Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་འབྲེལ་མོལ་ཐད་ལག་པ་ཕྱིས་ཡོང་གི་འདུག

Posted on 2016-02-192016-02-19 By ཁ་བརྡ 11 Comments on བོད་རྒྱ་འབྲེལ་མོལ་ཐད་ལག་པ་ཕྱིས་ཡོང་གི་འདུག

ཨ་ཁུ་དགྲ་ལྷ།
 
དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་སྲིད་སྤྱིའི་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་པས་གང་ཟག་སུ་ཞིག་གིས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གང་བཤད་ཀྱང་འོས་བསྡུ་དང་འབྲེལ་བ་ཡོད་པའམ་འབྲེལ་བར་བཏགས་པ་ཞིག་ཏུ་འགྱུར་སྲིད་པས་ཆབ་སྲིད་དང་འབྲེལ་བའི་ཐད་ནས་སྐད་ཆ་མ་བཤད་པ་བཟང་ངོ་ཆེ་བར་མཐོང་ཡང་། སྲིད་སྐྱོང་ལས་ཐོག་སྐུ་ངོ་བློ་བཟང་སེང་གེའི་བཀའ་མོལ་གནང་ཕྱོགས་ཞིག་གི་ཐད་ནས་བསམ་གཞིག་གི་སྐད་ཆ་ཞིག་མ་བཤད་ཀ་མེད་རེད་འདུག
ཕྱི་ལོ་༢༠༡༦ ཟླ་༢ ཚེས་༡༡ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་སྐུ་ངོ་སྲིད་སྐྱོང་མཆོག་ལྷན་དུ་དཔྱད་གླེང་གནང་བའི་བརྙན་འཕྲིན་དེར་ལྟ་ཉན་བྱས་པ་ཡིན། གསར་འགོད་པས་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་འཐུས་ཤོར་ཡིན་པར་བཤད་པ་འགའ་ཞིག་གཟིགས་འབུལ་གྱིས་དེའི་ཐད་དགོངས་ཚུལ་ཇི་ཡོད་བཀའ་འདྲི་གནང་བ་ཁག་རེད། དེ་ཚོ་ཕལ་མོ་ཆེ་ནི་ངུ་བའི་ཁ་ལ་བལྟས་ན་ངུ་ཤོར་དགོད་པའི་ཁ་ལ་བལྟས་ན་དགོད་ཤོར་ཟེར་བ་ལྟར་སྲིད་སྐྱོང་དང་ཚོགས་གཙོ་གཉིས་གསུང་བཤད་སྟེགས་བུའི་མདུན་ནས་མ་གཏོགས་མཇལ་མྱོང་མེད་མཁན་གྱི་མང་ཚོགས་དེ་ཚོ་མགོ་ཡུ་འཁོར་བྱེད་ཀྱི་བཟི་སྨན་འདྲ་ཞིག་ཡིན་པ་ལས་མིག་དང་ལག་པས་ཐོགས་རེག་ཡོད་མཁན་ལ་གད་མོ་སློང་བྱེད་ཙམ་ལས་མ་འདས།
ལྷག་པར་བར་ལམ་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཐད་སྲིད་སྐྱོང་འོས་མི་གཉིས་ཕན་ཚུན་ཤོད་རེས་དང་། གཞུང་ས་རྩེད་ཆས་བྱས་པ་སོགས་ཀྱི་ཡོ་འཁྱོམ་ལ་བལྟས་ན། རླུང་དམར་འཚུབ་པའི་ངན་ལྟས་སུ་མཐོང་ནས་ཕྱི་ལ་ཡོད་པའི་བོད་མི་ཚོས་གཅིག་གནང་གི་རེད་ཟེར་ནས་རེ་བ་རྒྱག་མཁན་གྱི་གཞིས་ལུས་མི་མང་ཚོའི་ངོ་རིས་ཡིད་ལ་ཤར་ཏེ་སེམས་པ་གཏིང་ནས་སྐྱོ་བ་ཞིག་བྱུང་། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་གསུམ་ལྷོད་ལྷོད་རེད་གསུང་མཁན་དེ་ཚོའི་ཕྱག་རྗེས་ལ་བལྟས་ན་ལྷོད་ལྷོད་ཅེས་པའི་ཡིག་འབྲུ་གཉིས་པོ་དེ་ལ་གོ་བ་གང་ཡོད་དམ་སྙམ། གསར་འགོད་པ་དང་སྐུ་ངོ་སྲིད་སྐྱོང་གཉིས་བར་གྱི་བགྲོ་གླེང་དེ་རྫོགས་ཉེའི་མཚམས་སུ་སླེབ་དུས་དོ་སྣང་བྱེད་དགོས་པའི་གནས་དོན་ཞིག་མཐོང་བྱུང་།

གསར་འགོད་པས་གསུང་དོན། སྔོན་མ་ང་ཚོས་རྒྱ་བོད་འབྲེལ་མོལ་དང་འབྲེལ་བའི་ཐོག་ལ་ས་ཆ་འདི་རང་དུ་བཀའ་འདྲི་ཞིག་ཞུས་ཡོད་པ་རེད། དེར་ཁྱེད་རང་ནས་ལན་འདི་འདྲ་ཞིག་གནང་འདུག་པས་སྔོན་ལ་དེར་གཅིག་གཟིགས་རོགས། ཕྱི་ལོ་ ༢༠༡༥ ཟླ་༡༠ ཚེས་ ༥ ཉིན་གསར་འགོད་པ་སྐལ་ལྡན་བློ་གྲོས་ཀྱིས་དྲི་བ་ཞུས་པའི་ལན། (འབྲེལ་བ་གནང་ཡག་དེ་སྔའི་བཀའ་ཤག་ལས་ལྷག་པ་མེད་ཀྱང་དེ་ནང་བཞིན་གནང་གི་ཡོད་པ་རེད། ང་ཚོར་གནས་ཚུལ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་ཀྱང་བོད་རྒྱ་འབྲེལ་མོལ་གྱི་འགྲོ་སྟངས་ཐོག་ནས་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད་པ་མ་རེད། ཨ་རི་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་ཨི་རག་གི་རྡུལ་ཕྲན་ཚོན་ཆ་མེད་པ་བཟོ་ཡག་དེ་ཚོ་ཤོད་ཀྱི་མེད། གྲུབ་འབྲས་སྨིན་པའི་སྐབས་སུ་ཞུ་གི་ཡོད་པ་རེད། སྔོན་མ་སྐུ་ཚབ་ཡོད་པའི་ཐོག་ནས་གནང་གི་ཡོད་རེད། ད་ལྟ་སྐུ་ཚབ་མེད་པའི་ཐོག་ནས་གནང་གི་ཡོད་ཀྱང་སྔར་ལྷག་མེད་ཀྱང་སྔོན་མ་ནང་བཞིན་འབད་བརྩོན་གནང་གི་ཡོད་རེད། གཙོ་ཆེ་ཤོས་བོད་རྒྱ་འབྲེལ་མོལ་ཐོག་ལ་༧གོང་ས་མཆོག་ནས་ཀྱང་ཐུགས་སྣང་དེ་སྔ་གནང་གི་ཡོད་རེད་ལ་ད་ལྟ་ཡིན་ནའང་གནང་གི་ཡོད་རེད། མ་འོངས་པར་ཡང་གནང་གི་རེད། ཐུགས་ཕྲལ་རྩ་བ་ནས་དགོས་པ་མ་རེད།)

གསར་འགོད་པས། ད་ལྟ་༧གོང་ས་མཆོག་ནས་རྒྱ་བོད་འབྲེལ་མོལ་ཐོག་ལ་ཐུགས་སྣང་གནང་གི་ཡོད་རེད་གསུང་དུས་སྲིད་སྐྱོང་གིས་དེའི་ཐད་འགན་མེད་པ་འདྲ་བོ་ཞིག་ལ་གོ་དགོས་པ་རེད་དམ་གང་འདྲ་རེད། ལན། དེ་འདྲ་རྩ་བ་ནས་མ་རེད། དེ་སྔ་ཡིན་ནའང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་རྒྱ་འབྲེལ་མོལ་སྒང་ལ་འགན་འཁུར་གནང་གི་ཡོད་རེད། ཡིན་ནའི་རྒྱ་ནག་གཞུང་གིས་དེ་སྔ་ནས་བཤད་བསྡད་ཡོད་རེད། ད་ལྟ་ཡང་བཤད་ཡག་ལ་ཁོང་རང་ཚོས་བཀའ་མོལ་གནང་ཡག་དེ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པའི་མཉམ་དུ་མ་གཏོགས་གཞན་མཉམ་དུ་གནང་གི་མིན་ཟེར་ནས་གསལ་པོ་ཞེ་དྲག་རེད། དེར་འགྱུར་བ་གཅིག་ཀྱང་མེད། དེ་སྔ་ཡིན་པ་ཡིན་ན་ཡང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་བར་བཀའ་མོལ་གནང་བསྡད་ཡོད་རེད།
ད་ལྟའི་བཀའ་ཤག་དང་མ་འོངས་པའི་བཀའ་ཤག་ལ་ཡིན་ནའང་རྒྱ་ནག་གཞུང་མཉམ་དུ་བཀའ་མོལ་གནང་དགོས་ཡོད་པ་ཡིན་ན་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་བཀའ་མོལ་གནང་གི་རེད། དེ་འདྲ་སོང་ཙང་༧གོང་ས་མཆོག་ནས་ཡིན་པ་ཡིན་ནའི་ང་ཚོའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་ལ་རང་ཆས་ཀྱི་སྐུ་དབང་ཕུལ་བའི་ནང་ལ་ཡིན་པ་ཡིན་ན་ཡང་༧གོང་ས་མཆོག་ལ་བོད་དོན་ཐོག་ལ་རང་ཆས་ཀྱི་འགན་དབང་ཆ་ཚང་རང་ཆས་ཀྱི་སྐུ་དབང་ཡོད་ཟེར་ཡོང་དུས་༧གོང་ས་མཆོག་ནས་ཡིན་པ་ཡིན་ནའི་བོད་ནང་གི་བོད་མི་ཚོས་ང་ལ་ཡིད་ཆེས་ཡོད་རེད། ང་ལ་རེ་བ་བྱེད་ཀྱི་ཡོད་རེད། དེ་འདྲ་སོང་ཙང་བོད་དོན་གྱི་གནད་འགག་ཕྱེད་ཀ་ལ་ང་ཡིན་ནའི་མཐུན་འགྱུར་གནང་གི་རེད་ཟེར་ནས་དུས་རྟག་ཏུ་གསུང་བསྡད་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་བོད་རྒྱ་འབྲེལ་མོལ་ཐོག་དེ་སྔ་༧གོང་ས་མཆོག་ནས་ཐུགས་སྣང་གནང་གི་ཡོད་རེད། ད་ལྟའང་གནང་གི་ཡོད་རེད། མ་འོངས་པར་ཡང་གནང་གི་རེད། འདིའི་ཐད་འཐུས་ཤོར་རྩ་བ་ཉིད་ནས་འགྲོ་ཡག་ཡོད་པ་མ་རེད་འགྲོ་གི་ཡང་མ་རེད། སྲིད་སྐྱོང་དང་བཀའ་ཤག་ཐོག་ནས་ཡིན་པ་ཡིན་ནའི་དེ་ལ་མཐུན་རྐྱེན་སྦྱར་ཡག་དང་འབད་བརྩོན་ཞུ་ཡག་ཐོག་ལ་ཡིན་པ་ཡིན་ན་ཡང་དེ་སྔ་བཀའ་ཤག་གིས་གནང་བཞག་པ་ལས་ལྷག་པ་མེད་ན་ཡང་དེ་སྔའི་བཀའ་ཤག་ནང་བཞིན་གནང་བསྡད་ཡོད། ཡིན་ཡང་མཐའ་མ་བཀའ་མོལ་དེ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་མཉམ་དུ་གནང་རྒྱུ་རེད།

གསར་འགོད་པས། ག་རེ་གནང་ཡོད་མེད་གཅིག་གཉིས་ཤིག་ཞུ་ཡག་ཡོད་དམ། ལན། ད་དེ་ང་ཚོའི་འགྲོ་སྟངས་ཐོག་ནས་གསང་བ་བྱས་ཏེ་ཉར་དགོས་ཡག་དེ་གང་ཡིན་ཟེར་ན་རྒྱ་མིའི་ནང་ལ་ཚོང་པ་ཡོད་རེད། ནང་པ་ཡོད་རེད། བོད་པ་ལ་ཤ་ཞེན་བྱེད་མཁན་ཡོད་རེད། དེ་སྔ་ནས་ཁོང་རང་ཚོས་འབད་བརྩོན་གནང་བྱས་འགྲུབ་པ་ཡོད་རེད་མ་འགྲུབ་པ་ཡོད་རེད། ད་ལྟ་ཡིན་ནའི་གནང་གི་ཡོད་རེད་མ་འོངས་པར་ཡིན་ནའི་གནང་གི་རེད་བསམ་གྱི་འདུག ཅེས་གསུངས།

ཕྲན་ནས་ངལ་བར་མ་འཛེམས་པར་སྐུ་ངོ་སྲིད་སྐྱོང་མཆོག་གི་གསུང་བཤད་དུམ་བུ་ཆ་ཚང་འདིར་འདྲེན་འགོད་བྱ་དགོས་པའི་རྒྱུ་མཚན་ནི། གསུང་བཤད་འདི་ཐེངས་ཁ་ཤས་ལ་ཡང་སྐོར་བསྐྱར་སྐོར་གྱིས་ཉན་སྐབས་ཆབ་སྲིད་ཀྱི་གནད་དོན་ཞིག་གི་ཐོག་སྐུ་ངོ་སྲིད་སྐྱོང་གི་འདས་པའི་བཀའ་ཤག་དང་མ་འོངས་པའི་བཀའ་ཤག་གི་ཁ་ཕྱོགས་མངོན་གསལ་དུ་བསྟན་འདུག གསུང་བཤད་དེ་རྗེན་པར་བསྟན་ན་བོད་རྒྱ་འབྲེལ་མོལ་ཐད་དེ་སྔ་༸གོང་ས་མཆོག་ནས་གནང་བ་བཞིན་ད་ལྟའང་གནང་གི་ཡོད་པ་རེད། མ་འོངས་པར་ཡང་༸གོང་ས་མཆོག་ནས་གནང་གི་རེད། བཅའ་ཁྲིམས་ནང་དེའི་ཐད་༸གོང་ས་མཆོག་ལ་འགན་ཡོད་རེད་སྐུ་དབང་ཡོད་རེད་ཟེར་ནས་འཁོད་ཡོད་པ་རེད། བཀའ་ཤག་ནས་མཐུན་རྐྱེན་སྦྱར་ཡག་དེ་སྔོན་མ་བཞིན་སྦྱར་གྱི་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད། སྐུ་ངོ་མཆོག་གི་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་བཀའ་མོལ་དེས་དོན་གནད་གསུམ་གྱི་ཐོག་བསམ་གཞིགས་གཏོང་དགོས་པ་ཆགས་འདུག

དང་པོ། ༸གོང་ས་མཆོག་ནས་སྲིད་སྐྱོང་ལ་ཆབ་སྲིད་དང་འབྲེལ་བའི་སྐུ་དབང་ཆ་ཚང་རྩིས་སྤྲོད་བྱས་པ་འཛམ་གླིང་ཀུན་གསལ་ཡིན་ཞིང་། དེ་ནི་༸གོང་ས་མཆོག་གི་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་ཞིག་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད། མི་མང་གིས་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མུ་མཐུད་བཞེས་རོགས་གནང་ཞེས་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་ཀྱང་། འོས་འདེམས་བྱས་པའི་དབུ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་བྱས་པའི་དགོས་དོན་ནི་༸གོང་ས་མཆོག་ནས་དུས་རྒྱུན་ཡང་ཡང་བཀའ་ཕེབས་པ་བཞིན་བོད་ཀྱི་གནད་དོན་འདི་ང་མི་གཅིག་ཡོད་མེད་ལ་མ་ལྟོས་པར་མི་རབས་རིམ་པར་རྒྱུན་གནས་དགོས་པ་ཞིག་ཡོང་ཐབས་བྱེད་དགོས་གསུངས་པ་དེ་རེད།
འོན་ཀྱང་སྲིད་སྐྱོང་དང་ཁོང་གི་བཀའ་ཤག་གིས་སྐུ་དབང་རྩིས་བཞེས་གནང་ཡོད་ཀྱང་དེ་རིང་གི་བཀའ་མོལ་འདིར་གཞིགས་ན་བོད་དོན་འཐབ་རྩོད་དང་འབྲེལ་བའི་བོད་རྒྱ་འབྲེལ་མོལ་གྱི་ཕྱག་ལས་ད་དུང་ཡང་༸གོང་ས་མཆོག་གི་ཕྱག་ལ་བཞགས་ཡོད་པར་མ་ཟད། མ་འོངས་པར་ཡང་གཞག་རྒྱུ་ཡིན་པ་དེ་གསལ་པོ་གསུངས་ཡོད། ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་པའི་སྲིད་སྐྱོང་དང་ཁོང་གི་གཞུང་ལ་བོད་དོན་འཐབ་རྩོད་ཀྱི་ལས་དོན་ལ་འགན་འཁུར་འདོད་མེད་ན། ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་བྱས་པའི་དགོས་དོན་འགྲུབ་མེད་པ་རེད། བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་དོན་དེ་དག་ད་དུང་༸གོང་ས་མཆོག་སྐུ་རྐྱང་ལ་ཐུག་ཡོད་པ་གསལ་པོ་རེད།
༸གོང་ས་མཆོག་གི་སྐུ་ཚབ་མ་གཏོགས་བཙན་བྱོལ་གཞུང་གི་སྐུ་ཚབ་མཉམ་དུ་བཀའ་མོལ་གནང་གི་མིན་ཟེར་བ་དེ་རྒྱ་ནག་གཞུང་གི་སྲིད་བྱུས་རེད། སྲིད་སྐྱོང་གི་ངོས་ནས་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་བཞག་ཟིན་པས་ད་ཆ་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གང་ཞིག་བཤད་དགོས་ཀྱང་སྲིད་སྐྱོང་དང་སྲིད་སྐྱོང་གི་སྐུ་ཚབ་མཉམ་དུ་གནང་དགོས་པ་ལས་ལམ་ཀ་གཞན་མེད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྡིང་ཆའི་ཐོག་ངོ་ཆ་སྤྲོད་དགོས་ཀྱང་ད་བར་དེའི་ཐད་འབད་བརྩོན་གནང་མེད་པ་ཙམ་དུ་མ་ཟད། ཆོད་སེམས་ཀྱང་མེད་པ་འདིས་ཁོང་གི་བཀའ་ཤག་འདིས་འགན་འཁུར་མེད་པའི་ཆབ་སྲིད་ཀྱི་འཛིན་སྐྱོང་གནང་གི་མེད་དམ་སྙམ། གལ་ཏེ་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་ཀ་གནང་དགོས་ཀྱི་མེད་ན་སྲིད་སྐྱོང་ཞེས་པ་མི་དགོས་པར་ནང་སྲིད་བཀའ་བློན་དབུ་བཞུགས་ཐོག་བཀའ་ཤག་ལྷན་ཚོགས་ཤིག་བཙུགས་ན་མ་འགྲིག་པ་ཨེ་ཡོད།།

གཉིས་པ། ༸གོང་ས་མཆོག་ནས་བོད་མི་དང་། རྒྱལ་སྤྱིའི་སྤྱི་ཚོགས་གང་དུ་ཕེབས་ཀྱང་ཆབ་སྲིད་དང་འབྲེལ་བའི་དྲི་བ་ཡོད་ན་སྲིད་སྐྱོང་ལ་འདྲི་དགོས་པ་ལས་ང་ལ་ཞུ་ཡག་གང་ཡང་མེད། ངས་ཆབ་སྲིད་ཀྱི་ལས་དོན་ཆ་ཚང་བཞག་ཟིན་པ་ཡིན་གསུང་གི་ཡོད་ཀྱང་། སྲིད་སྐྱོང་མཆོག་ནས་བཅའ་ཁྲིམས་དོན་ཚན་དང་པོ་ལུང་འདྲེན་གནང་ནས་བོད་རྒྱ་འབྲེལ་མོལ་ཐད་༸གོང་ས་མཆོག་ལ་འགན་ཡོད་པ་དམིགས་བཀར་གྱིས་གསུངས་པ་འདི་རེད། ཕྲན་ནས་འདིར་བཅའ་ཁྲིམས་དོན་ཚན་དང་པོ་ཆ་ཚང་འདྲེན་འགོད་བྱས་ཡོད།

 

དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།

བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་ རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

༡ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

༢ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།

༣ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས།

བཅའ་ཁྲིམས་ནང་སྐུ་དབང་རང་ཆས་སུ་ཕུལ་བ་འདི་དག་ལ་གཞིགས་ན་བོད་དོན་འཐབ་རྩོད་ཐད་༸གོང་ས་མཆོག་ནས་ཕྱག་ལས་གནང་དགོས་པ་གསལ་མེད་པར་མ་ཟད། ༸གོང་ས་མཆོག་ནས་ཀྱང་ད་བར་བཀའ་ཤག་གི་དགོངས་སྐོར་ཁག་ལ་ལམ་སྟོན་བསམ་འཆར་ཕུལ་བ་ཙམ་ལས་ཆབ་སྲིད་ལས་དོན་ལ་འདི་བྱེད་དང་འདི་མ་བྱེད་ཅེས་གསུང་མེད་པ་གསལ་པོ་རེད། དེས་ན་སྲིད་སྐྱོང་མཆོག་ནས་བཅའ་ཁྲིམས་ནས་སྐུ་དབང་རང་ཆས་སུ་ཕུལ་ཡོད་པར་བཤད་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་འགྲུབ་འབྲས་མེད་པའི་ལེ་ཁག་༸གོང་ས་མཆོག་ལ་དཀྲི་ཐབས་མེད་པ་རེད།

གསུམ་པ། འོས་བསྡུའི་ལས་རིམ་ཁྲོད་བོད་རྒྱ་འབྲེལ་མོལ་ལས་དོན་ཐད་སྐུ་ཚབ་གཅིག་ཀྱང་བསྐོ་གཞག་བྱེད་མ་ཐུབ་པ་གང་ཡིན་ནམ་ཞེས་དྲི་བ་མང་དག་ཅིག་སྲིད་སྐྱོང་གི་མདུན་ཅོག་སྟེང་དུ་སླེབ་ཡོང་དུས་བོད་རྒྱ་འབྲེལ་མོལ་གྱི་ལས་ཀ་དེ་༸གོང་ས་མཆོག་གི་ཕྱག་ལ་ཡོད་པ་དང་བཀའ་ཤག་དེའི་མཐུན་རྐྱེན་མཁོ་སྒྲུབ་པ་ཙམ་ཡིན་མདོག་བཤད་དེ་འུ་ཐུག་པའི་སྐབས་༸གོང་ས་མཆོག་ལ་ཕྱག་ཕྱིས་རྩིས་བྱེད་པ་འདིར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དང་༸གོང་ས་མཆོག་གི་སྐུ་འགྲམ་དུ་ཡོད་པའི་གལ་ཆེའི་མི་སྣ་ཚང་མས་དོ་སྣང་འགན་འཁུར་གནང་དགོས་པ་རེད་སྙམ། བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་ཀ་མང་དག་ཅིག་ད་དུང་༸གོང་མཆོག་གི་ཕྱག་ནང་བཅོལ་ཡོད་པར་མ་ཟད། སེམས་རྩ་འཁོལ་པོའི་ཐོག་ནས་མར་ཞུ་རྒྱུ་ཕར་བཞག་ད་དུང་མ་འོངས་པར་ཡང་༸གོང་ས་མཆོག་གི་ཕྱག་ལ་གཞག་རྩིས་དང་། མང་ཚོགས་ཀྱིས་ཚ་འདེད་གཏོང་སྐབས་༸གོང་ས་མཆོག་གི་ཕྱག་ལ་ཡོད་ཅེས་༸གོང་ས་མཆོག་ལག་ཕྱིས་མུ་མཐུད་གནང་རྩིས་བྱེད་ཀྱི་ཡོད་ན། ༸གོང་ས་མཆོག་གི་ཐུགས་རེ་ཆེན་པོ་གྲུབ་ཡོད་པ་དང་། ཁོང་ཐུགས་སེམས་སྤྲོ་པོའི་ངང་ནས་སྐུ་ལྷོད་ལྷོད་བཞུགས་ཡོད་པ་རེད་ཅེས་པའི་སྐད་ཆ་དེ་སྤོབས་པ་མཐོན་པོའི་ཐོག་ནས་བཤད་ཐུབ་པ་གང་ཡིན་ནམ།
དེ་རིང་ཁ་སང་སྐུ་ངོ་སྲིད་སྐྱོང་མཆོག་ནས་སྤྱི་ཚོགས་ནང་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཀྱི་སྣང་བརྙན་བསྐྲུན་སྟངས་ལ་བལྟས་ན། ༸གོང་ས་མཆོག་སྐུ་ངོ་སྲིད་སྐྱོང་གི་ཆབ་སྲིད་ཀྱི་ལག་པ་རྫོར་པོ་དེ་ཕྱིས་ས་གནང་གི་མེད་དམ་སྙམ་པས་ཀུན་གྱིས་ཡིད་འཇོག་གྱིས།།

བསམ་ཚུལ།

Post navigation

Previous Post: གནམ་ལོ་གསར་བའི་རྟེན་འབྲེལ། ༼གླུ་གཞས།༽
Next Post: མི་ལོ་ཉི་ཤུའི་གསེར་མདོག་གི་བཞུད་ལམ་རིང་མོ།

Comments (11) on “བོད་རྒྱ་འབྲེལ་མོལ་ཐད་ལག་པ་ཕྱིས་ཡོང་གི་འདུག”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-19 at 3:21 pm

    ཨ་ཁུ་དགྲ་ལྷ། ཧཧཧཧཧ་་་་་ངོ་མ་ཁག་མེད་གདའ། མི་ཕྲག་དོགས་ཅན་ཞིག་སྲུང་མ་མིང་འོག་གབ་རྫུན་འོག་ནས་དུག་མདའ་འཕེན་པ་འདིར་ལས་ངན་ནོ།།

  2. ཁྲག་འཐུང་། says:
    2016-02-19 at 11:03 pm

    ད་སྐབས་དྲ་ཐོག་ལ་བལྟས་ཡོང་ན་སེང་གེ་ཁྱི་རུ་འགྱུར་བཞིན་པའི་དུས་ཚོད་རེད་གདའ།
    དངོས་གནས་དྲང་གནས་ལྟད་མོ་འདུག སེང་གེ་འཁོར་དུ་གནས་བཅའ་བ་རྣམས་ཅ་ཅོ་འདོན་པ་དང་སྡུག་སྐད་རྒྱག་པའི་འགོ་བརྩམས་འདུག་་་ཨ་ལ་ལ་ལ

  3. ལུང་རྟོགས། says:
    2016-02-19 at 11:22 pm

    ད་ཁྱི་རྒན་ངུ་ཟུག་ཅི་ཙམ་བྱས་ཀྱང་གངས་ཀྱི་སེང་གེ་སླར་ཡང་གངས་ལ་ཕེབས་རྒྱུ་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 12:36 am

    ད་ལོའི་བློ་སེང་སྲིད་སྐྱོང་རྒྱབ་སྐྱོར་པ། རབ་འབྱམས་པ་ཀརྨ་རྡོ་རྗེས་སྤེལ་བ།

    1. མཁས་དབང་བློ་བཟང་སེང་གེའི་སྐབས་སུ་བོད་རྒྱ་ཞི་མོལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གཞུང་གི་ལག་ཏུ་བཞག་ཡོད།

    2.ཁ་རང་རང་གསོའི་སྟེང་དུ། དཔལ་འབྱོར་གྱི་བསྡུ་རུབ་ས་ཡ་༣གསུམ་འོངས་སར། ས་ཡ་༦དྲུག་ཡོང་ཐུབ་པར་བྱས་འདུག

    3. སྲིད་སྐྱོང་གིས་གཏན་འཇགས་སློབ་གྲྭ་ཁག་ལ་གང་ཐུབ་ལྟ་སྐོར་དང་། དབྱིན་རྩིས་ཀྱི་དགེ་རྒན་ཙམ་མིན་པར། དགེ་སློབ་གང་མང་ཐད་ཀར་བསྐོང་ནས། མ་འོངས་བོད་ཀྱི་སོན་རྩ་བཟོ་སྟངས། སྔར་མེད་གསར་གཏོད་བྱས་སོང་།

    4. ཕྱི་དྲིལ་བཀའ་བློན་གྱི་ཁྱབ་ཁོངས་སུ་ཡང་། བློ་སེང་རང་གིས་ལས་བྱེད་མི་སྣ་བསྐོ་བཞག་བྱས་ཤིང་། ༸གོང་ས་མཆོག་སྐུ་པར་མར་བླངས་ནས་ཁོའི་པར་ཡར་ལ་བཞག་པ་སོགས་ཀྱི་སྐྱོན་འཛུགས་མང་དག་ཅིག ཁྲག་དོག་གི་མིག་ལ་ཚེར་མ་ཟུག་པ་ལྟར། གཞི་མེད་སྐྱོན་འཛུགས་ཡིན་པ་ངོས་ལེན་བྱེད་བཞིན་ཡོད་གདའ།

    5. གཞུང་དངུལ་ལྐོག་ཟ་བྱས་ནས་ཨ་རིའི་ཁང་རིན་ལ་སྤྲད་པར་བཤད་པ་ནི། མི་དཀར་པོར་ཞྭ་མོ་ནག་པོ་གཡོག་འདོད་བྱུང་ཡང་། གཡོག་མ་ཤེས་པ་ཡིན་པ། ཀུན་གྱི་ཡིད་ངོར་གསལ་གསལ་ཐིང་ཐིང་ཆགས་བཞིན་པ་རེད།

    6. བློ་སེང་གི་དྲང་པོ་དང་། ཧུར་བརྩོན་གྱིས་ཆོས་སྲིད་ཀྱི་བྱ་བ་སྒྲུབ་སྟངས་དེས། བོད་གཞུང་གི་ལས་བྱེད་ཁོག་རུལ། སྙིང་རུལ། དམར་འཐོམས་པ་མང་པོ་ཅིག་ལ། མིག་ལྟོས་བཟང་པོ་བསྐྲུན་ཡོད་པ་རེད།

    7. 2016 ལོའི་དུས་འཁོར་དབང་ཆེན་ཡང་།༸གོང་མཆོག་གི་མཛད་འཆར་མང་དྲགས་པ་དང་བསྟུན་ནས། ཡར་བླ་མར་དགོངས་སྐོར་ཞུས་པ་དང་། མར་༸གོང་ས་མཆོག་གི་ཐུགས་དམ་ཐེངས་བདུན་དང་མཐུན་པར། ཕྱི་འགྱངས་གནང་བར། ང་ཚོ་དད་ལྡན་ཡོངས་ནས། ཐུགས་རྗེ་ཆེ་ཞེས། གྲངས་མེད་ཞུ་བཞིན་ཡོད་དོ།།

    8. ཨ་རི་དང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་དོལ་འདྲེ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་བཟོ་འཆར་ཡོད་ཚུལ་བསྒྲགས་པ་ལྟར། ད་བར་ལོ་བཞི་དངཕྱེད་ཀའི་བར།༸གོང་ས་མཆོག་གི་ཉེ་སར་བཅར་ནས་ངོ་རྒོལ་བྱས་ཀྱང་། ཛམ་གླིང་མི་དམངས་འཁྲོད་དུ། དོལ་ཚོགས་པ་རང་ཉིད་རང་གནོངས་ངོ་ཚ་ཁ་སྐྱེང་བྱུང་བ་སོགས་ནི། བློ་སེངམཆོག་་གིདབང་དང་ནུས་པ་ལས། བྱུང་བར་འདོད་ལགས།

    9. ད་ལྟ་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་མང་བོ་ཞིག་གི་སྐབས་སྒེར་དོན་དྲིལ་བསྒྲགས་མ་བྱས་པར། རང་གི་སྒེར་གྱི་གུང་སེང་ཞུས་པ་དང། སྒེར་གྱི་འགྲོ་འགྲོན་བཏང་ནས། གཞུང་དོན་ཞོར་དུའང་བསྒྲུབས་པ་འདི་བོད་རིགས་སྐྱེས་བུ་དམ་པའི་མཚན་རྟགས་སུ་གྲངས་མི་འོས་སམ། ལགས།

  5. གངས་ཕྲུག། says:
    2016-02-20 at 4:05 am

    བློ་སེང་ལགས་ནི་རྒྱ་དམར་གཞུང་གིས་བཤད་པ་ལྟར། རྒྱ་བོད་གནས་དོན་གླེང་རྒྱུ་དང་གྲོས་རྒྱུ་ཅི་ཡང་མེད། བོད་ལ་ཞིང་བྲན་ལམ་ལུགས་རྩ་མེད་བཏང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ཏཱ་ལེའི་སྒེར་གྱི་གནད་དོན་དང་རྒྱ་ནག་གཞུང་དབར་གྲོས་མོལ་བྱེད་རྒྱུར་རྒྱ་ནག་གི་སྒོ་མོ་ཕྱེ་ནས་ཡོད། འོན་ཀྱང་ཏཱ་ལེ་བླ་མས་ཁ་བྲལ་གྱི་བྱ་སྤྱོད་རྣམས་འཚམས་གཞག་ནས་བོད་འདི་ལོ་རྒྱུས་ཐོག་རྒྱ་ཁོངས་ཡིན་པར་ཁས་ལེན་ནས་མི་རྒྱལ་འཁྱིམ་ཚང་ཆེན་མོ་ནང་ལོག་ཕེབས་ན་འགྲིག་གི་རེད། ཟེར་བའི་གནད་ལུགས་དེ་ཤེས་པའི་ཐོག་ནས་བོད་རྒྱ་གྲོས་མོལ་མཐུད་ཐབ་དང་། དེ་ཡང་དབུ་ལམ་གྱི་དགོངས་དོན་དང་རྒྱ་ནག་ཚང་གིས་མངོན་འདོད་ལྟར་གོང་ས་མཆོག་གི་གནས་བབ་ཀྱི་རྒྱ་བོད་ཞི་མཐུན་ཡོང་རྒྱུར་འབོད་པ་གནང་རྒྱུ་ལས་ལམ་ཁ་གཞན་ཞིག་མེད་པ་ནི་རྒྱ་ནག་ཚང་གིས་བཀའ་རྒྱ་རེད། གལ་སྲིད་དབུ་ལམ་རྒྱུད་ནས་རྒྱ་བོད་གྲོས་མོལ་འདོད་ན་གོང་ས་མཆོག་དང་མ་རྒྱུད་པ་གྲོས་མོལ་ཞིག་འགྲོ་ས་མེད་པ་ཤེས་དགོས།

  6. སྤྱང་ཤོག says:
    2016-02-20 at 8:59 am

    ཀླུ་མཁར་བྱམས་ལགས་ཀྱི་བོད་རྒྱ་འབྲེལ་མོས་སྐོར་ལ་དགོངས་ཚུལ།
    སྲིད་དོན་གྱི་ཁྱབ་ཁོང་ནས་བཤད་ན། བཀའ་ཤག་སྔོན་མིའི་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ལ་བོད་འདུས་པ་རང་གཞུང་གི་ཁས་ལེན་ཞུས་ཚར་བ་རེད། དེ་ལས་ལྷག་གཅིག་མར་འབབ་ཡག་ཡོད་པ་མ་རེད། གལ་སྲིད་དེ་ནས་མར་བབས་ན། ་མྱི་བྱེད་ཀྱི་མིན། ཁྱི་བྱེད་ཀྱི་ཡིན་ཟེར་བ་དང་གཅིག་མཚུངས་རེད་ཟེར། ད་མར་འབབ་ས་ཞིག་ཡོད་པ་མ་རེད་ཟེར།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 9:27 am

    ཀླུ་བྱམས་ཁོ་རང་མི་མ་རེད། ཁྱི་ཕྲུག་ཆགས་ཚར་པ། ང་ཚོ་ཀུན་གྱིས་ཤེས་བགྱིད་ཡོད། ད་ཁ་རོགས་སྡོད།།

  8. གངས་ཕྲུག། says:
    2016-02-20 at 10:12 am

    ཀླུ་བྱམས་ཁྱི་ཕྲུག་ཡིན་ན་ཁྱེད་ཕག་ཕྲུག་ལས་འགྲོ་ས་མེད།

  9. བཀྲ་ཤིས། says:
    2016-02-20 at 10:30 am

    དགྲ་ལྷས་འདིར་དོན་དག་སྒང་ལ་བབས་ནས་བཤད་འདུག མཆན་མཁན་ཚང་མ་ར་བཟི་འདུག ཕྱི་ཟླ་ ༣ ཚེས་ ༢༠ རྗེས་ལ་མ་གཏོགས་ར་དྭངས་མི་སྲིད། མུ་མཐུད་སྐྱུག་ཅིག

  10. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 10:54 am

    ཀླུ་བྱམས་ཀྱིས་༸གོང་ས་མཆོག་མཚན་དམོད་བྱས་ཙང་།
    ་
    ཀླུ་བྱམས་ནི། མི་ཞབས་འདྲེན་པ་ཅིག་རེད། ཀླུ་བྱམས་ནི། བོད་མིའི་ཞབས་འདྲེན་པ་ཅིག་རེད། ཀླུ་བྱམས་ནི། ཨ་མདོའི་ཞབས་འདྲེན་པ་ཅིག་རེད། ཀླུ་བྱམས་ནི། གསར་འབྱོར་བའི་ཞབས་འདྲེན་པ་ཅིག་རེད། ཀླུ་བྱམས་ནི། བཙོན་ཟུར་པའི་ཞབས་འདྲེན་པ་ཅིག་རེད། ཀླུ་བྱམས་ནི། སྲིད་སྐྱོང་སྔོན་འགྲོའི་འོས་མིའི་ཞབས་འདྲེན་པ་ཅིག་རེད།
    ་
    རབ་འབྱསམ་པ་ཨེལ་ཊའི་དེག་མིང་ཀརྨ་རྡོ་རྗེས།

  11. ཀརྡོ་གཉེར་ཕྱག་པ་ says:
    2016-02-20 at 11:00 am

    #8 གངས་ཕྲུག་ལགས་ཀྱིས་སྤེལ་དོན།:
    February 20th, 2016 at 10:12 am
    ཀླུ་བྱམས་ཁྱི་ཕྲུག་ཡིན་ན་ཁྱེད་ཕག་ཕྲུག་ལས་འགྲོ་ས་མེད།
    ལན་དུ།
    ངའི་མཆན་བཅུ་པའི་རྟགས་ཅན་འདི། ང་ཕག་ཕྲུག་གིས། གངས་ཕྲུག་ལགས་སུ། བཅོ་ལྔ་མཆོད་པའི་དོད་དུ་སྤྲིངས་པའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme