡོད་ཀྱི་མི་ཞིག་མ་རེད་ལ། དྲང་བདེན་དང་དངོས་ཡོད། ནོར་འཁྲུལ་ཁས་ལེན་པའི་གོམས་གཤིས་བཟང་བོ་ཞིག་ཧ་ལམ་ལོ་ལྔའི་རིང་བོད་མི་ཚོས་མཐོང་ཐུབ་མེད། དེའི་རྐྱེན་གྱིས་གནད་དོན་བྱུང་བ་དག་ཕྱི་གསལ་ནང་གསལ་ཡིད་ཆེས་འཕེར་བ་ཞིག་སྣ་གཅིག་ཀྱང་བཟོ་ཐུབ་མེད། དེ་ནི་ཁོའི་མི་གཞི་འམ་གཤིས་ཀ་ལ་འབྲེལ་བ་དམ་པོ་ཡོད།

སྤེན་པ་ཚེ་རིང་།༽ འོས་བསྡུའི་ལས་རིམ་ཁྲོད་ནས་ཁོང་གི་གཏམ་བཤད་དང་རྣམ་པ་མངོན་སྟངས་ནི། མི་གཞི་བརྟན་པོ་དང་གཉོམ་ཆུང་བག་ཡོད་ཀྱི་མི་ཞིག་ཡིན་པར་མ་ཟད། བདེན་པ་དང་དངོས་ཡོད་གོང་དུ་བཀུར་ཞིང་། ཧམ་སེམས་མེད་པའི་མི་དཀྱུས་མ་ཞིག་རེད་ལ། ཁ་སང་དགྲ་ཡིན་ནའང་དེ་རིང་གཉེན་དུ་བསྒྱུར་བར་བརྩོན་ཐུབ་མཁན་གྱི་མགོ་ཁྲིད་ཅིག་གི་རྣམ་པ་སྟོན།

 

༢༽ ཤེས་ཡོན།

བློ་སེང་།༽ ཨ་རིའི་ཧྭ་ཝར་སྒྲི་སློབ་ཆེན་ནས་ཐོན་པའི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཞིག་རེད། ཧྭ་ཝར་སྒྲི་སློབ་ཆེན་དུ་སློབ་དཔོན་ཆེན་མོ་ཞིག་གི་ཡིག་ཆ་མཁོ་སྒྲུབ་ཀྱི་ལས་ཀ་བྱས་པ་རེད་ལ། བོད་མི་རང་གི་སྐད་ཡིག་དང་རིག་གཞུང་ཐད་ནས་ཀླད་གོར་མིན་ཙམ་རེད། ཧྭ་ཝར་སྒྲི་སློབ་ཆེན་གྱི་འབུམ་རམས་པའི་ལག་འཁྱེར་ཡོད་པའི་སྲིད་སྐྱོང་ཐོག་མ་རེད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཤེས་ཚད་སྐྱོ་ཤོས་ཀྱི་སྲིད་སྐྱོང་ཐོག་མ་དེ་ཡང་རེད།

སྤེན་ཚེ།༽ རྒྱ་གར་མ་རྡི་ར་སི་སློབ་ཆེན་ནས་ཚོང་ལས་རིག་པའི་ཐད་ནས་སློབ་ཆེན་པ་ཞིག་རེད། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་གོ་རྟོགས་མི་དམན་ཙམ་དང་། བོད་གཞིས་བྱེས་གཉིས་ཀྱིས་གཙོས་ཕྱི་ནང་གི་གནད་དོན་ཁག་ལ་རྒྱུས་མངའ་ཡོད་ཐོག བོད་དབྱིན་གཉིས་ལ་རང་རྐྱ་འཕེར་བའི་ཅུང་སྣ་འཛོམས་ཀྱི་མི་སྣ་ཞིག་རེད།

 

༣༽ ཉམས་མྱོང་།

བློ་སེང་།༽ 2011 ལོར་ཉམས་མྱོང་གཏན་ནས་མེད་པའི་མི་ཞིག བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་གོ་གནས་མཐོ་ཤོས་ལ་འཛེགས། དེ་ནས་དེ་རིང་བར་དུ་གཙོ་ཆེར་ཉམས་མྱོང་གིས་མ་འདང་བས། ཁྲིམས་དང་སྒྲིག་གཞི་ནས་གཤམ་འོག་གི་ལས་བྱེད་བསྐོ་འཇོག་བར་ཆ་སྙོམས་པོ་ཞིག་དང་། གལ་ཆེན་དོན་ཆེན་གྱི་ལས་དོན་གཅིག་ཀྱང་སྲ་ཐག་ཐག་ཅིག་བྱས་པ་ཡོད་དམ། རེད་དེ། ད་དུང་ཡིན་ནའང་སྲིད་སྐྱོང་གི་ཁྲི་འདི་སློད་ཀྱི་མེད་ཅིང་། ཁོ་ལ་དེ་སྔར་ཉམས་མྱོང་མེད་པས་ལས་ཀ་ཡག་པོ་བྱེད་མ་ཐུབ་ཀྱང་། ད་ལྟ་ལོ་ལྔ་ཙམ་རིང་ཉམས་མྱོང་བསགས་ཡོད་པས། སྔར་ལས་ཡག་ཅིག་བྱེད་ཐུབ་ལབ་ན། བདེན་པའི་ཆ་ངེས་ཅན་ཡོད་ཀྱང་། བློ་སེང་གིས་དེ་ལྟར་ཡེ་ནས་མི་བཤད་པར་ཚང་མ་ཡག་ཐག་ཆོད་དང་། འགྲིག་ཐག་ཆོད་ཡོད་ཅེས་ཤོད་ཀྱིན་འདུག

སྤེན་ཚེ།༽ མི་ལོ་ལྔ་བཅུ་ཙམ་གྱི་ནང་ལོ་ངོ་ཉི་ཤུའི་རིང་ཉམས་མྱོང་བསགས་ཡོད། ཉམས་མྱོང་དེ་དག་བོད་པའི་སྤྱི་ཚོགས་དང་ཁ་མ་བྲལ་བའི་ཉམས་མྱོང་ཤ་སྟག་རེད། ཁོང་གིས་དངོས་སུ་ལས་ཀ་བྱས་པའི་ཉམས་མྱོང་དེས། སྲིད་སྐྱོང་བྱེད་ཐུབ་པའི་གདེང་ཚོད་བསྐྲུན་ཡོད་ཅིང་། ག་ཚོད་ཀྱིས་ཉམས་མྱོང་མང་བ་བསགས་ན། དེའི་ཚོད་ཀྱིས་ནོར་འཁྲུལ་ཉུང་བ་དང་། ལས་དོན་ཁག་ཚགས་ཚུད་པོ་དང་སྤྱི་སྙོམས་ཡོང་གི་ཡོད།

 

༤༽ ཆབ་སྲིད།

བློ་སེང་།༽ དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་དེ་བོད་རྒྱ་འབྲེལ་མོལ་ལ་ཅི་ཡང་བྱེད་ཐུབ་མེད། ཐ་ན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ད་ལྟའི་ཆར་སྲིད་ཇུས་ཡག་ཤོས་ཡིན་ཟེར་བ་ཙམ་ལས། ཡག་ཤོས་ཡིན་ཚུལ་གྱི་འགྲེལ་བཤད་ཡང་དག་ཅིག་ད་བར་མཐོང་རྒྱུ་མེད་ཅིང་། བོད་རྒྱ་འབྲེལ་མོལ་དེ་ཡང་ཁོང་གི་པང་ཁ་ན་གཉིད་ལ་ཤོར་བ་མ་ཟད། འབྲེལ་མོལ་སྐུ་ཚབ་ཙམ་ཡང་གསར་བསྐོ་བྱེད་ཐུབ་མེད། ལོ་ལྔ་ཙམ་རིང་བོད་རྒྱ་འབྲེལ་མོལ་ཚོགས་འདུ་ཐེངས་ཁ་ཤས་ཚོགས་སོང་ལ། ཚོགས་ཞུགས་མི་སྣ་སྣོན་འཕྲི་དང་མི་འབོར་མང་དུ་བཏང་བ་ཙམ་རེད།

དབུ་མའི་སྲིད་ཇུས་དེས་རབ་བྱུང་ན། རྒྱ་ནག་གཞུང་དང་དེ་མ་བྱུང་ན་རྒྱ་མི་རིགས་ལ་བསྙོབ་དགོས་པ་དེ་སྲིད་ཇུས་དེའི་དགོངས་དོན་རེད། དེའི་ཆེད་དུ་དོན་གཅོད་ཁང་འགའ་རུ་རྒྱ་རིགས་འབྲེལ་མཐུད་པ་བསྐོས་ཡོད། འོན་ཏེ་བློ་སེང་གི་རིང་ལ་ཨ་རིའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་རྡ་སར་བླངས་ཀྱང་། དེའི་ཚབ་ལ་མི་སྣ་བསྐོས་མེད་ལ། ལོ་མང་རིང་ཉམས་མྱོང་བསགས་ཤིང་། བོད་ཕྱི་ནང་གི་གནས་སྟངས་ལ་གོ་རྟོགས་ཡོད་པ། ཀུན་དགའ་བཀྲ་ཤིས་དགོས་སར་མ་བཞག་པའི་ཐད་ནས་དོགས་པ་མང་པོ་བསླངས་ཡོད།

སྤེན་ཚེ།༽ དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་དང་། བོད་རྒྱ་འབྲེལ་མོལ་ཐད་ཁོང་གིས་ག་ཚོད་ཅིག་འཇོན་གྱི་ཡོད་མེད་ད་ལྟའི་ཆར་བཤད་ཐུབ་པ་ཞིག་མ་རེད་དེ། ཁོང་ནི་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་ངེས་རྙེད་ཀྱི་མི་ཞིག་རེད་ལ། བོད་རྒྱ་འབྲེལ་མོལ་ཐད་འཆར་སྣང་ཡོད་མཁན་ཞིག་ཀྱང་རེད། ཁོང་གིས་” རྒྱ་གཞུང་ལ་སྤྲད་པའི་རང་སྐྱོང་ཐད་ཀྱི་ཡིག་ཆ་ལ་ཡ་ལན་མེད་དུས། ཡིག་ཆ་གཉིས་པ་ཞིག་ལ་བསམ་བློ་གཏོང་དགོས་པ་དང་། འབྲེལ་མོལ་སྐུ་ཚབ་ངེས་པར་དུ་བསྐོ་དགོས་ལ་ཁོང་གིས་དེའི་ཆེད་དུ་ལས་ཀ་བྱེད་དགོས་ཀྱི་འདུག བོད་རྒྱ་འབྲེལ་མོལ་ཚོགས་འདུའི་འཐུས་མིའི་ཁོངས་སུ་ངེས་པར་དུ། བོད་ནས་གསར་དུ་ཕེབས་པའི་རྒྱ་ཡིག་ཤེས་མཁན་འཇུག་དགོས་འདུག” ཅེས་བཤད་སོང་།

ཁོང་ལ་སྲིད་སྐྱོང་ཐོབ་སོང་ན། ཁོང་གིས་བོད་རྒྱ་ཞི་མོལ་ཐད་ལས་ཀ་འདི་དང་འདི་བྱས་པ་ཡིན། གྲུབ་འབྲས་འདི་དང་འདི་བྱུང་སོང་། འདི་དང་འདི་བྱུང་མ་སོང་ཞེས། མི་མང་ལ་བརྡ་ལན་གསལ་བོ་ཞིག་ཏན་ཏན་སྤྲོད་ངེས་རེད་ལ། ཅི་ཡིན་འདི་ཡིན་མེད་པར་སྤམ་པོར་བྱས་ནས་འཇོག་གི་མ་རེད་འདོད།

 

༥༽ འཛིན་སྐྱོང་།

བློ་སེང་།༽ ཧ་ལམ་ལོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་འགན་དེ་བློ་སེང་གིས་བླངས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་མེད་པར་བཟོས་ཏེ། ཁྲིམས་དང་སྒྲིག་གཞི་གང་ནའང་གསལ་ཁ་མེད་པའི་གྲོས་སྟོན་པ་ཟེར་བ་བསྐོ་འཇོག་བྱས་ཡོད། འཛིན་སྐྱོང་བཀའ་ཤག་གི་འཛིན་སྐྱོང་སྤྱི་སྙོམས་ཤིག་དང་སྒྲིག་གཞི་དང་མཐུན་པ་ཞིག་མ་བྱུང་སྟབས། ལས་བྱེད་རྒན་པ་བརྒྱ་མ་ཟིན་ཙམ་གྱིས་ཞུ་གཏུག་གི་སྙན་ཞུ་ཕུལ་ཡོད།

དེ་བཞིན་རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་དག་ཤེས་རིག་ཁྱབ་ཁོངས་སུ་ཟླ་བསྒྲིལ་གཏོང་བའི་ལས་གཞི་མགོ་བརྩམས་ཟིན་ནའང་། ཁྲིམས་དང་སྒྲིག་གཞིའི་འོག་ནས་ལེན་མ་ཐུབ་པར་དེ་མུར་ལྷག་པར་མ་ཟད། རྒྱ་གར་དགེ་རྒན་སྐོར་ཞིག་གིས་ཁྲིམས་གཏུག་ཀྱང་བྱས་ཡོད།

དེ་བཞིན་ཤེས་ཡོད་སྲིད་ཇུས་ལག་བསྟར་ཡང་དག་ཅིག་མ་བྱས་པས། གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། ཞིབ་འཇུག་སྙན་ཐོ་གྲོས་ཚོགས་སུ་ཕུལ་བའི་ནང་འཐུས་ཤོར་ཕྱིན་ཡོད་པ་གསལ་ཡོད། ད་དུང་མང་་་་་

སྤེན་ཚེ།༽ ལོ་ངོ་ཉི་ཤུའི་རིང་གི་ཉམས་མྱོང་ཡོད་ཅེས་ཤོད་བསྡད་པ་དེ་གཙོ་བོ་འཛིན་སྐྱོང་གི་ཉམས་མྱོང་རེད། བོད་ཀྱི་སྲིད་ཇུས་དང་གྲོས་ཚོགས་ཉམས་ཞིབ་ཁང་ནས་སྤྱི་འཐུས། དེ་ནས་ཚོགས་གཙོའི་འགན་བཞེས་པ་དག་རེད། གྲོས་ཚོགས་ཀྱི་ལས་རིམ་དང་སྔོན་རྩིས་གཏན་འབེབས། ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་སོགས་ཀྱིས་མཚོན། ལས་དོན་ཁག་དུས་ལྟར་ལམ་ལྷོང་བྱུང་ཞིང་། ཁོང་ལ་འཛིན་སྐྱོང་གི་རྩ་བའི་གནད་འགག་སྟེ། ཁྲིམས་དང་སྒྲིག་གཞི་གཙོ་བོར་འཛིན་དགོས་པ་ལས། གང་ཟག་གི་དབང་ཤུགས་འོག་འགྲོ་མི་ཉན་པ་དེ་ངོས་འཛིན་གསལ་བོ་ཐོབ་འདུག

ད་འོ་ན། ཁོང་ཚོགས་གཙོ་ཡིན་པའི་སྐབས་ལ་གྲོས་ཚོགས་སུ་དཀའ་ངལ་འགའ་འཕྲད་སོང་ཟེར་ན། དེ་ནི་ཆེད་དུ་དཀྲུག་ཐབས་དང་ཚོགས་གཙོ་ནག་པོ་བཟོ་ཐབས་ཀྱི་གཡོ་སྒྱུ་ཞིག་ལས། འཛིན་སྐྱོང་དང་སྟངས་འཛིན་གྱི་གནད་དོན་ཞིག་མ་རེད།

 

༦༽ ལྷག་བསམ།

བློ་སེང་།༽ བློ་སེང་ལ་བོད་སྤྱི་ལ་ལས་ཀ་བྱེད་པའི་གོ་སྐབས་ཐོབ། སྤྱི་བའི་སྒྲིག་འཛུགས་དང་བོད་མི་མང་གལ་ཆེན་བརྩིས་སོང་ངམ། ཡང་ན། རང་དང་རང་གི་ཕྱོགས་གཏོགས་གལ་ཆེན་བརྩིས་སོང་ངམ།

རང་གི་གྲོགས་པོ་སྐལ་རྡོར་ཨ་རིའི་དོན་གཅོད་ལ་བསྐོ་བར་ག་ཚོད་འཁྲབ་སོང་། ང་ཕོད་འཇིགས་མེད་གནས་དབྱུང་དང་དེའི་ཚབ་ལ་བློ་བཟང་སྙན་གྲགས་འཇོག་རྩིས་ཡིན་ཡང་། ལམ་ལྷོང་མ་བྱུང་བས་བཀྲས་མཐོང་བསྐོ་དགོས་བྱུང་། སྟབས་འགྲིག་པ་ཞིག་ལ། བློ་བཟང་སྙན་གྲགས་དོན་གཅོད་ནས་བོད་ཀྱི་ཐེབས་རྩའི་འགན་འཛིན་ལ་བསྐོས་ཏེ། དོན་གཅོད་ལ་མཐའ་མ་ཁོང་གི་གྲོགས་པོ་སྐལ་རྡོར་བསྐོས།

ཡང་གཅིག་བཤད་ན། ཆུ་སྒང་གསར་རྙིང་འགྲིག་འཇགས་ལ། འཇུ་ཆེན་ལས་ལས་ཀ་ཡག་པོ་བྱེད་ཐུབ་པའི་གོ་སྐབས་ཡོད་ཀྱང་སྣང་མེད་དུ་བཞག་པར་མ་ཟད། དུས་དབང་ཕྱིར་འགྱངས་ཀྱི་ལབ་གླེང་དང་འབྲེལ་ཏེ་ཆུ་སྒང་གསར་རྙིང་གི་གདོང་རིས་ཀྱང་ཇེ་གསལ་ལ་བཏང་།

སྤེན་ཚེ།༽ ལོ་མང་རིང་བོད་པའི་སྤྱི་ཚོགས་རང་ལ་བསྡད་དེ་མི་སྣ་མཐོ་དམན་མང་པོའི་མཉམ་དུ་ལས་ཀ་བྱས་ཡོད་ཅིང་། མི་སུ་ཞིག་ལའང་སྤེན་ཚེས་ཕྱོགས་རིས་བྱས་པ་ཞིག་དང་། རྒྱ་ཆེ་ས་བཞག་སྟེ་ཆུང་ས་རང་དང་རང་གི་ཕྱོགས་གཏོགས་ལ་ཁེ་བཟང་བསྐྲུན་པ། སྤྱི་དོན་གྱི་རྒྱབ་ནས་རང་དོན་སྒྲུབ་པ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་བྱས་ཏེ་སྤྱི་ཚོགས་ཀྱི་མཐུན་སྒྲིལ་གཏོར་བ་ལྟ་བུ་གཅིག་ཀྱང་བཤད་རྒྱུ་མེད། ད་དུང་འདས་ལོའི་སྐུའི་གྱ་སྟོན་གྱི་མདོ་སྨད་དགྱེས་འཛོམས་ཉིན་མ་འོངས་པར་དགུང་གྲངས་དགུ་བཅུ་ཕེབས་པའི་དགུ་སྟོན་ལ་བསམ་བློ་གཏོང་དགོས་པ་དང་། དེ་དུས་བོད་ཆོལ་ཁ་གསུམ་པོས་མཉམ་དུ་སྲུང་བརྩི་བྱེད་ཐུབ་ན་གཟི་བརྗིད་ཆེ་བ་ཡོད་སྐོར་བཤད་སོང་།

 

༧༽ ལངས་ཕྱོགས།

བློ་སེང་།༽ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་རེད་ལ། དེ་ལག་བསྟར་བྱེད་པར་བོད་མི་མང་དང་གྲོས་ཚོགས་ནས་གཏན་ལ་ཕབ་པ་ཡིན་དུས། རྒྱབ་ལྗོངས་མཐུག་པོ་དང་བཙན་པོ་ག་ཚོད་ཡོད་ནའང་དེའི་ནུས་པ་དག་ཉམས་ཞན་དུ་བཏང་སོང་། དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒོལ་མཁན་ཚོར་བརྡ་ལན་གསལ་བོ་གང་ཡང་སྤྲོད་ཐུབ་མེད་ཅིང་། ཁོང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ལ་ངོས་འཛིན་གསལ་བོ་ཞིག་དང་། ལངས་ཕྱོགས་བརྟན་པོ་ཞིག་མེད་པའི་གོ་བ་རང་བཞིན་གྱིས་སྤྲོད་ཀྱིན་ཡོད།

སྤེན་ཚེ།༽ གནད་དོན་ཆེ་ཆུང་གང་ཡིན་ཡང་སྤེན་ཚེ་ནི་ལངས་ཕྱོགས་ཡོད་མཁན་ཞིག་རེད་ལ། རང་གི་ལངས་ཕྱོགས་དེ་སྤྱི་ཚོགས་ཁྲོད་གསལ་བོ་བཟོ་མཁན་ཞིག་ཀྱང་རེད། དབུ་མའི་ལམ་གྱི་སྲིད་ཇུས་ལ་ངོས་འཛིན་ཐོབ་ཅིང་། སྲིད་ཇུས་དེ་ལག་བསྟར་ལ་ལངས་ཕྱོགས་བརྟན་པོ་ཡོད་པའི་མི་སྣ་གཙོ་གྲས་ཤིག་རེད།

 

༨༽ ༧གོང་ས་མཆོག

བློ་སེང་།༽ ང་ཚོས་མཐོང་བཞིན་པ་ནི་བློ་སེང་ནི་༧གོང་ས་མཆོག་བེད་སྤྱོད་བྱེད་མཁན་ཞིག་ཡིན་པ་དེ་རེད། འོས་བསྡུ་ལ་ཁ་ཐག་ཇེ་ཉེར་སོང་བ་དང་བསྟུན་ཁོང་གིས་༧གོང་ས་མཆོག་བེད་སྤྱོད་བྱེད་པ་ཇེ་མང་དུ་ཕྱིན་སོང་། ཐ་ན་༧གོང་ས་མཆོག་ཚེ་འདི་ཕྱི་གཉིས་ཀྱི་བླ་མ་ཡིན་ཞེས་ཀྱང་བཤད་སོང་མོད། ང་ཚོ་ལ་དགོས་པ་དེ་མ་རེད། ༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་དང་། གུས་བརྩི། བཀའ་སློབ་ལམ་སྟོན་དག་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་དགོས་པ་དེ་རེད།

སྤེན་ཚེ།༽ ཁོང་ནི་༧གོང་ས་མཆོག་རང་གི་ཁེ་ཕན་ཆེད་བེད་སྤྱོད་གཏོང་མཁན་ཞིག་མ་རེད་ལ། ༧གོང་ས་མཆོག་བོད་མིར་ག་ཚོད་ཀྱིས་དྲིན་ཅན་ཡིན་པ་ཤེས་ཏེ་བླ་མེད་ཀྱི་གུས་བཀུར་ཞུ་མཁན་ཞིག་དང་། མགོན་པོ་གང་གི་ཐུགས་དགོངས་འགྲུབ་པར་སེམས་པ་རྣམ་དག་གིས་གཞོགས་འདེགས་གང་ཐུབ་བྱེད་མཁན་ཞིག་རེད།

 

༩༽ འགན་འཁྲི་དང་གདོང་ལེན།

བློ་སེང་།༽ འདས་པའི་ལོ་འགའི་ནང་བློ་སེང་ལ་གདོང་ལེན་བྱེད་དགོས་པ་མང་པོ་བྱུང་སོང་མོད། གཅིག་ཀྱང་སྲ་ཐག་ཐག་ཅིག་གདོང་ལེན་བྱེད་ཐུབ་མ་སོང་། དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་ངོ་རྒོལ་ཙམ་ལས་བརྒལ་ཏེ་སྐུ་ཕྱྭ་ལའང་ཉེན་ཁ་བསླེབས་ཀྱང་། དེ་ལ་ཡ་ལན་སྣ་གཅིག་ཀྱང་བྱས་མེད། དེའི་རྐྱེན་གྱིས་ད་ཆ་དོལ་ཚོགས་ཀྱིས་བློ་སེང་ལ་བསྟོད་པ་བྱེད་བཞིན་མི་འདུག་གམ།

གཞན་ཡང་གཞོན་ཚོགས་ལ་དཀའ་ངལ་ག་ཚོད་འཕྲད་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེད་མདོག་མདོག་གིས་ཁུ་སིམ་མེར་བསྡད་དེ། གཞོན་ཚོགས་བོད་མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའང་ཡིད་ལ་འཁོར་གྱི་མེད།

དེ་བཞིན་ཁོང་སྒེར་གྱི་ཁང་རིན་ཐད་ནས་ཕྱི་མི་ཞིག་གིས་བཙན་བྱོལ་བོད་མིའི་སྲིད་སྐྱོང་དོགས་གནས་སུ་དེད་ཀྱང་ཁ་གྲགས་མ་སོང་། འདི་ནི་མི་སྒེར་ཁོ་ནའི་གནད་དོན་ཞིག་མ་རེད། བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་ཀུན་སྤྱོད་ཐད་ཀྱི་གནད་དོན་ཞིག་རེད། དེར་བརྡ་ལན་ཅི་ཡང་བྱེད་མ་ཐུབ་པའམ་མ་བྱས་པ་དེས། མི་སྒེར་ཞིག་གི་གནད་དོན་ལས་བརྒལ་ཏེ་བོད་པ་སྤྱིའི་མཚན་སྙན་ལ་དོ་ཕོག་བཏང་བར་མ་ཟད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དང་བོད་དོན་ལའང་ཤུགས་རྐྱེན་ཐེབས་ཡོད།

སྤེན་ཚེ།༽ གྲོས་ཚོགས་ཚོགས་གཙོ་བྱས་པའི་རིང་ལ་གྲོས་ཚོགས་ལས་རིམ་རེད། སྤྱི་འཐུས་ཁག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐོར་བསྐྱོད། ལྷག་ཏུ་རྒྱ་གར་གྱི་མངའ་སྡེ་ཁག་ལ་བསྐྱོད་དེ་གནད་ཡོད་དག་ལ་བོད་དོན་གསལ་བཤད་སོགས་དེ་སྔར་ཚོགས་གཙོ་སུའི་རིང་ལའང་མ་བྱས་པ་སྐོར་ཞིག་བྱས་སོང་། དེ་ནི་བོད་ནང་གི་གནས་སྟངས་ཛ་དྲག་གིས་དེད་ཡོང་དུས། རང་གིས་བསྙོབས་ས་ནས་འགན་འཁྲི་ཡོད་པའི་ལས་ཀ་བྱས་པ་རེད།

གཞན་གྲོས་ཚོགས་ར་བ་ནས་མི་གསོད་མཁན་གྱི་ཉེས་འཛུགས་ཐད། གདེང་ཚོད་ཡོད་པའི་སྒོ་ནས་གལ་ཏེ་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱིན་ཡོད་ན། གྲོས་ཚོགས་ར་བའི་ཕྱི་ལོགས་ནས་གསུང་དང་། ཁྲིམས་ཐོག་ག་བ་འགྲོ་དགོས་ན་གྲ་སྒྲིག་ཡིན་ཞེས་བཤད་སོང་། སུ་གང་གིས་ཁྲིམས་ཐོག་ལ་བསྐྱལ་རྒྱུ་ཕར་ཟད། རྙོག་གླེང་སློང་མཁན་ཁོ་རང་ཡང་ཁུ་སིམ་མེར་བསྡད་སོང་།

དེ་མིན་སྤྱི་ཚོགས་ཀྱི་གནད་དོན་མང་པོར་འགན་འཁྲི་ཡོད་པའི་གཏམ་བཤད་གནང་སོང་། གཞོན་ཚོགས་ཀྱི་དཀའ་ངལ་རེད། ལམ་དབུ་མ་དང་རང་བཙན་པ་གཉིས་ནས་གསུམ་དུས་སྲུང་བརྩི་ལྟ་བུར་གདོང་ཐུག་རྒྱག་མི་དགོས་པའི་ཐབས་ལམ་གསལ་སྟོན་གནང་བ་དེ་འདྲ་ད་ལྟའི་འཛིན་སྐྱོང་གིས་རྩ་བ་ནས་གནང་མ་སོང་།

 

༡༠༽ མང་གཙོ།

བློ་སེང་།༽ འོས་བསྡུའི་ཁྲོད་དུ་ཁྲིམས་དང་སྒྲིག་གཞི་ཡོད་བཞིན་དུ། ༧གོང་ས་མཆོག་རང་ལ་འོས་ཐོབ་ཆེད་གང་འདོད་དུ་བེད་སྤྱོད་གཏོང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དང་བརྒྱུད་ལམ་ཁག་རང་ཉིད་ཁྱབ་སྒྲོག་ཆེད་སྤྱད་པ། འོས་བསྡུའི་ཁ་ཐུག་ལ་ལས་རིམ་ཆེད་དུ་བསྒྲིགས་ཏེ་བརྒྱུད་ལམ་ཁག་ཏུ་མངོན་ཐབས་བྱས་པ། ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་བློ་སེང་གི་འོས་བསྡུའི་ཐད་སྒྲིག་འགལ་བྱས་རྐྱེན། དབུས་འོས་བསྡུ་ལས་ཁང་ནས་ཉེན་བརྡ་སྤྲད་པ། མང་ཚོགས་ལ་གནད་དོན་མང་པོ་བརྡར་ཤ་གཅོད་ཕྱིར། བགྲོ་གླེང་ངེས་པར་དུ་དགོས་ཀྱི་ཡོད་ཀྱང་དེར་གཡོལ་གང་ཐུབ་བྱེད་བཞིན་པ། ཁ་གཏད་འོས་མི་ཧམ་པ་ཁོ་ནས་ནག་པོ་བཟོ་ཐབས་བྱེད་པ། ད་དུང་བློ་སེང་གི་རྒྱབ་སྐྱོར་བ་ཚོས་ལས་ཀ་ག་འདྲ་བྱེད་ཀྱིན་འདུག མདོར་ན་བློ་སེང་ལ་འོས་ཐོབ་སོང་ན་དེའི་ཆེད་དུ་ཅི་ཞིག་བྱེད་དགོས་ནའང་བྱེད་རྐྱང་རེད།

སྤེན་ཚེ།༽ ཐེངས་འདིའི་འོས་བསྡུའི་ཁྲོད་དུ་སྤེན་ཚེས་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་གང་ཡང་ད་བར་བྱུང་མེད། འོན་ཀྱང་༧གོང་ས་མཆོག་ལ་ཁ་གཏོང་མཁན་མཉམ་དུ་བགྲོ་གླེང་བྱེད་ཀྱི་མིན་ཞེས་བཤད་པ་རེད། དེ་འདྲའི་ལངས་ཕྱོགས་འཛིན་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་ཀྱང་། མང་གཙོའི་ལམ་ལུགས་ནང་མི་མང་ལ་འགན་ཁུར་ཏེ་བགྲོ་གླེང་བྱེད་དགོས་པ་དེ་གལ་ཆེན་རེད། དེར་བལྟས་ན་ཐག་གཅོད་དེ་ནི་ཅུང་མ་འཚམ་པ་དང་ཞན་ཆ་ཞིག་རེད་འདོད།

ངོ་སྤྲོད།

Post navigation

Previous Post: ལོ་རྒྱུས་ཀྱི་མི་སྣ་ཨེ། སྟོང་བསམ་མ་བཅངས།
Next Post: དུས་འཁོར་དབང་ཆེན་གྱི་ཕྱི་ནང་གསང་གསུམ།

Comments (23) on “སྲིད་སྐྱོང་འོས་མི་གཉིས་བསྡུར་བ།”

  1. ལྷ།བྱ་འཕུར་མ། says:
    2016-02-20 at 2:54 pm

    འདི་ཡག་ཐག་ཆོད་བྲིས་འདུག མི་མང་གིས་འདི་རིགས་ཤེས་རྟོགས་ཐུབ་ཚེ་འུ་ཚང་གི་སྲིད་སྐྱོང་ང་ཟེར་བ་ཕམ་ངེས་རེད། དེ་ལྟར་བྱུང་བར་ཁག་པོ་རེད།

  2. palden says:
    2016-02-20 at 3:55 pm

    རང་བསྟོད་དགའ་བའི་སྲིད་སྐྱོང་།།
    མ་བྱས་བྱས་པར་གླེང་བའི་སྲིད་སྐྱོང་།།
    དེང་རབས་ཞབས་བྲོ་དུང་བའི་སྲིད་སྐྱོང་།།
    མགོ་བདེ་དྲན་འཕྲུལ་མཁས་པའི་སྲིད་སྐྱོང་།།

    ཁ་ཞེ་མི་མཚུངས་སྲིད་སྐྱོང་།།
    ལག་ལེན་མེད་པའི་སྲིད་སྐྱོང་།།
    དོལ་ཚོགས་དགའ་སའི་སྲིད་སྐྱོང་།།
    བོད་རྒྱལ་མེད་སྨྲས་སྲིད་སྐྱོང་།།

    དུས་དབང་ཡར་ཞུ་སྲིད་སྐྱོང་།།
    དུས་དབང་ཕྱིར་འགྱངས་སྲིད་སྐྱོང་།།
    འགལ་འཛོལ་ཅན་གྱི་སྲིད་སྐྱོང་།།
    དྲང་ལེན་མེད་པའི་སྲིད་སྐྱོང་།།

    ལྟ་གྲུབ་ཁས་བཤད་སྲིད་སྐྱོང་།།
    ཆིག་སྒྲིལ་གཏོར་བའི་སྲིད་སྐྱོང་།།
    འཁྱམས་ཉུལ་དགའ་བའི་སྲིད་སྐྱོང་།།
    ཤེས་སྲིད་རྩ་གཏོར་སྲིད་སྐྱོང་།།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 4:06 pm

    གོང་གི་གསུང་ཚད་ཚང་མ་བདེན་པ་ལྟར་སྣང་ཡང་། དོན་དག་རྡོག་རྡོག་དེ་ནི། བློ་གྲོས་རབ་བརྟན་ཁོང་རང་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་པ་ཅིག་ཡིན་ཙང་། འོས་མ་བླུགས་གོང་ལ། བསམ་བློ་གཏོང་དགོས་པ་ཡང་མང་པོ་འདུག་སྙམ་མོ།།

  4. བློ་གྲོས་རབ་བརྟན་ says:
    2016-02-20 at 8:00 pm

    པད་མ་ལགས། རྒྱུ་མཚན་བགྲང་ཤོག དོན་དངོས་གླེང་ཤོག དེ་མིན་ཧ་ཡང་སྟོང་པ་བརྡུངས་ན། ཨ་ཅོག་ཚ་ཡ་རེད།

  5. ཀརྨ་བློ་གསལ་ says:
    2016-02-20 at 8:23 pm

    བློ་སེང་དང་སྤེན་ཚེ་གཉིས་བསྡུར་དགོས་ན། སྤེན་ཚེ་ནི་མི་གསོད་དོགས་གཞི་ཅན་ཞིག་དང་བློ་སེང་ལ་དེ་འདྲ་མེད། ཡང་། སྤེན་ཚེ་ནི་དྲིན་ཆེན་བླ་མའི་ཆུང་མ་འཕྲོག་མཁན་ཞིག་དང་བློ་སེང་ལ་ལོ་རྒྱུས་དེ་འདྲ་མེད། དེ་བས། སྤེན་ཚེ་ལ་རྒྱབ་བསྐྱོར་བྱེད་པ་ནི་བླ་མ་གསོད་པའི་དོགས་གཞི་ཅན་ཞིག་ལ་རྒྱབ་བསྐྱོར་བྱེད་ཀྱིན་པ་ཡིན་པར་མ་ཟད། གོང་ས་མཆོག་གིས་དུས་དབང་མཚམས་འཇོག་གིས་སྐུ་ངལ་ཙམ་ཡང་གསོ་རུ་མི་འཇུག་མཁན་ཞིག་ཡིན་པས། མ་གཞི་ནས་གོང་ས་མཆོག་གིས་དགུང་ལོ༡༡༣ལ་བཞུགས་ཟེར་བ་དེའང་དེང་སྐབས་ག་ཚད་མར་ཆག་ཡོད་པ་གསལ་པོ་ཆགས་ཡོད།

  6. རྒྱ་ཞིང་མྱི་དཀར། says:
    2016-02-21 at 1:13 am

    བློ་བརྟན་ནས་ཡག་པོ་ངོ་མ་བྲིས་འདུག་རྒྱུ་མཚན་ལྡན་པ་རང་རེད་དྲ་འབུ་སུ་ཡིན་ན་ཡང་འོ་མ་སུ་སྐྱོན་འཛུག་བྱ་འདོད་ན་རྒྱུ་མཚན་དང་དངོས་ཡོད་ཀྱི་ཐོག་བྲིས་ན་དོན་སྙིང་ལྡན་དཔེར་ན་བློ་བརྟན་བཞིན།

  7. བློ་གྲོས་རབ་བརྟན་ says:
    2016-02-21 at 2:01 am

    ཀརྨ་བློ་གསལ། རྒྱུ་མཚན་བགྲང་ཤོག དོན་དངོས་གླེང་ཤོག བདེན་པ་བཀུར་ཤོག གཟུར་བོར་གནས་ཤོག དེ་མིན་ཐང་ཆད་རོགས་རེད། རླུང་ལང་རོགས་རེད། སྡུག་པ་བསག་རོགས་རེད། གནོད་སྐྱེལ་རོགས་རེད། དུས་ཚོད་བརླག་རོགས་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-21 at 2:40 am

    བློ་སེང་སྲིད་སྐྱོང་འོས་སྟངས་བཞི།།
    ་
    སྤེན་ཚེ་དད་པ་ཆེ་ཡང་ཆང་རག་མང་། །
    བློ་སེང་དད་པ་ཆུང་ཡང་ཆང་རག་ཉུང་། །་
    ་
    སྤེན་ཚེས་དཔལ་འབྱོར་མཁས་ནོར་གྱིས་དབུལ། །
    བློ་སེང་ཁྲིམས་ལུགས་མཁས་པས་ཀུན་གྱིས་བཀུར། །
    ་
    སྤེན་ཚེས་ལོ་མང་ལས་དུས་་རྙོག་གླེང་མང་། །
    བློ་སེང་ཡུན་ཐུང་སྙན་གྲགས་རྙོག་གླེང་ཉུང་། །
    ་
    སྤེན་ཚེས་གནང་གཉེན་སྤྱོང་ལ་མཁས་ན་ཡང་། །
    བློ་སེང་ཕྱི་དགྲ་འདུལ་ལ་དེ་བས་མཁས། །
    ་
    དེས་ན་ད་ལོའའི་སྲིད་སྟེགས་དེ། །
    སྤེན་ཚེ་ལས་ལྷག་བློ་སེང་ལེགས། །
    ་
    ཀརྡོ་ང་ཡི་བསམ་འཆར་ཡིན།།

  9. རྣམ་རྒྱལ། says:
    2016-02-21 at 5:21 am

    མི་ཞིག་མི་གཞི་བཟང་ངན་གླེང་ན། ཐོག་མ་མི་གཞི་བཟང་པོ་དང་ངན་པ་ཅི་འདྲ་ཞིག་ཡིན་པ་ཤེས་དགོས། དེའི་གཞི་འཛིན་ས་གང་ཡང་མེད་པར་མི་གཞི་བཟང་ངན་གླེང་པ་ནི། མགོ་མ་མཐོང་གོང་ནས་ཀྭ་པ་དང་འཕོང་མ་རིག་གོང་ནས་རྔ་སྐྱ་ཟེར་བ་དང་གཅིག་པ་རེད། མི་གཞི་བཟང་པོ་ཟེར་བ་ནི། དྲང་བདེན་སྐྱོང་ཞིང་ཕྲག་དོག་དང་གནོད་སེམས་ཉུང་བ་ཞིག་ལ། གཞན་ཕན་གྱི་ལས་ལ་བརྩོན་པའི་མི་བཟང། གདོང་ལ་དགའ་བའི་འཛུམ་དང་ངག་ནས་་སྙན་པའི་གཏམ་སྨྲ་བའི་མི་རྣམས་ལ་ཟེར། གཞན་གཡོ་རྒྱུ་ཅན་དང་ཕྲག་དོག་ཅན། གནོད་སེམས་ཅན་དང་རྫུན་བཤད་མཁན་དྲངབདེན་ལ་མི་གནས་མཁན་ཚོ་ལ་མི་གཞི་བཟང་པོ་ཟེར་བའི་དྲི་ཙམ་ཡང་ཡོད་དོན་མེད། དེས་ན་རང་གིས་སྐྱོན་བརྗོད་སའི་མི་ལ་བརྟག་དཔྱད་ཞིབ་མོ་གནང་སྟེ་མི་གཞི་བཟང་ངན་གླེང་དགོས། གཞན་བརྟག་དཔྱད་མེད་པ་ལབ་རྐྱང་བྱས་ན་རང་ཡང་མི་གཞི་བཟང་པོའི་ཚད་ཐིག་ལས་ཡོ་སྟེ་ངན་པའི་ཕྱོགས་སུ་ཕེབས་ཀྱིན་མེད་པའི་ངེས་པ་གང་ཡང་མེད་དོ།ྱ

  10. ཀརྨ་བློ་གསལ་ says:
    2016-02-21 at 6:43 am

    བློ་གྲོས་རབ་བརྟན། སྤེན་ཚེ་ལ་མི་གཤིས་མེད་པ་ནི་་རྙིང་མའི་ཀ་སྟག་སྤྲུལ་སྐུ་ལ་དྲིན་ལོག་བྱས་ཏེ་ཆུང་མ་འཕྲོག་ནས་སྤྲུལ་སྐུ་དུས་མིན་རྐྱེན་ལམ་དུ་བཏང་པ་དེས་མཚོན་ཡོད་པ་དང་། དེ་དོན་དགའ་ལྡན་ཕོ་བྲང་གི་སྟངས་འཛིན་འོག་གྲུབ་པ་དང་གོང་ས་མཆོག་སྐུ་དངོས་ནས་དབུ་འབྱེད་པའི་དེབ་ཐེར་ནང་གསལ་ཡོད། ད་དུང་སྤེན་ཚེ་ནས་ཀ་སྟག་ཆུང་མ་གཡུག་ནས་གཡོག་མོ་ཁྲིད་ཅིང་སྒོར་མོ་ཁུར་ནས་བྲོས་པ་ནི་ངོ་ཚ་ཁྲེལ་མེད་ཀྱི་གདགས་གཞིའམ་མཚོན་དོན་ཡིན་པས། དེ་བས་སྤེན་ཚེ་ནི་སྲིད་སྐྱོང་ལ་ནམ་ཡང་ཡོང་ཐབས་མེད། འདི་ལས་རྒྱུ་མཚན་ཅི་ཞིག་དགོས།

  11. ལུང་ཤོར། says:
    2016-02-21 at 9:02 am

    གལ་ཏེ་ཀ་སྟག་སྤྲུལ་སྐུ་སྤེན་ཚེས་བསད་ཡོད་ན་སྔར་སྤྱི་འཐུས་དང་ཚོགས་གཙོར་མ་སླེབས་གོང་ནས་ཁྲིམས་གཏུགས་མ་ཐུབ་པ་གང་ཡིན། བློ་སེང་གིས་ཆང་རྩ་བ་ཉིད་ནས་འཐུང་གི་མེད་པ་རེད་དམ།

  12. བློ་གྲོས་རབ་བརྟན་ says:
    2016-02-21 at 10:02 am

    ཀརྨ་བློ་གསལ། རྫུན་མ་བཤད་ནས་ཅི་ཡང་ཡོང་ནི་མ་རེད། ངས་འདི་ལྟར་ལབ་ན། ཤིན་ཅེན་པེན་གྱི་དེབ་ནང་ཀརྨ་བློ་གསལ་གྱིས་ཀ་སྟག་སྤྲུལ་སྐུ་བསད་འདུག་ཅེས་གསལ་འདུག ཅེས་ངས་ཀྱང་ཀརྨ་བློ་གསལ་ལྟར་སྐྱག་རྫུན་བཤད་པ་ཡིན།

  13. ཁ་བ་ཚང་། says:
    2016-02-21 at 11:37 am

    གལ་ཏེ་ཀ་སྟག་སྤྲུལ་སྐུ་གསོད་མཁན་སྤེན་ཚེ་ཡིན་ན། རྒྱལ་དབང་ཞ་དམར་པ་བགྲོང་མཁན་འཇུ་ཆེན་སོགས་ཡིན། བདེན་པ་མ་རེད་བསམས་ན་ youtube ནང་གི་རྒྱལ་དབང་ཞ་དམར་པའི་གསུང་ལ་གསན་དང་། ཧ་གོ་ཡོང་། རེ་རེ་བཤད་དགོས་ན། སང་ཉིན་ཞུས་ཆོག་་་་

  14. ནེའུ་ཡོག་བསོད་ནམས། says:
    2016-02-21 at 1:41 pm

    བློ་གྲོས་རབ་བརྟན་ལགས་ཀྱིས་གནད་དོན་བཅུ་ཐམ་པའི་སྒང་ནས་བསྡུར་བ་ལ།  བློ་སེང་གི་རྒྱབ་སྐྱོར་བ་ཚོས་མི་གཞི་གཅིག་པུའི་ཐོག་ནས་མ་གཏོགས་རྩོད་གླེང་མི་བྱེད་པ་འདིས་ག་རེ་མཚོན་གྱི་ཡོད་པ་རེད། 

  15. རྣམ་རྒྱལ། says:
    2016-02-21 at 1:48 pm

    གལ་ཏེ་སྤེན་ཚེ་ཀ་སྟག་སྤྲུལ་སྐུ་དང་འདྲེ་ཤར་སྒོ་དང་གླུ་ནུབ་སྒོ་བཞིན་ཡིན་ན་མི་གསོད་ཀྱི་དོགས་གཞི་ནི་རྫུན་མ་དང་གཞི་མེད་རེད་ཅེས་བཤད་ཆོག་ཀྱང་། ཀ་རྟག་དང་དེའི་ཁྱིམ་ཚང་ལ་དམིགས་བསལ་འབྲེལ་འདྲིས་ཡོད་པའི་མི་ཞིག་ལ་དཔང་རྟགས་གསལ་པོ་ཞིག་མེད་ན་ཉེས་འཛུགས་དེ་དག་རྫུན་མ་དང་གཞི་མེད་རེད་ཅེས་བརྗོད་པ་ནི་ཧམ་བཤད་ལས་མ་འདས། ི

  16. བདེན་དོན་སྐྱབས། says:
    2016-02-21 at 5:16 pm

    འཇུ་ཆེན་ཀྱི་དེབ་ལ་བཀོད་པ་ཙམ་གྱིས་བདེན་པ་ཡིན་ལབ་ན་གཏན་ནས་མི་འགྲིག དང་པོ་འཇུ་ཆེན་མི་ག་འདྲ་ཞིག་ཡིན་མིན་ང་ཚོས་ཤེས་དགོས་བ་རེད། ཁྲིམས་ཐོག་ནས་ཐག་གིས་གཅོད་མི་ཐུབ་བའི་སྐྱག་རྫུན་དེ་འདྲ་འཇུ་ཆེན་གྱིས་དེབ་ནང་བཀོད་ན་མི་དེ་འང་ག་འདྲ་ཞིག་ཡིན་མིན་ངང་གིས་ཤེས་ཐུབ་པ་ཞིག་རེད།

  17. ལྷ་སྒང་ཆོས་གྲགས། says:
    2016-02-21 at 11:38 pm

    བློ་སེང་དང་སྤེན་ཚེ་གཉིས་དབར་མི་འདྲ་ས་གཅིག་རང་ཡོད་པ་ནི། བློ་སེང་ལ་ལས་དོན་དངོས་ཀྱི་སྟེང་ནས་དོན་དམ་གྱི་སྐྱོན་ཆ་མང་པོ་ཞིག་ཡོད་པ་དང་། སྤེན་ཚེ་ལ་གང་ཟག་སྒེར་གྱི་སྟེང་ནས་སྒྲོ་བསྐུར་དང་གཞི་མེད། ཁུངས་མེད་དང་དཔང་པོ་མེད་པའི་སྐྱོན་ཆ་ཁ་ཤས་ཡོད་པ་དེ་རེད།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-22 at 12:30 am

    བློ་གྲོས་རབ་བརྟན་ལེགས་ཀྱིས་ལེགས་པར་བྲིས། བདེན་བརྫུན་ལ་རྟོག་དཔྱོད་གང་ཡང་བྱེད་མི་ཐུབ་པ་ལགས་སོ།
    གཞན་དག་ཕལ་མོ་ཆེས་ཀྱང་འདི་ལྟར་འབྲི་བ་ནི་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ལ་གནོད་པས
    གཤམ་གསལ་སྒྲ་གཉིས་ཀྱི་དག་ཆའི་སྐོར་ལ་མི་འབྲི་ཀ་མེད་བྱུང་།
    ་
    ཉམས་མྱོང་གིས་མ་འདང་བས། ཞེས་པར་ཉམས་མྱོང་གིས་མ་ལྡང་བས། ཞེས་དང་།

    “དེ་མིན་ཐང་ཆད་རོགས་རེད། རླུང་ལང་རོགས་རེད། སྡུག་པ་(ལ་དྭགས་གཤམ་དུ་འདི་དང་འདིས་ལ་འདུ་དང་འདུས་ཟེར། ལ་དྭགས་གྱེན་པས་ནི་གསལ་བྱེད་མེར་པར་སོང་ནས། ཨི་དང་ཨིས་ཟེར)བསག་རོགས་རེད། གནོད་སྐྱེལ་རོགས་རེད། དུས་ཚོད་བརླག་རོགས་རེད།”
    ཅེས་པར་། དེ་མིན་ཐང་ཆད་གྲོགས་རེད། རླུང་ལང་གྲོགས་རེད། སྡུག་པ་བསག་གྲོགས་རེད། གནོད་སྐྱེལ་གྲོགས་རེད། དུས་ཚོད་བརླག་གྲོགས་རེད། ཅེས་འབྲི་ཐུབ་ན་བོད་སྐད་ལ་ཕན་ནོ།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 2:20 am

    སུད་སི་ལ། བློ་སེང་ལགས།
    https://www.facebook.com/fan.page.of.dr.lobsangsangay/videos/964888646938024/

  20. བློ་གྲོས་རབ་བརྟན་ says:
    2016-02-22 at 2:22 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཉིད་ཀྱི་བཤད་པར་ཉན་རིན་འདུག མདོ་ཁམས་ཀྱི་སྐད་ཆའི་འགྲོ་སྟངས་ན། རོགས་དང་གྲོགས་གཉིས་གོ་བ་གཅིག་པ་སྤྲོད་པའི་སྐབས་ཀྱང་འདུག ངའི་རོགས་པ་ཟེར་བ་དང་ངའི་གྲོགས་པོ་ཟེར་བ་ལྟ་བུ་རེད། རླུང་ལང་རོགས / གྲོགས་ཟེར་ནའང་ཁ་ལ་གོམས་མ་གོམས་ཙམ་ལས་དོན་ལ་ཁྱད་པར་མི་འདུག་སྙམ།

  21. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 2:35 am

    ཊོ་རོན་ཏོ་ལ། བློ་སེང་ལགས།
    https://www.youtube.com/watch?v=1lGBVIggPVI

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-22 at 8:09 pm

    “རོགས་དང་གྲོགས་གཉིས་གོ་བ་གཅིག་པ་སྤྲོད་པའི་སྐབས་ཀྱང་འདུག” བདེན་བདེན། སྔ་མ་དེ་ཟུར་ཆག་དང་། ཕྱི་མ་དེ་སྒྲ་ཟུར་མ་ཆག་པ་ཡིན། མི་ཞ་བོ་དང་། མི་ཡན་ལག་མ་ཆག་པ་གཉིས་མི་ཡིན་པ་འདྲ་འདྲ་ཡིན་ཡང་། དེ་གཉིས་ལ་ཁྱད་པར་ཡོད།
    ལ་དྭགས་ཁ་སྐད་དུ་ཀྱི་དང་ཀྱིས་ཨི་དང་ཨིས་བཀོལ་ཤེས་མཁན་ཞིག་ལ་གོ་བ་གཅིག་པ་ཡོད་ཀྱང་། སྒྲ་ཟུར་བཀོལ་མི་ཆོག་ཅེས་སྐད་སྲུང་བར་འདོད་པ་དང་། ཁ་སྐད་བཞིན་འབྲི་བར་འདོད་པ་དག་གི་བར་དུ་རྩོད་པ་བྱུང་དང་འབྱུང་བཞིན་པའོ།

  23. ཚེ་རིང་བསམ་གྲུབ། says:
    2016-02-24 at 10:55 am

    བློ་སེང་གཏམ་ནི་ཆུ་འདྲ་བ།།
    དོན་གྱི་བྲོ་བས་རབ་ཏུ་དབེན།།
    བློ་ཆུང་རྨིག་རྗེས་ལྟ་བུ་ཡི།།
    ཡིད་ཙམ་ཚིམས་ལ་ངོ་ཅི་མཚར།།

    སྤེན་ཚེའི་གཏམ་ནི་ཆང་འདྲ་བ།།
    དོན་གནད་ཕྱུག་པའི་རོ་ཞིག་གདའ།།
    ཇི་ཙམ་སྤྱད་ཀྱང་མྱོང་རྒྱུ་ཞིག།
    ཉམས་མྱོང་རྒན་པོའི་ལྕེ་ཡིས་ཤེས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme