Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།

Posted on 2016-02-162016-02-16 By ཁ་བརྡ 53 Comments on སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།

-མི་ཉག་ཀུན་དགའ་བཀྲ་ཤིས།

 
ཉེ་ཆར་སྨྱུག་མིང་ངམ་གསང་མིང་ལ་” གཟུར་གནས་བློ་ལྡན་” ཞེས་པ་ཞིག་གིས་ཁ་བརྡའི་ཐོག་”བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་བཅུ་” ཞེས་པའི་ཡི་གེ་ཞིག་བཀོད་འདུག སྤྱིར་ཡིག་ཉོག་དེ་ཀློག་རིན་ཡོད་པ་ཞིག་ཏུ་མ་མཐོང་ན་ཡང་། ཁ་བྱང་དེས་སེམས་པའི་གཏིང་ལ་སེམས་ཁྲལ་ཞིག་དང་དྲི་བ་ཆེན་པོ་ཞིག་རང་བཞིན་གྱིས་སླེབས་སུ་བཅུག་ཡོང་བ་ནི་འདི་ལྟར། “མཁས་དབང་བློ་བཟང་སེང་གེ་ལགས་སྲིད་སྐྱོང་ལ་མི་འོས་ན་ང་ཚོར་སྲིད་སྐྱོང་ལ་འོས་པའི་མི་གཞན་སུ་ཞིག་ཡོད་དམ། གང་ནས་འཚོལ་དགོས་སམ” ཅེས་པ་དེ་རེད། དེ་ཧ་ཅང་སྟབས་བདེ་པོ་རེད། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འོས་སོ་ཞེས་ན། འགྲིག་གི་རེད། ངས་སྤེན་ཚེ་བོད་ཀྱི་སྲིད་སྐྱོང་ལ་གཏན་ནས་མི་འོས་པའི་རྒྱུ་མཚན་བཅུ་རེ་རེ་བཞིན་འོག་ཏུ་འཆད་པར་བྱ།

 
དང་པོ།

ཚོགས་གཙོ་མཆོག་ལ་སྔ་ཕྱི་མི་བསད་པའི་ཉེས་འཛུགས་བྱས་པས་རང་རེའི་སྤྱི་ཚོགས་ནང་གི་ཆེས་རྩོད་གཞི་ཅན་གྱི་མི་སྣ་ཞིག་ཏུ་གྱུར། ཁྲིམས་ཐོག་ནས་སྙོན་འཛུགས་དེ་བདེན་པ་མིན་པའི་ཁུངས་སྐྱེལ་ཡིག་ཆ་ཞིག་མ་མཐའ་ཡང་དགོས་གལ་ཆེ་བའི་དུས་ལ་བབ་ཡོད་ཀྱང་། ཚོགས་གཙོར་དེ་འདྲ་ཞིག་བསྟན་རྒྱུ་མེད། དེས་ན་རྩོད་རྙོག་ཅན་གྱི་མི་ཞིག་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་བཀོད་པ་ནི་བོད་ཀྱི་སྲིད་ལུགས་ཀྱི་ཁྲི་འཕང་མཐོ་ཤོས་ཀྱི་གོ་གནས་འདི་དམའ་སར་བཟུང་བ་དང་མཐོང་ཆུང་བྱེད་པ་རང་རེད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
གཉིས་པ།

སྤེན་ཚེ་ལ་ཆེ་ས་རྒྱ་གར་དང་། ཆུང་ས་བལ་ཡུལ་ཙམ་གྱི་ནང་ཙམ་ལས་ངོ་ལེན་དང་བེད་སྤྱོད་མེད་པའི་འཛིན་གྲྭ་བཅོ་ལྔ་ཡི་ཤེས་ཚད་ལག་འཁྱེར་མ་གཏོགས་མེད་པས་ཤེས་ཡོན་གྱི་ནུས་པར་བརྟེན་ནས་བོད་ཀྱི་སྲིད་སྐྱོང་གི་ལས་འགན་ལྗིད་པོ་དེ་བསྒྲུབ་པར་ཆེས་ཆེར་མཁོ་བའི་དོན་དངོས་ཀྱི་ལག་ལེན་དང་། གཞུང་ལུགས་གཉིས་ཀའི་ཐོག་ནས་ཧ་ཅང་གི་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པའམ། བསྒྲུབ་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད། སྔར་གྱི་བཀའ་བློན་ཁྲི་པ་རྣམས་དང་ཁྱོན་ནས་མི་འདྲ་བར། བོད་ཀྱི་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་པས་འཛིན་གྲྭ་བཅོ་ལྔའི་ཤེས་ཚད་ལག་འཁྱེར་ཙམ་ཡོད་མཁན་ཞིག་ལ་སྲིད་སྐྱོང་གི་ཞབས་བཀྱག་དེ་ཆེ་དྲགས་པ་རེད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
གསུམ་པ།

སྤེན་ཚེ་སློབ་མཐར་ཕྱིན་ནས་རིང་པོ་མ་སོང་བར་གྲོས་ཚོགས་ནང་སླེབས་པས་རྩ་ཆེ་བའི་བགྲང་བྱ་ཉི་ཤུ་ཙམ་འཐུས་མི་བཞི་བཅུ་ཙམ་ལས་གྲུབ་པའི་ཆོལ་ཞེན་དང་ཆོས་ཞེན་གྱི་ཡོངས་སུ་བསྒྲིབས་པའི་གྲོས་ཚོགས་ཀྱི་ཁོར་ཡུག་ཆུང་ཆུང་དེའི་ནང་དུ་དུས་འདའ་བར་བྱས་པ་དང་། ལག་ལེན་གྱི་ཐོག་གྲོས་ཚོགས་ཕྱི་རོལ་གྱི་སྤྱི་ཚོགས་དང་། འཛིན་སྐྱོང་གཞན་དང་གཞན་གྱི་ཉམས་མྱོང་གང་ཡང་བསགས་མེད་པས་འགན་འཁུར་ཧ་ཅང་ཆེ་བའི་སྲིད་སྐྱོང་གི་ལས་འགན་བསྒྲུབ་ཐུབ་པར་རེ་བ་གཏན་ནས་མེད། གཞན་ཡང་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་འཛིན་ཁང་ཞིག་མིན་པས་འཛིན་གྲྭ་དགུ་པའི་རྒན་བདག་གི་ཉམས་མྱོང་དེས་སྲིད་སྐྱོང་གི་ལས་འགན་བསྒྲུབ་པར་ཕན་ཅི་གང་མི་ཐོགས། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
བཞི་པ།

སྤེན་ཚེ་ནི་མི་གཤིས་ཀྱི་ཐད་ནས་རང་ཚུགས་སྤུ་ཙམ་མི་བརྟན་པའི་མི་ཞིག་ཡིན་པ་ཉེ་ཆར་ཁོས་གནང་བའི་འོས་བསྡུའི་གཏམ་བཤད་ཁག་ལ་བལྟས་ན་ར་གསལ་པོ་འཕྲོད་ངེས་རེད། དེ་ཡང་ཁོས་སོ་སོའི་ལེགས་ཉེས་བླང་དོར་གྱི་རྣམ་དཔྱོད་ལ་མ་བརྟེན་པར་གྱང་གོག་སྒང་གི་རྩ་ལྟར་གཡས་གཡོན་དུ་ཡོད་པའི་བློ་གྲོས་དམན་པའི་མི་ཚོས་ཁོའི་བློ་ཁ་ཆུ་སྣ་གར་ཁྲིད་བྱེད་པའི་ཤུགས་རྐྱེན་འོག་དང་འུར་སྒྲོག་དང་དཀྲོག་གཏམ་སྤེལ་བ་སོགས་བློ་སེང་གིས་གཙོ་པའི་བཀའ་ཤག་ལྷན་རྒྱས་ནག་པོ་སྒྲུབ་ཐབས་བྱས་པ་སོགས་བཟང་སྤྱོད་དང་འགལ་བའི་ཕུགས་རྒྱང་ཐུང་བ་དང་། ཧ་སང་དགོས་པ། ཡིད་སྐྱོ་དགོས་པ་སོགས་ཀྱི་ལས་འགུལ་བརྩམས། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
ལྔ་པ།

སྤེན་ཚེ་ཡིས་སྟོང་བཤད་མང་པོ་བྱེད་ཤེས་པ་ཙམ་ལས་དམངས་ཚོགས་སམ་སྤྱི་ཚོགས་དངོས་ཀྱི་མདུན་ལ་བཏོན་ནས་དེ་རིང་བཤད་པའི་སྐད་ཆ་ལ་འགན་འཁུར་ཡོད་པ་དང་། སང་ཉིན་དེར་མཇུག་འབྲས་གང་ཡོང་གི་ཚོད་དཔག་བྱེད་མི་ཐུབ་པའི་ཀླད་རྩ་འཁྲུག་པའི་མི་ཞིག་རེད། དཔེར་ན་ཉེ་ཆར་ཨ་རི་སོགས་ལ་བྱས་པའི་མ་བརྟག་མ་དཔྱད་པའི་དུས་དབང་དང་འབྲེལ་བའི་གཏམ་བཤད་ཁག་ལས་གསལ་པོ་ཆགས་ཡོད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
དྲུག་པ།

སྤེན་ཚེ་ནི་མི་དགོས་སར་རང་དང་མཐོ་བ་དང་། འཇོན་པ། དེ་བཞིན་ཤེས་ཡོན་ཆེ་བ་ཚོར་ཕྲག་དོག་གིས་ཟུར་ཟ་དང་མི་དགའ་བའི་རྣམ་འགྱུར་གང་ནུས་སྟོན་བསྡད་མཁན་ཞིག་དང་། ཁོ་དང་དམའ་བ་དག་ལ་མཐོང་ཆུང་གི་སྐད་ཆ་དང་། གཉའ་གནོན་གང་ཐུབ་བྱེད་མཁན་གྱི་མི་ཞིག་ཡིན་པ་ཡོངས་གྲགས་རེད། ད་དུང་དོན་མེད་ནང་ཁུལ་དགྲ་བོ་མང་པོ་བཟོ་རྒྱུ་ནི་ཁོའི་རྒྱུན་ལྡན་གྱི་གོམས་གཤིས་དང་བྱ་སྤྱོད་ལྟ་བུར་གྱུར། དེ་འདྲའི་མི་ཞིག་གིས་ནར་མ་སོན་པའི་བོད་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་འདི་ཡི་མགོ་ཁྲིད་བྱ་ཐབས་ནི་ནམ་ཡང་ཡོང་མི་ཤེས་པའི་གནས་སྟངས་ཤིག་ཏུ་གྱུར། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
བདུན་པ།

སྤེན་ཚེ་ནི་བཟོད་སེམས་ཅན་གྱི་མི་བུ་ཞིག་མིན་པས་མ་འོངས་པར་གྲོས་ཚོགས་ནང་གི་སྤྱི་འཐུས་སྒེར་སྤྱོད་པ་ཚོ་ཁ་གཏད་དུ་ལངས་ནས་ད་ལྟ་བློ་སེང་ལ་བཏང་དང་གཏོང་བཞིན་པའི་དྲི་བ་མི་འདྲ་བ་བརྒྱ་ཕྲག་འགའ་སླེབས་ཡོང་དུས་ཁོ་སྔར་ལྟར་ཁོང་ཁྲོའི་མེ་ལྕེ་འབར་ནས་མཐའ་ན་སྲིད་སྐྱོང་གི་ཞབས་བཀྱག་ཀྱང་དོར་ནས་མཐར་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཤག་དང་གྲོས་ཚོགས་གཉིས་ཀའི་སྒོ་རྒྱབ་དགོས་པའི་མཛད་དཀའ་ཏན་ཏན་བཟོ་སྲིད། དེ་དུས་༧སྐུ་མདུན་ ཡང་དགོངས་པ་ཚོམས་ངེས་རེད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
བརྒྱད་པ།

ད་ལྟ་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་རྒྱུ་མཚན་གྱིས་དམངས་ཚོགས་དང་གསར་འགོད་བརྒྱུད་ལམ། ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་བ་དག་དང་། རྒྱལ་སྤྱིའི་མི་སྣ་གལ་ཆེན་རིགས་ལ་གཏམ་བཤད་བྱེད་པའི་ལས་འགན་དེ་ཙམ་མེད་ཀྱང་། གཏམ་བཤད་ཁ་ཤས་བྱས་པས་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་རབས་དང་། རྒྱ་ནག་བཀའ་དྲིན་ཆེ་ཚུལ། གོང་ས་མཆོག་གིས་ཐེངས་འགར་བསྩལ་བའི་༢༠༡༦ ལོའོ་དུས་དབང་ཕྱིར་འགྱངས་ཀྱི་ཞལ་གསུང་དྲོན་མོ་དེ་བདེན་པ་མིན་ཚུལ་ལམ། དགོས་པའི་དབང་གིས་གསུང་ཚུལ་སོགས་བཀྲ་མ་ཤིས་པ་དང་། ནོར་འཛོལ་ཅན་གྱི་སྐད་ཆ་རྫབ་ཆེ་མང་དག་བཤད་ཟིན། མ་འོངས་པར་སྲིད་སྐྱོང་ཆགས་པའི་དབང་དུ་བཏང་ཡང་། ཕྱི་འབྲེལ་སོགས་སྒྲིག་འཛུགས་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་གི་སྐོར་ནོར་འཁྲུལ་ཅན་གྱི་སྐད་ཆ་བཤད་ནས་བོད་པ་ཚོས་གདོང་པ་གཞན་ལ་བསྟན་མི་ཕོད་པ་བཟོ་མི་སྲིད་ཅེས་ཁས་ལེན་བྱེད་མི་ཐུབ། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
དགུ་པ།

སྤེན་ཚེ་ནི་ཁོ་རང་འཇོན་ས་རེད། བྱེད་ཐུབ་ས་རེད་ཅེས་སྟོང་བསམ་དང་སྟོང་བཤད་བྱེད་མཁན་ཙམ་ལས་དོན་དངོས་སུ་འདི་དང་དེ་བྱེད་ཐུབ་པའི་སྤོབས་པ་དང་གདེང་ཚོད། དེ་བཞིན་འཆར་གཞི་ཅི་ཡང་མེད་པའི་མི་བུ་ཞིག་རེད། ཁོ་ལ་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་བྱེད་འགའ་ཤས་ཤིག་ལ་གླ་ཕོགས་ཙམ་སྤྲད་ཐུབ་པའི་འཇོན་ཐང་དང་། ནུས་པ་དེ་མེད་པ་ཡིན་སོང་ན། སྤྱི་ཚོགས་ཆེན་པོ་ཞིག་གི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་གཟིགས་རྟོག་གནང་བའི་མཛད་འགན་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཇི་ལྟར་བྱེད་ཐུབ། དེ་ནི་ཧ་ལམ་ཡོང་མི་སྲིད་པ་ཞིག་རེད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

 
བཅུ་པ།

སྤེན་ཚེ་ནི་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཙམ་མ་གཏོགས་དེ་ལས་ལོགས་སུ་གྱུར་པའི་བོད་ནང་དང་། རྒྱ་གར་གྱི་སྤྱི་ཚོགས། ཕྱི་ཡི་རྒྱལ་ཁབ་ཁག་སོགས་ཀྱི་ནང་ངོ་ཤེས་མཁན་ཤིན་ཏུ་དཀོན་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་ཉམས་དམས་སུ་འགྲོ་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་རེད། ད་དུང་ཁོ་ལ་ཕྱིའི་ཉམས་དང་། ནང་གི་ཀུན་སྤྱོད། རྒྱལ་སྤྱི་ཅན་གྱི་མིང་དང་། འཛམ་གླིང་གང་སར་ཆེ་མཐོང་དང་ངོ་འཛིན་ཐོབ་པའི་ཤེས་ཚད་ལག་འཁྱེར་སོགས་མེད་པས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཚོགས་པ་དང་། སློབ་གྲྭ་ཆེན་མོ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཚོས་ཁོ་ལ་མགྲོན་ཤོག་བཏང་ནས་བོད་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་གཏམ་བཤད་བྱེད་པའི་གོ་སྐབས་སྤྲོད་མི་སྲིད་པ་རེད། དེས་ན་སྤེན་ཚེ་སྲིད་སྐྱོང་ལ་མི་འོས།

གོང་དུ་བཀྲལ་བའི་རྒྱུ་མཚན་བཅུ་པོ་ནི་རང་སྣང་གང་དྲན་གྱིས་དཔལ་ལྡན་ཚོགས་གཙོ་མཆོག་ལ་གཞི་མེད་པའི་སྙོན་འཛུགས་དང་། དམའ་འབེབས་ཞུས་པ་མིན་ཞིང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་། སློབ་གཉེར་གནང་བའི་བརྒྱུད་རིམ། ཕྱག་ལས་གནང་བའི་གྲུབ་འབྲས། སྔར་གནང་བའི་བཀའ་སློབ་ཁག་དང་། ཉེ་དུས་གནང་བའི་འོས་བསྡུའི་རྒྱལ་ཁར་དམིགས་པའི་གསུང་བཤད་ཁག་བཅས་གཞི་རུ་བཞག་པའི་ཐོག་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་རང་བཞིན་བརྗོད་པ་ཙམ་དུ་འཁུམ། ཞིབ་ཚགས་བྱེད་ནས་ཁོང་གི་རང་བཞིན་བརྗོད་དགོས་བྱུང་ན་བཅུ་ལས་ད་དུང་མང་བ་འབྲི་ཐུབ་མོད། གོང་བཀོད་ཀྱི་རྒྱུ་མཚན་བཅུ་པོས་གསལ་ཁ་གང་རུང་ཞིག་བཏོན་པའི་ཡིད་ཆེས་དང་ཀློག་པ་པོ་ཚོར་ཐུགས་ཕན་རེ་གསོ་བའི་རེ་བ་ཆེ།།

བོད་རྒྱལ་ལོ་༢༡༤༣ བོད་ཟླ་༠༡ པོའི་ཚེས་༠༩ དང་། སྤྱི་ལོ་༢༠༡༦ ལོའི་ཟླ་བ་༠༢ ཚེས་༡༦ ཉིན་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནས་བྲིས།།

བསམ་ཚུལ།

Post navigation

Previous Post: ཡུམ་ཆེན་གླེང་བ།
Next Post: གོས་དཀར་གྱོན་པ།

Comments (53) on “སྤེན་པ་ཚེ་རིང་སྲིད་སྐྱོང་གི་ཁྲི་ལ་འགོད་མི་འོས་པའི་རྒྱུ་མཚན་བཅུ།”

  1. མི་ཉག་སྐལ་བཟང་། says:
    2016-02-16 at 9:59 am

    ཆགས་སྡང་དང་ཞེན་ཁོག་སྐམ་པོ་ཡེ་ནས་གཏོར་བའི་རང་བཞིན་བརྗོད་པའི་བདེན་གཏམ་འདི་མཐོང་བར་དགའ་པོ་བྱུང་། ནོར་བུ་ལྟ་བུའི་རིན་ཐང་ཅན་གྱི་རྩོམ་ཡིག་འདིས་ར་བཟི་སྤེན་པ་ཚེ་རིང་དང་ཁོང་གི་རྒྱབ་སྐྱོར་ཚོ་ངེས་པར་དུ་ཀློགས་ཤིག།

  2. ངག་དབང says:
    2016-02-16 at 10:44 am

    ཡང་ཆོལ་ནད་ཅན་ཞིག་སླེབས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 10:45 am

    ་་་་་་་་་ སྤེན་ཚེ་ནི་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཙམ་མ་གཏོགས་དེ་ལས་ལོགས་སུ་གྱུར་པའི་བོད་ནང་དང་། རྒྱ་གར་གྱི་སྤྱི་ཚོགས། ཕྱི་ཡི་རྒྱལ་ཁབ་ཁག་སོགས་ཀྱི་ནང་ངོ་ཤེས་མཁན་ཤིན་ཏུ་དཀོན་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་ཉམས་དམས་སུ་འགྲོ་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་རེད། ་་་་་་་་་་་་ ཟེར།

  4. སྲིད་པ་རྡོ་རྗེ་ says:
    2016-02-16 at 10:48 am

    སྤེན་ཚེས་མི་བསད་པ་རེད་ཟེར་བ་དེ་ནི་ཁོང་གི་གཞུང་སེམས་དྲང་བས་འཇུ་ཆེན་ཐུབ་བསྟན་ཐེ་བའི་གཞུང་ཞབས་ཟུར་བ་ཚོ་གཞུང་གི་ཁང་པ་སྒེར་བདག་བྱེད་ཀྱི་ཡོད་པ་བཀག་པ་ལ་རྟེན་ནས་སྙིང་ནད་ཟིན་ཏེ་ཁོ་རང་གི་མི་ཚེ་ལོ་རྒྱུས་ཟེར་བའི་ང་རྒྱལ་གཞན་ཕམ་གྱི་ཁེངས་པའི་དེབ་དེའི་ནང་བྲིས་ཡོད་པ་རེད་ དེ་ལ་དཔང་རྟགས་ཁུང་ལུངས་ཏིལ་འབྲུ་ཙམ་མེད་ཁར་འཇུ་ཆེན་ཤོག་ཁག་གི་སྤྱི་ལྷན་ནང་རྒྱུ་མཚན་མེད་པའི་སྐད་ཆ་འདི་ཚོ་བཤད་དེ་བོད་སྡེ་བ་གཞུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་རེད་ དེ་ལ་བླེ་སེང་གི་ཡང་ཡིད་རངས་བསྔགས་བརྗོད་བྱས་སྟེ་ནེའུ་ཡོག་ཏུ་ཚོགས་གཙོ་གྲོས་ཚོགས་ནས་ཕྱིར་ཐོན་པ་དེ་ལ་༼དགོངས་པ་ཞུས་པ་༽་ཅེས་ཟུར་ཟ་བྱས་པ་དང་ཁོ་རང་གི་ཚོགས་གཙོའི་གོ་གནས་བསྐྱར་བཟོ་བྱས་ཡིན་ཁུལ་ཧམ་པ་བཤད་སོང་ བློ་སེང་ལ་གྲོས་ཚོགས་ཀྱི་འགྲོ་སྟངས་ལ་རྒྱུན་ཤེས་དང་དོ་དབྱིངས་མེད་པ་གསལ་པོ་རེད་ གྲོས་ཚོགས་ནང་རང་གི་གཞི་རིམ་གྱི་རྩ་དོན་དང་འགལ་བའི་གཏམ་བཤད་བྱུང་ན་དེ་ལ་ངོ་རྒོལ་གྱི་ཕྱིར་ཐོན་གྱི་ཡོད་པ་ནི་འཛམ་གླིང་ཡོངས་གྲགས་རེད་ བློ་སེང་ལ་ཁྲིམས་དང་སྒྲིག་གཞིའི་དྲི་མ་ཙམ་ཡང་ཁ་རྒྱུ་མེད་ཁར་རང་སྣང་གང་ཤར་གྱི་དབང་ཆ་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་སྔ་ཕྱིའི་བྱེད་བབས་དང་ཤོད་བབས་ནས་ཆུའི་རི་མོ་ལྟར་གསལ་ཡོང་གི་འདུག་

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 10:57 am

    སྤེན་ཚེས་མི་བསད་པའི་ནག་ཉེས་ཀྱི་དཀར་འདོན་མྱུར་དུ་འོངས་བའི་སྨོན་འདུན་ཡོད།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 10:59 am

    འཇུ་ཆེན་དང་ལི་ཐང་ཨ་ཐར་གཉིས་ནི། ཁམས་རིགས་མ་རབས་ཐ་ཤལ་གཉིས་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། མི་རབས་གསར་པས་མི་དེ་དག་གི་རྗེས་སུ་དུས་ནམ་འབྲངས་མི་ཉན་ནོ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 11:05 am

    འཇུ་ཆེན་གྱིས།
    https://www.youtube.com/watch?v=5Is4632VsjM

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 11:06 am

    ལི་ཐང་ཨ་ཐར་གྱིས།
    https://www.youtube.com/watch?v=AFRmQ-fz7Vg

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-16 at 11:08 am

    ཀརྡོ་འདི་ཡང་དེང་སང་སེམས་པ་ཐང་པོ་མེད་མཁན་གྱུར་འགྲོ་བཞིན་འདུག་་་་་སྤེན་ཚེའི་མི་བསད་དང་འབྲེལ་བ་ཡོད་མིན་ཀསྟག་ཚང་གི་ཁྱིམ་ཚང་གི་ལོ་རྒྱུས་ནང་ཞིབ་འཇུག་གྱིས་དང་གསལ་པོ་ཡོད་རེད་ལགས། འཇུ་ཆེན་དང་ཨ་ཐར་གཉིས་བོད་དོན་ཆེད་ཁྱོད་རང་ལས་བྱས་རྗེས་ཆེ་བ་བཤད་མ་དགོས་པ་རེད། དེང་སང་ཁྱོད་རང་དང་ཐུབ་བསྟན་ཐོག་མེད་གཉིས་སྨྱོ་ནད་སྨན་ཁང་ནང་ཉེན་ཁ་འདུག་གདའ། གཟབ་མ་གཏོགས་་་་་་

  10. གཡུ་ཐོག་རྒྱལ་པོ། says:
    2016-02-16 at 11:31 am

    ཅོ་མི་ཉག་ལགས། ཁྱེེད་རང་གི་མི་ཤེས་ཐག་ཆོད་དེ་ཆབ་སྲིད་རེདད། ཆབ་སྲིད་དཔྱད་གླེང་དག་ཕར་ཞོག། དེ་སྔོན། སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་གྱི་དབྱིན་མོ་དེར་འགག་པ་རྒྱག་རྒྱུའི་ཚབ་ལ་ཚགས་པར་ཁང་གི་སྐོར་ལ་འགག་པ་རྒྱབ་སོང་། ངོ་མ་ཡིན། དགད་མོ་སློང་མཁན་རང་རེད།

  11. རྒྱང་མིག says:
    2016-02-16 at 11:32 am

    ཞེན་ཁོག་སྐམ་པོའི་ན་ཚའི་དབང་གིས་སྤེན་ཚེར་གཞི་མེད་ཉེས་འཛུགས་བྱས་པ་འབའ་ཞིག་ལས། བསམ་བློ་གཏོང་གཞི་ཡོད་པའི་གནས་ལུགས་རྒྱུ་མཚན་ཅི་ཡང་མ་མཐོང་།

  12. ཀརྡོ་གཉེར་ཕྱག་པ་ says:
    2016-02-16 at 11:43 am

    ་་་་་་་་་་་་ #10 ཏྲེ་ཧོར་བྱམས་པ་རིན་ཆེན། ་ལགས་ཀྱིས་སྤེལ་དོན།:
    February 16th, 2016 at 11:08 am
    ཀརྡོ་འདི་ཡང་དེང་སང་སེམས་པ་ཐང་པོ་མེད་མཁན་གྱུར་འགྲོ་བཞིན་འདུག་་་་་སྤེན་ཚེའི་མི་བསད་དང་འབྲེལ་བ་ཡོད་མིན་ཀསྟག་ཚང་གི་ཁྱིམ་ཚང་གི་ལོ་རྒྱུས་ནང་ཞིབ་འཇུག་གྱིས་དང་གསལ་པོ་ཡོད་རེད་ལགས། འཇུ་ཆེན་དང་ཨ་ཐར་གཉིས་བོད་དོན་ཆེད་ཁྱོད་རང་ལས་བྱས་རྗེས་ཆེ་བ་བཤད་མ་དགོས་པ་རེད། དེང་སང་ཁྱོད་རང་དང་ཐུབ་བསྟན་ཐོག་མེད་གཉིས་སྨྱོ་ནད་སྨན་ཁང་ནང་ཉེན་ཁ་འདུག་གདའ། གཟབ་མ་གཏོགས་་་་་་ ཟེར། ཧཧཧཧཧཧཧ།། །།

  13. གཡུ་ཐོག་རྒྱལ་པོ། says:
    2016-02-16 at 11:51 am

    བོད་དོན་ཆེད་ཨ་ཐར་གྱི་བྱས་རྗེས་ག་རེ་ཡོད་པ་རེད་པས།

  14. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2016-02-16 at 11:52 am

    ཁ་རྡུང་མ་གཏོང་རོགས། གནས་ལུགས་ཤོད།

  15. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2016-02-16 at 11:55 am

    འབྲེལ་མེད་ཀྱི་སྐད་ཆ་མ་ཤོད། རྒྱུ་མཚན་བཅུ་པོ་རྫུན་མ་ཡིན་པའི་སྒྲུབ་བྱེད་དང་དགག་ལན་ཡང་དག་འཁྱེར་ཤོག

  16. གཡུ་ཐོག་རྒྱལ་པོ། says:
    2016-02-16 at 3:32 pm

    སྲིད་སྐྱོང་ཨ་ཁུ་སྟོནཔ་་དེས་ད་བར་ལྷ་སྒྲུང་རྐྱང་བཤད་ནས། མི་མང་ལ་མགོ་སྐོར་གཏོང་གི་འདུག་ཀ

  17. གངས་འདབས། says:
    2016-02-16 at 3:58 pm

    སྐུ་ཞབས་མི་ཉག་ཀུན་དགའ་བཀྲ་ཤིས་ལགས།
    གསལ་བཤད་ཞུ་རྒྱུ་ལ།་༼གཟུར་གནས་བློ་ལྡན༽ཟེར་བ་དེ་ང་མིན། འོན་ཀྱང་མཆན་མི་སུ་ཡིན་རུང་འབྲི་ཆོག་ཙང་ངས་ཁྱེད་ལ་གུས་བཀུར་ཞུས་ནས་ལྗགས་ལན་བྲིས་ཡོད།

    ༡༽ ཁྲིམས་ཐོག་ནས་སྙོན་འཛུགས་དེ་བདེན་པ་ཡིན་པའི་ཁུངས་མི་སུ་ལའང་སྟོན་རྒྱུ་ནི་ད་བར་མི་འདུག་ལ། གྲོས་ཚོགས་ནང་གི་སྙོན་འཛུགས་འགོ་འཛུགས་མཁན་གྱི་སྤྱི་འཐུས་ཁོང་ལ་གྲོས་ཚོགས་ཀྱི་ཕྱི་རུ་རྩོད་གཞི་འདི་གླེང་བའམ། ཁྲིམས་ཁང་ལ་རྩོད་པའི་གོ་སྐབས་བརྒྱ་ཆ་བརྒྱ་ཡོད་རུང་ད་བར་ཚིག་གཅིག་ཀྱང་བཤད་མ་སོང་བས་ན། བཀའ་བརྒྱུད་པའི་སྤྱི་འཐུས་བྱེ་བྲག་པ་ཁོང་ལ་ཡིད་བརྟེན་མེད།
    འོ་ན་ད་རེད་ཁྱེད་ནས་དངོས་མིང་སྤྱད་ནས་༼ཚོགས་གཙོ་ལ་སྔ་ཕྱི་མི་བསད་པའི་ཉེས་འཛུགས།༽ཟེར་བ་དེ་ལས་ཚོགས་གཙོ་ཁྲིམས་ལ་སྦྱར་འདོད་ཡོད་དམ།
    ༢༽དང་པོ། སྤེན་ཚེས་བོད་ཡིག་ཀློག་ཤེས་པ་དང་། འབྲི་ཤེས་པ། སྨྲ་ཤེས་པ་དང་། བྱ་ཚིག་བེད་སྤྱོད་གཏོང་སྟངས་སོགས་ཧ་ཅང་ཚད་མཐོ་པ་རེད་འདུག ད་དུང་རང་གི་རང་ལ་ཞེ་ས་བྱེད་ཀྱིན་མི་འདུག
    སྤེན་ཚེའི་དབྱིན་སྐད་ཀྱི་ཡོན་ཚད་ཡང་ད་བར་སྲིད་སྐྱོང་འོས་མིར་བཞེངས་མཁན་ནང་ནས་ཡོན་ཚད་ལེགས་ཤོས་དེ་ཡིན་པ་ཤེས་ཡོན་ཅན་ཚང་མས་མགྲིན་གཅིག་ཏུ་བརྗོད་བཞིན་འདུག
    སྤེན་ཚེ་རྒྱལ་སྤྱིའི་ནང་སྐད་གྲགས་མེད་ན་རུང་། ད་བར་ཁོང་ལ་ཉེས་པ་འཛུགས་མཁན་གྱི་ཕྱི་རྒྱལ་པས་བྲིས་པའི་རྩོམ་སོགས་མཐོང་རྒྱུ་མི་འདུག གཅིག་བྱས་ན་རྒྱལ་སྤྱིའི་སྟེང་ལ་སྐད་གྲགས་མེད་ཙང་ཡིན་འགྲོ་ཡང་ན་ད་བར་ཁོང་གིས་ལས་དོན་རྣམ་ཀུན་སྤྱོད་དང་། མཐུན་པ་ལས་ཙང་ཡིན་འགྲོ
    གཉིས་པ། གདན་ས་ཆེན་པོ་རྣམས་ནས་སློབ་མཐར་ཕྱིན་པའི་ལྷ་རམས་པའི་མཚན་གནས་ཡང་ནུབ་ཕྱོགས་ནང་སློབ་གསོའི་བརྒྱུད་རིམ་གཞི་བཞག་ངོས་ལེན་མེད་པ་རེད། འོན་ཀྱང་ངོས་ལེན་མ་བྱས་པ་དེས་མི་སྣ་དེ་ལ་ཡོན་ཚད་མེད་པ་དང་། འཇོན་ཐང་མེད་པར་ངོས་འཛིན་བྱ་རུང་ངམ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུ་དཔེ་མཚོན་རེད། དེར་བརྟེན་རྒྱ་བལ་ལ་སོགས་པའི་གཙུག་ལག་སློབ་གྲྭ་ཁག་ནས་སློབ་མཐར་སོན་པའི་ཤེས་ལྡན་པ་མི་སྣ་དེ་ཚོ་་ཤེས་ལྡན་པ་མ་རེད་ཟེར་རམ།
    ༣༽དེ་སྔོན་འབུམ་རམས་པ་བློ་བཟང་སེང་གེ་མཆོག་༢༠༡༡ ལོར་ཐོག་མར་བཀའ་བློན་ཁྲི་པར་འོས་འདེམས་བྱ་སྐབས་ཁོང་ལ་དེ་བས་འཛིན་སྐྱོང་གི་ཉམས་མྱོང་མེད་ལ། མཐའ་ན་མི་བཅུའི་འགོ་ཁྲིད་བྱས་ནས་ཟླ་བ་གཅིག་གི་ལས་ཀ་བྱས་པའི་ཉམས་མྱོང་ཙམ་ཡོད་མ་རེད།
    འོན་ཀྱང་༢༠༠༡ ལོར་བཙན་བྱོལ་བོད་མིའི་འོས་བསྡུའི་ནང་མཉམ་ཞུགས་བྱ་མཁན་མང་བས་ཁོང་བཀའ་བློན་ཁྲི་པར་གདམས་པ་རེད། རྒྱུ་མཚན་ནི་ཁོང་ན་གཞོན་ཤེས་ཡོན་ཅན་ཞིག་ཡིན་པ་ལས། ཁོང་ལ་ལས་ཁའི་ཉམས་མྱོང་ཡོད་པས་མ་རེད།
    ༤༽འདི་ལ་ལན་མེད། རྒྱུ་མཚན་ནི་དངོས་པོའི་གནས་ཚད་དང་མི་མཐུན་པས་སོ།
    ༥༽བཤད་སྟངས་འདི་ནི་དུམ་བུ་གཉིས་སུ་ཕྱེས་ནས་ལན་བཀོད་དགོས་པ་འདྲ།
    དང་པོ། སྤེན་ཚེ་ལ་བློ་ཁོག་འདུག་ལ་སྔ་ས་གནས་མི་དམངས་ཀྱི་མདུན་དུ་ཁོང་གི་ལོ་ལྔའི་འཆར་གཞི་འཁྱེར་ནས་སླེབས་སོང་། འཆར་གཞི་འདི་རྣམས་ནི་དོན་དངོས་ལ་རན་པ། སྤྱི་ཚོགས་དང་། ཡུལ། དུས་ཚོད་བཅས་ལ་རན་པའི་འཆར་གཞི་ཤ་སྟག་རེད་འདུག་པས། ད་བར་སྲིད་སྐྱོང་འོས་མིར་བཞེངས་མཁན་ནང་ནས་ཁོང་ནི་འཆར་གཞི་ཆ་ཚང་ལྡན་པ་ཞིག་ཡིན་པ་ཤེས་སོང་།
    གཉིས། དུས་དབང་དང་འབྲེལ་བའི་གནས་ཚུལ་ནི། སྲིད་སྐྱོང་འོས་མི་གཉིས་ཀར་གི་སྐད་ཆ་ཆ་ཚང་བཤད་ཀྱི་མི་འདུག དེར་བརྟེན་རེས་ཞིག་བཏགས་སྙོམས་ལ་འཇོག་རྒྱུ་ཡིན།
    ༦༽གོང་གི་ཡོན་ཏན་འདི་ལས་ཐོག་སྲིད་སྐྱོང་ལའང་དེ་དེ་བཞིན་ཡིན་པ་གངས་ཅན་སྐྱིད་གཞོངས་དང་། ལས་བྱེད་ནང་ས་གྲགས་གནམ་གྲགས་རེད་བཞག 
    ༧༽ངས་བྱས་ན་སྤེན་ཚེས་སྤྱི་འཐུས་ཀྱི་བཏོན་པའི་འདྲི་བ་ཚང་མར་ལན་བརྒྱབ་ཀྱི་རེད། གང་ཡིན་ཟེར་ན་ཁོང་གི་མི་གཤིས་དེ་འདི་འདྲ་རེད་འདུག
    འོན་ཀྱང་སྤྱི་འཐུས་ནང་ཆོལ་ཁའི་ཐེན་འཁྱེར་གྱི་དབང་གིས་བཀའ་ཤག་གི་ལས་དོན་རྣམས་ལམ་ལྷོང་མི་ཡོང་བར་མཛད་ཁ་སྤྲོད་པའི་སྔ་ལྟད་འདུག དེ་ནི་སྐུ་ཉིད་ཀྱི་རྩོམ་བྲིས་པའི་རྒྱབ་ལྗོངས་ལས་རྟོགས་ཐུབ།
    ༨༽ དོན་ཚན་བརྒྱད་པའི་སྐད་ཆ་ལ་སྤེན་ཚེ་མཆོག་ནས་ཟབ་ཟབ་བྱེད་དགོས་འདུག བཤད་ནོར་ཁ་ཤས་བྱུང་སོང་།
    ༩༽ལན་ལྔ་པའི་ནང་གསེས་དང་པོ་ལ་གཟིགས།
    ༡༠༽ལྗོན་གི་གནམ་མཐོང་བ་ལྕང་མའི་བཀའ་དྲིན་མ་རེད་པས། ད་བར་ཀྱི་བོད་ཀྱི་ཆབ་སྲིད་པ་ཚང་མའི་ངོ་ཤེས་རྣམས་༧གོང་ས༧སྐྱབས་མགོན་ཆེན་པོས་ངོ་སྤྲོད་གནང་བ་ཤ་སྟག་རེད།
    ཕྱི་རྒྱལ་མི་སྣ་དེ་ཚོས་༼ཁྱི་ལ་མ་ལྟ་ནའང་། བདག་པོར་ལྟོས།༽ཟེར་བའི་དཔེ་ལྟར། ༧གོང་ས༧མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བོད་ཀྱི་ཆབ་སྲིད་མི་སྣར་རྒྱལ་སྤྱའི་སྟེངས་སྡིངས་ཆ་ཕུལ་དང་འབུལ་མུས་རེད་དོ། །།

  18. གངས་འདབས། says:
    2016-02-16 at 4:05 pm

    དག་ཆ་ཁ་ཤས་བྲིས་ནོར་བྱུང་བཞག དགོངས་དག

  19. འཇིགས་མེད་ says:
    2016-02-16 at 4:59 pm

    སྤེན་ཚེ་ལ་སྐྱོན་བཅུ་བཤད་པ་དེ་ལས་མང་བ་བློ་སེང་ཡང་ལ་ཡོད་ ཁོང་རྣམ་གཉིས་ཀྱི་བར་ལ་རྗོན་ཐང་དང་བྱས་རྗེས་གང་གི་སྒོ་ནས་བཤད་ཀྱང་སྤེན་ཚེ་སྒོ་ཀུན་ནས་ཁྱད་དུ་འཕགས་པ་ཡོད་ དེ་ལས་ཕྱོགས་རིས་དང་ཆགས་སྡང་གི་དབང་དུ་སོང་བར་བོད་རིགས་གཅིག་མཚུངས་ཡིན་པའི་་ཆ་ནས་འོས་མི་གཉིས་ཀར་གཅིག་མཚུངས་སུ་བལྟ་དགོས་ འདི་འདྲའི་གཟི་བརྗིད་ཅན་གྱི་སྲིད་སྐྱོང་འོས་མི་གཉིས་ནི་ངེས་གངས་ཅན་པའི་གཟི་བརྗིད་དང་སྤོབས་པ་ཡིན་ རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་ལགས་ཆ་ཡང་ཁོང་གཉིས་ཡིན་ རང་གཞུངས་ལ་སྲིད་སྐྱོང་འོས་མི་གཉིས་ལས་མེད་ནི་ཐབས་སྐྱོ་པོ་ཡིན་ གང་ལྟར་ཆོས་ཁ་དང་ཆོས་ལུགས་རང་ཕྱོགས་ལ་བསྟོད་པ་དང་གཞན་ཕྱོགས་ལ་སྨད་པ་་དེ་བཞིན་དུ་ཕྲ་དོག་དང་ཟུར་ཟ་ཁོ་ནར་མ་ཡིན་པར་རང་བློ་ཟུར་བོར་གནས་སྟེ་མང་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱད་ནས་་རང་མོས་ཀྱི་སྲིད་སྐྱོང་མ་ནོར་ཞིག་འདེམས་ཤོག་ འོས་མི་རྣམ་གཉིས་སུ་ལ་ཐོབ་པ་ཡིན་ན་འང་མང་གཙོའི་ལམ་ལུགས་གཞི་ཟུང་གུས་ཞབས་དང་རྒྱབ་སྐྱོར་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་པ་མཁྱེན་ཐུབ་གནང་དགོས་

  20. བྱང་ཆུབ་ལོ་མ། says:
    2016-02-16 at 5:12 pm

    སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ལ་སྐྱོན་བཅུ་རེ་བགྲངས་འདུག བཅུ་རེ་བཅུ་རེ་ཆ་མཉམ་པ་འདི་ག་རེ་རེེད། ཁོང་གཉིས་ལ་ཁྱད་པར་གཅིག་ཡོད། དོལ་རྒྱལ་ཚོགས་པས་བློ་བཟང་སེང་གེ་སྲིད་སྐྱོང་བྱས་ནས་ཁོར་ཚོར་དབྱེ་འབྱེད་མ་བྱས་པར་ཡག་པོ་བྱས་སོང་ཟེར་ནས་བསྟོད་པ་བྱེད་ཀྱིན་ཡོད། མ་ཟད་ནས་རྡི་ལི་ན་ཡོད་པའི་དོལ་རྒྱལ་ཚོགས་པས་བློ་བཟང་སེང་གེ་ལ་འོས་བསྡུའི་ནང་འོས་ཐོབ་པའི་ཆེད་ས་གནས་གང་དུ་འབྱོར་ན། དེར་ངོར་རྒོལ་གྱི་རྣམ་པ་བསྟན་ནས། དོན་ལ་མང་ཚོགས་མང་པོ་འཛོམས་པར་ཕན་ཐོགས་ཡོད་པ་བྱེད་དགོས་ཞེས་དང་། ལས་གཞིའི་ནང་ལ་མེད་ཀྱང་དགོས་མཁོའི་ཆེད་རྡོ་རྗེ་སྤུན་གྲོགས་ཚོས་ཤུགས་རྒྱག་རོགས་ཞེས་སྤེལ་འདུག འདི་བློ་བཟང་སེང་གེ་ལ་ཡོད་པ་དང་། སྤེན་པ་ཚེ་རིང་ལ་མེད་པ་དེ་རེད། ཁོང་གཉིས་བར་ལ་དམིགས་བསལ་གྱི་ཁྱད་པར་ཞིག་་ཡོད་པ་དེ་འདི་རེད།

    རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཚོས། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ཟེར་བ་འདིའི་དོན་ཅི་རེད།

  21. འཇིགས་མེད་ says:
    2016-02-16 at 5:23 pm

    ངོ་མ་སྤེན་ཚེ་དང་བློ་སེང་གཉིས་ཀྱི་བཤད་རྒྱུར་ཡག་པོ་བལྟས་ན་བློ་སེང་དོལ་ཚོགས་ཀྱི་རྒྱབ་ཏུ་མེད་དམ་ཉམས་་ད་སར་མི་མང་ལ་གཏམ་བཤད་བྱེད་སྐབས་བློ་སེང་གང་ཡང་བཤད་ཕོས་ཀྱི་མིན་འདུག་

  22. ཟླ་གསལ། says:
    2016-02-16 at 7:05 pm

    འདི་གཞི་མེད་པའི་སྐྱོན་འཛུགས་མ་རེད། དངོས་ཡོད་གནས་ཚུལ་ཏག་ཏག་རེད་འདུག ངོ་མ་ཟེེར་ན། བློ་སེང་ལ་སྐྱོན་བརྗོད་མཁན་ལས་སྤེན་ཚེ་ལ་སྐྱོན་བརྗོད་མཁན་ཧ་ལམ་མི་འདུག ཁ་བརྡ་ནང་དང་དུས་བབ་ཐོག་ལ་ལྟོས་དང་བློ་སེང་གཅིག བློ་སེང་གཉིས་ཏག་ཏག་ཟེར་བསྡད་ཡོད་རེད།

  23. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-16 at 7:07 pm

    ཧཧཧཧཧ་་་་་་བརྒྱ་སྟོང་བཤད་ནས་ཐ་མ་བློ་སེང་ནག་པོར་བསྒྱུར་འདོད་པ་དེ་རེད་འདུག་་་་་་ངོ་མ་ཡིན། དེ་འདྲ་ཁུང་འཕེར་ར་སྤྲོད་ཡོད་ན་ངོ་གདོང་མངོན་སུམ་དུ་ཐོན་ནས་བཤད་དང་ངོ་མ་ཕོ་ཁྱོ་ཀ་རེད། གཞན་ནག་ཁུང་ནས་ངུ་འབོད་བྱས་ན་སུས་ཀྱང་ཡ་བྱས་ཀྱི་མ་རེད་དོ།།

  24. གངས་ཕྲུག། says:
    2016-02-16 at 7:08 pm

    སྤེན་ཚེ་སྲིད་སྐྱོང་མི་འོས་པའི་དོན་ཚན་བཅུ་ཅན་དེ་དོན་ལ་གནས་པའི་བཅུ་ཅན་ཞིག་རེད། སྤེན་ཚེ་ནི་རང་ཚུབ་མེད་པའི་ཆབ་སྲིད་རྒྱུད་སྐུལ་པ་དང་སྤྱི་ཚོགས་གཏོར་མཁན་གྱི་ནང་རུལ་པ་ཞིག་རེད། གལ་སྲིད་ཁོ་སྲིད་སྐྱོང་ལ་སླེབས་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་འགྲོ་རྒྱུ་ཡིན་པ་ནི་གཞི་གྲུབ་པ་རེད། ཁོ་ནི་དབུ་རང་བར་གྱི་འཁྲུག་རྩ་དང་། ཆོས་ལུགས་ཧ་མ་གོ་བས་གླེང་རྙོག་བཟོ་མཁན། ཆོལ་ཁ་དང་ལུང་ཚན་བར་ནང་དམེ་བཟོ་མཁན། དགའ་ལྡན་ཕོ་བྲང་དང་བཀའ་ཤག་བར་འགལ་ཟླ་བཟོ་མཁན། རྒྱལ་བ་རིན་པོ་ཆེར་གུས་གུས་སྟོད་སྟོད་ཀྱི་ཕྱིའི་ཚུལ་ལས་དོན་དགོས་སུ་ཁོང་གི་བཀའ་རྫུན་མ་བཟོ་མཁན་བཅས་མི་ཧམ་ཆེན་པ་ཞིག་རེད།

  25. ཇུང་ཏོག་ says:
    2016-02-16 at 8:15 pm

    ཡ་ད་ཡང་བརྒྱ་སྟོང་ཁ་ཕྱེ་འདུག་ག་།
    ཧ་ཧ་ཧ་མིང་རྫུན་འོག་གི་དཀྲུགས་ཤིང་།
    སྤི་སེམས་མེད་པའི་མི་བུ་།
    རྒྱལ་ཞེན་འགན་འཁུར་ཡིན་ན་།
    རང་མིང་གསལ་པོ་བཀོད་དང་།
    མིང་མེད་དཀྲོགས་གཏམ་རྗེས་སུ་།
    འབྲང་མཁན་ཉིན་སྐར་ཙམ་ལས་།
    མེད་པ་འོས་བསྡུའི་སྒྲུབ་འབྲས་། གསལ་བསྒྲགས་བྱས་ཉིན་ཤེས་ཡོང་།

    མིང་མེད་དཀྲོགས་གཏམ་དྲ་འབུ་།
    ཐུགས་ལྷོད་གནང་ནས་ཞུགས་དང་།
    འོས་འཕེན་ཞི་བའི་མི་མང་།
    བོད་ཀྱི་མང་གཙོའི་སྲོག་རྩ་།
    འགྱུར་ལྡོག་གང་ཡང་མེད་པར་།
    རི་རྒྱལ་ལྷུན་པོར་ཞུགས་འདུག་།
    ཧཧཧཧཧཧཧཧ།

  26. ཐོག་ལྕེ། says:
    2016-02-16 at 8:47 pm

    ཁྱེད་ཚོས་བཤད་པ་ལྟར་ན་བོད་མིའི་ཁྲོད་ནས་སྐྱོན་ཆེན་ཤོས་ཀྱི་མི་གཉིས་དེ་འོས་མི་ལང་ཡོད་པ་འདྲ་བཤད་འདུག ངོ་མ་ཡིན་ན་མི་གཞན་པ་ཞིག་འོས་མི་འཚོལ་དགོས།

  27. བླ་མ། says:
    2016-02-16 at 11:44 pm

    མི་ཉག་ཀུན་དགའ་བཀྲ་ཤིས་ལགས། ཁྱེད་ཀྱི་བརྩོམས་འདི་ཞིབ་འཇུག་རྩ་བ་ནས་མེད་པའི་ཞེན་ཁོག་ཕྱོགས་ལྷུང་གི་བརྩོམས་ཞིག་རེད་འདུག།
    (དང་པོ།) ཁྱོད་ལ་སྤེན་ཚེས་མི་གསད་པའི་ཁྲིམས་ཐོག་ནས་ངོས་ལེན་སྤངས་བརྟགས་བསྟོན་རྒྱུ་ཡོད་དམ།
    (གཉིསཔ། )ཤེས་ཚད་ལས། འཇོན་ཐང་གལ་ཆེ་བཀའ་བློན་འཁྲི་ཟུར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་སོགས་ལ་ཤེས་ཚད་ཀྱི་ལག་འཁྱེར་མེད་ཀྱང་འཇོན་ཐང་གིས་བཀའ་བློན་འཁྲི་བར་བསྐོ་ཡོད་པ་ཤེས་ཀྱི་མེད་དམ།
    ( གསུམ་པ) ཁྱེད་ཀྱི་གྲོས་ཚོགས་རྭ་བ་འདི་མི་བཞི་བཅུ་ཁོ་ན་མ་གཏོགས་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཙམ་ཀྱི་སྤྱི་བའི་འོས་འདུ་བྱས་པའི་འཐུས་མི་ཡིན་པ་གཏོགས་མ་ཐུབ་པ་གང་ཡིན་ནམ།
    (བཞི་པ)སྤེན་ཚེ་གཏམ་བཤད་བྱས་པ་རྣམས་ལ་གཞུང་ཞགས་རྒན་གྲས་ཉམས་མྱོང་ཅན་དང་མཁས་དབང་ཁག་གི་རྒྱབ་སྐྱོར་བྱས་པ་རྣམས་ཁྱེད་ལྟ་བུའི་བློ་གྲོས་དམན་པ་ཡིན་ནམ།
    (ལྔ་པ)སྤེན་ཚེས་དྲང་བདེན་བཤད་པ་རྣམས་ཀླད་རྩ་འཁྲུགས་པ་ཡིན་ན་དྲང་བདེན་མ་ཡིན་པའི་གཏམ་བཤད་འདྲ་མིན་བཤད་པ་རྣམས་ཀླད་རྩ་མ་འཁྲུགས་པ་ཡིན་ནམ།
    (དྲུག་པ)ཁྱེད་ཀྱིས་བཤད་པའི་སྐད་ཆ་རྣམས་གངས་ཅན་སྐྱིད་ཤོངས་ཀྱི་ལས་བྱེད་དང་ལས་རོགས་སུ་ལ་བསྐད་ཆ་དྲིས་དང་ཁོ་ནི་མཐོ་དམའ་བར་གསུམ་ལ་གཅིག་ཏུ་ལྟ་མཁན་ཡིན་པ་ཀུན་གྱི་ཤེས་གསལ་རེད། ཁྱེད་ཀྱི་ལྡོག་ཕྱོགས་ཀྱི་བསྐད་ཆ་བཤད་པ་རྣམས་ལ་སུས་ཀྱང་ཡིད་བརྟན་བྱེད་མི་སྲིད། སྤེན་ཚེ་ནར་མ་གསོན་པ་གང་ཡིན། བཅའ་ཁྲིམས་དང་བཀའ་སྲིད་སྐྱོང་གི་འོས་ཆོས་རང་ལོ་སོ་ལྔ་ཡིན། སྤེན་ཚེ་རང་ལོ་སོ་ལྔ་མ་ལོན་པ་ཡིན་ནམ།
    ( བདུན་པ)བཙན་བྱོལ་སྒྲིགས་འཛུགས་དང་། སྤྱི་འཐུས་ལྷན་ཚོགས་ནམ་ཡང་སྒོ་རྒྱབ་མི་སྲིད། རྒྱལ་བའི་དགོངས་པ་ནམ་ཡང་འགལ་མི་སྲིད། ཁྱེད་ལྟར་ཞེན་ཁོག་དང་ཕྱོགས་ལྷུང་སུ་གསོང་པ་རྣམས་ཀྱི་དཀྲུག་ཀྱང་སྒོ་རྒྱབ་མི་སྲིད། དེ་ནི་སྤེན་ཚེའི་འཇོན་ཐང་ཡིན་པ་ཁྱེད་ཀྱི་མ་ཤེས་སམ།།
    (བརྒྱད་པ།)ཁྱེད་ལྟ་བུའི་ཕྱོགས་ལྷུང་པ་རྣམས་ཀྱི་བཀྲ་མི་ཤིས་པ་མཐོང་ཀྱང་། ཀུན་གྱི་བཀྲ་ཤིས་པ་མཐོང་གི་ཡོད། བཙན་བྱོལ་བོད་མི་འབུམ་གཅིག་ལྷག་གི་སྐུ་ཚབ་ལ་གསར་འགོད་གསལ་བསྒྲགས་བྱེད་པའི་འགན་མེད་པ་གང་ཡིན་ནམ།
    (དགུ་པ)ཆར་གཞི་དང་སྟོང་པ་དང་། རེ་བ་སྟོང་པའི་གཏམ་བཤད་མི་བྱས་པ་ནི། ཁ་བཤད་ཆུ་སྦུ་བ། ལག་ལེན་གསེར་གྱི་ཐིག་པ། ཞེས་པ་ལྟར། ལག་ལེན་ཐུབ་པ་ཞིག་ཡོང་གི་ཡོད་པར་བརྟེན་ཁྱེད་ལྟར་ཞེན་ཁོག་དང་ཕྱོགས་ལྷུང་པ་རྣམས་སྐད་ངན་ཤོར་བའི་རྒྱུ་ཚན་གང་ཡིན་ནམ།
    (བཅུ་བ)རྒྱལ་སྤྱིའི་སྡིང་ཆའི་སྒང་ལ་བོད་དོན་ནི། ཤེས་ཚད་ཀྱི་ལག་འཁྱེར་དང་། གྲོགས་པོ་སོགས་ཀྱི་ཅུང་ཕན་ཀྱང་། རྒྱལ་སྤྱིའི་སྡིང་ཆའི་སྒང་ལ། ༸གོང་ས་མཆོག་གི་བཀའ་དྲིན་དང། སྲིད་སྐྱོང་གི་ཚན་གནས་གཉིས་ཡོད་ན་དུས་ནམ་ཡང་ཉམས་དམས་སུ་མི་འགྱུར་པ་དེ་ཡིད་ཆེས་མེད་པ་གང་ཡིན་ནམ།

  28. ཆོས་འཕེལ says:
    2016-02-17 at 12:34 am

    མི་བསད་མྱོང་མེད་པའི་ཁྲིམས་ཁང་གི་ཡིག་ཆ་ཞིག་སྟོན་རྒྱུ་དགོས་ཟེར་་་་་ཁྲིམས་ཁང་གང་ན་མི་བསད་མྱོང་མེད་པའི་ཡིག་ཆ་དེ་འདྲ་ཞིག་སྤྲད་གི་འདུག་་་་གལ་སྲིད་ཁྱོད་ལ་མི་བསད་མྱོང་མེད་པའི་ཡིག་ཆ་ཡོད་ན་་་་ལེན་མཁན་དང་སྤྲོད་མཁན་གཉིས་ཀ་སྨྱོན་པ་རེད།

  29. རུ་ཤུལ་བུ་ says:
    2016-02-17 at 12:41 am

    ཨ་ཁ། མདོར་དེད་ན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ནས་མི་ཐ་ཤལ་བ་ཇག་པ་རྐུན་མ་གཉིས་ཆེད་དུ་སྲིད་སྐྱོང་འོས་མིར་ལངས་པ་རེད་དམ།
    ད་འོ་ན་དེ་ལས་བཟང་བའི་འོས་མི་སུ་ཞིག་ཡོད། ར་རང་གི་འདོད་པ་དང་མཐུན་པ། བོད་ཀྱི་སྤྱི་དོན་འཁྱོང་མཁན་སུ་ཞིག་ཡོད་རེད།

  30. དཔལ་དོན་ says:
    2016-02-17 at 12:50 am

    དེང་གི་སྐབས་སུ་བཙན་བྱོལ་དུ་གནས་པའི་མི་རྣམས་སམ། ཡང་ན་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་ཡི་རྒྱབ་སྐྱོར་བ་ཕྱོགས་གཉིས་ཀས་ཞེན་ཁོག་གི་སྨྱོ་ཆུ་འཐུང་ནས་སྨྱོ་ལ་ཁད་དུ་གནས། ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བའི་ནང་དུ་དོན་དངོས་དཔང་བཙུགས་ནས་སྐད་ཆ་བཤད། བགྲོ་གླེང་གནང་མཁན་ནི་རི་བོ་རྭ་དང་རུས་སྦལ་སྤུ་ལྟར་རེད། བཙན་བྱོལ་བའི་ཤེས་ཡོན་འདི་དངོས་གནས་སྐྱོ་ཐག་ཆོད་འདུག་ཨང་།

  31. བདེན་པའི་རྒྱབ་ལངས། says:
    2016-02-17 at 2:38 am

    མི་ཉག་ཀུན་དགའ་བཀྲ་ཤིས། གཙོས་དྲ་འབུ་ཁག་གཅིག་འདུག་པ་དེ་རེ་རེ་ནས་གཤམ་གྱི་གདམ་ངག་དེ་?????

    ༄།། སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལ་བསྟོད་བསྔགས་གནང་བ།

    བཀུར་འོས་ཚོགས་གཙོ་མཆོག་༼ སྐུ་ཞབས་སྤེན་པ་ཚེ་རིང་༽གིས་འདས་པའི་ལོ་གཉིས་དང་ཕྱེད་ཀའི་དུས་ཡུན་གྱི་ཚོགས་གཙོ་གནང་བའི་སྐབས་གྲོས་ཚོགས་སུ་གལ་འགངས་ཆེན་པོ་དང་རྙོག་འཛིངས་ཚ་པོའི་ལས་དོན་མང་པོ་ཞིག་བྱུང་བ་རེད་དེ། ཚོགས་གཙོས་བཏང་འཛིན་དང༌། ཁྲིམས་བཟོའི་ལས་དོན་ཁ་ལོ་སྒྱུར་སྟངས་ཧ་ཅང་ཡག་པོ། བརྩོན་འགྲུས་ཆེན་པོས་མཐར་བསྐྱལ་ཐུབ་པ་དེ་འདྲ་གནང་སོང༌། ཁོང་ད་རེས་བསྐྱར་དུ་སྐབས་བཅོ་ལྔ་པའི་ཚོགས་གཙོར་མང་མོས་འོས་འདེམས་བྱུང་བར་ང་དང་ངའི་ལས་རོགས་བཀའ་བློན་ཡོངས་རྫོགས་ཀྱིས་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

    སློབ་དཔོན་ཟམ་གདོང་རིན་པོ་ཆེས། སྐབས་བཅོ་ལྔ་པའི་ཚོགས་དུས་དང་པོའི་སྟེང་སྩལ་བ་ལས་དྲངས།
    Chat Conversation End
    Type a message…

  32. ཀརྡོ་གཉེར་ཕྱག་པ་ says:
    2016-02-17 at 2:43 am

    ནང་གི་ནོར་བུ་སྤེན་ཚེ་དཀར་འདོན་གང་མྱུར་ཐོན་པར་ཤོག

  33. ཀརྡོ་གཉེར་ཕྱག་པ་ says:
    2016-02-17 at 2:44 am

    ཕྱི་ཡི་ལྕགས་རི་བློ་སེང་སླར་ཡང་འོས་ཐོབ་ཤོག །

  34. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2016-02-17 at 4:40 am

    བསམ་ཚུལ་གསུང་མཁན་ཡོངས་ལ་འཚམས་འདྲི་དང་དགའ་བསུ་ཞུ། འོན་ཀྱང་ཆགས་སྡང་དང་ཆོལ་ཞེན་གྱི་དབང་དུ་སོང་ནས་གཞི་མེད་སྐྱོན་འཛུགས་དང་། མ་རུངས་བའི་ཚིག་རྩུབ་སྨྲ་མཁན་དག་ལ་ལན་འདེབས་མི་བྱའོ།

  35. ༄།།སྟར་བུ་དམར་བོ། says:
    2016-02-17 at 6:47 am

    མི་ཉག་ཀུན་དགའ་བཀྲ་ཤིས་ལགས། ཁྱེད་ཀྱིས་འདི་ལྟར། ཞྭ་དཔེ་ལྷམ་འགེབས་ཀྱི་ཧམ་བཤད་ཁོ་ནས། མི་བདེན་རྫུན་བསྒྲིགས་བྱས་ཏེ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚད་མཐོ་བའི་ལྷན་ཁང་གི་དབུ་གཙོ་མཆོག་ལ། སྨ་འབེབས་དང་ངན་སྨྲས་སྣ་ཚོགས་བྱས་པ་ནི། ཤིང་གི་ཡལ་གར་ཞོན་ཏེ་རྩ་བར་སྟ་རེས་གཞུས་པ་ལྟར། རང་གི་གཞུང་ལ་སྨ་ཕབ་པ་མ་རེད་དམ། ཁྱེད་ཀྱིས་བཤད་པ་ལྟར་ན། ཤེས་མེད་འཇོན་མེད། གང་ཡང་མི་ནུས་ལ་ཅི་ཡང་མི་ཕོད་པའི་རྩོད་ཉོག་ཅན་ཞིག བཙན་བྱོལ་གྲོས་ཚོགས་ཀྱི་ཚོགས་གཙོར་བསྟུད་མར་བསྡད་ཡོད་པའི་གཏམ་འདི། ནམ་རྒྱུན་ཕྱི་གླིང་བའི་གླ་གཡོག་ལ་ཉིད་དང་མཉམ་པོར་འགྲོ་རོགས་ཚོས་ཐོས་ཚེ། ཨ་ལེ་་ཁྱེད་བོད་པའི་བཙན་བྱོལ་སྒྲིགས་འཛུགས་ཟེར་བ་འདི་འདྲ་ཞིག་རེད་ཨང་སྙམ་དུ། སྐུ་ཉིད་ལའང་འཕྱ་སྨོད་དང་མཐོང་ཆུང་བྱེད་པའི་རྒྱུ་རུ་འགྱུར་ངེས་ཤིང་། གཞན་ཡང་། ཉིད་ཀྱིས་དཀའ་ལས་བརྒྱབས་ཏེ་འདི་ལྟར་བཤད་པ་ནི། སྲིད་སྐྱོང་ལས་ཐོག་པར་རྒྱབ་སྐྱོར་ཞུས་པའི་ཁུལ་རེད་མོད། དངོས་གནས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ན། ཁང་བའི་ལྐོག་དངུལ་བླངས་ཏེ་རྒྱ་མིའི་རྒྱུགས་ཁྱི་བྱས་རབས་སོགས་ཕྱི་ནས་བསྒྲགས་ཤིང་། འོས་ཤོག་ལ་རྔམ་ཞིང་ཆུ་སྒང་རྙིང་བར་ཕྱོགས་ཏེ་དོལ་ཚོགས་ལ་ལག་སྦྲེལ་བྱས་ཡོད་ཚུལ་སོགས་རང་གི་མིས་བཤད་ཀྱིན་པ་དག་ལ། གསལ་གསལ་ཐིང་ཐིང་གིས་ལན་བསྐྱོན་ཏེ་སྲིད་སྐྱོང་མཆོག་དཀར་བོར་བཟོས་ཞོག དེ་མིན། ཕྱོགས་འཐེན་དང་སླུ་བྲིད་ཀྱིས་སྲིད་སྐྱོང་གི་འོས་ཤོག་ཅིག་ཐོབ་ཀྱང་སྙིང་བོ་འདུག་གམ། བསམ་བློ་བག་ལ་ཕབས་ཏེ་སོམས་དང་།

  36. ཇུས་མེད་ཇུས་ཏོག་ says:
    2016-02-17 at 7:27 am

    དེ་ག་རང་རེད་

  37. ལྡོང་ངག་དབང་ཕུན་ཚོགས། says:
    2016-02-17 at 7:49 am

    ༼དང་པོར།༽ མི་ཉག་ཀུན་དགའ་བཀྲིས་ལགས་ཀྱིས་ལྷའམ་འདྲེ། ཀླུའམ་བཙན། རི་ཆུ་སྡེ་པ་སོགས་ཅི་ཡིན་ཆ་མ་འཚལ་པའི་མིང་རྫུན་འོག་ཏུ་མ་ཡིབ་པར་སོ་སོ་དངོས་སུ་བུད་དེ་འགན་ཁུར་ལྡན་པའི་ཐོག་ནས་དཔྱད་གླེང་གནང་པར་བཀྲིས་བདེ་ལེགས་དང་རྗེས་སུ་ཡི་རང་ཞུའོ།།

    ༼གཉིས་པར།༽ད་ནངས་ཞོགས་པར་ང་རང་གི་ངོ་དེབ་ཐོག་ཏུ་སྲིད་སྤྱི་འོས་མི་ཐག་གཅོད་བྱེད་ཚུལ་དོན་ཚན་བཞི་ཅན་ཞིག་བྲིས་ཡོད་པ་དེ་འདིར་བཤུས་པར་བྱའོ།

    བོད་མི་མང་སྤྱི་འཐུས་དང་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་སླེབས་གྲབས་འདུག་པས་བདག་གིས་འདིར་བསམ་འཆར་གལ་ཆེན་པོ་ཞིག་བྲི་བར་བྱའོ།།
    ཀ༽སྲིད་སྤྱིའི་འོས་མི་ཚོས་གླེང་པ།
    དུས་རབས་ཉེར་གཅིག་པའི་ཕྱི་རྒྱལ་མགོ་སེར་ཚོའི་ལད་ཟློས་བྱས་ཏེ་སྲིད་སྤྱི་གཉིས་ཀའི་འོས་མི་ཚོས་ས་འཕག་གནམ་མཆོང་དང་དངོས་ཤུགས་བརྒྱུད་གསུམ་གྱིས་སྔོན་འགྲོ་དང་དངོས་གཞིའི་འོས་སློང་དྲིལ་བསྒྲགས་ཀྱི་རྒྱུན་རིམ་ནང་དུ་ངས་འཇོན། ངས་ཤེས། ངས་ཐུབ། ང་ལ་ཉམས་མྱོང་ཡོད་སོགས་བསྒྲགས་དང་སྒྲོག་བཞིན་པའི་སྒང་རེད་གདའ། དེའང་འགྲིག་པ་རེད་ལ་ཆོག་པའང་རེད།།

    ཁ༽ཆབ་འབངས་ཚོས་བསྒྲུབ་དགོས་པའི་དངོས་གཙོའི་རྩ་བའི་རྩ་དོན་བཞི་ཡོད།
    ང་ཚོས་དུས་རབས་ཉེར་གཅིག་པར་ཆེས་དར་སོ་ཆེ་བའི་མང་གཙོ་ལམ་ལུགས་ཀྱི་གཞུང་འཛིན་པ་སྲིད་སྤྱི་གཉིས་ཀྱི་འོས་མི་འདེམས་ཀྱི་ཡོད་ཙང་ཚན་རིག་དང་མཐུན་པའི་དངོས་གཙོ་རྩོད་སྒྲུབ་ཐོག་ཏུ་ཕེབས་དགོས་པ་ལས་བསམ་ཚུལ་དང་རེ་སྟོང་། ཡིད་ཆེས་དང་ཚོད་དཔག སྐབས་འཚོལ་དང་ལོང་མཆོངས།
    གཡས་ལྷུང་དང་གཡོན་ལྷུང་། སེམས་གཙོ་དང་ལུང་འཛིན་བཅས་ཀྱི་རྗེས་སུ་རྒྱུག་བཞག་པ་ཡིན་ན་ད་དུང་ཡང་དུས་རབས་གསར་པའི་རྗེས་མ་ཟིན་པ་དང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མ་ཤེས་པའི་བླུན་རྟགས་ལས་གཞན་པ་གང་ཡང་མིན་ནོ།། དེས་ན་་་་་་

    ༡༽ངས་ཐུབ་ཀྱི་ཡོད་བརྗོད་པར་མ་བལྟས་པར་ཁོས་གང་དང་གང་ཐུབ་འདུག་མིན་ལ་དངོས་སུ་བལྟས་ཏེ་འོས་བླུག
    ༢༽ངས་འཇོན་གྱིན་ཡོད་གསུངས་པར་མ་བལྟས་པར་ཁོས་གང་དང་གང་འཇོན་འདུག་མིན་ལ་དངོས་སུ་བལྟས་ཏེ་འོས་བླུག
    ༣༽ངས་ཤེས་ཀྱིན་ཡོད་བརྗོད་པར་མ་བལྟས་པར་ཁོས་གང་ཞིག་ལ་སྦྱངས་པ་སྔོན་དུ་སོང་འདུག་མིན་གྱི་ཡོངས་ཁྱབ་ངོས་འཛིན་ལྡན་པའི་འཛིན་བྱང་སོགས་དཔང་རྟགས་གང་ཞིག་འདུག་མིན་ལ་དངོས་སུ་བལྟས་ཏེ་འོས་བླུག
    ༤༽ང་ལ་ཡུན་རིང་པོའི་ཉམས་མྱོང་ཡོད་གསུངས་པར་མ་བལྟས་པར་ཁོས་བྱས་རྗེས་གང་དག་བཞག་འདུག་མིན་དང་རྙོག་དྲ་གང་དག་བསླངས་འདུག་མིན་ལ་དངོས་སུ་བལྟས་ཏེ་འོས་བླུག

    གོང་གསལ་རྩ་དོན་བཞི་པོའི་ཐོག་ཏུ་བསྐྱོད་ཐུབ་པ་ཡིན་ན་འོས་མི་ཐག་གཅོད་བྱེད་སྟངས་བརྒྱ་ཆ་༨༠ཐམ་པ་འགྲིག་ཡོད་ཅེས་ཏེ་ཁ་མཚོན་བཅད་ཐུབ་བོ།།

  38. རྣམ་རྒྱལ། says:
    2016-02-17 at 8:03 am

    བདེན་པ་དང་རྫུན་མ། སྐྱོན་བརྗོད་བྱས་ཏེ་བཟོ་ཡ་མེད། དེས་ན། སུ་ལ་བདེན་པ་ཡོད་ན་དེས་སྤོབས་པ་ཆེན་པོས་མི་མང་གི་མདུན་དུ་གསལ་བཤད་བྱེད་གི་རེད། སུ་རྫུན་ན་དེས་ཁག་ཡར་དཀྲི་མར་དཀྲི་བྱས་ཏེ་མཐར་གསལ་བཤད་གང་ཡང་བྱེད་ནུས་ཀྱི་མ་རེད། ད་ལྟའི་དུས་འདི་སྲིད་སྐྱོང་འོས་མི་གཉིས་སུ་ལ་བདེན་པ་ཡོད་ན་གསལ་བཤད་བྱེད་པའི་གོ་སྐབས་ཡོད་ལ་ངེས་པར་དུ་བཤད་དགོས་ངེས་རེད། སུས་ཀྱང་བཙན་པོ་དབང་ཡོད་ཀྱིས་བཀག་མི་སྲིད། འོས་མིས་མདུན་དུ་ཐོན་ཏེ་གསལ་བཤད་དང་དོགས་སེལ་མི་གནང་ན། རྒྱབ་ནས་ཕྱོགས་ཞེན་གདོན་གྱིས་མྱོས་པའི་རྒྱབ་བསྐྱོར་བ་ཚོས་ཁོ་ལ་བདེན་པ་ཡོད་རབས་དང་ཅི་ཡིན་རབས་ག་ཚད་བཤད་ཀྱང་གཏམ་དེ་ལ་བློ་ལྡན་སུ་ཞིག་ཡིད་ཆེས།

  39. གངས་ཕྲུག། says:
    2016-02-17 at 8:51 am

    རྣམ་རྒྱལ་ལགས་ཀྱིས་བཤད་པ་བདེན། དེ་གར་རེད། མང་དགོས་ནི་མ་རེད།

  40. ཁ་བ་ཚང་། says:
    2016-02-17 at 11:07 am

    སྲིད་སྐྱོང་བློ་སེང་དང་ཚོགས་གཙོ་སྤེན་ཙེ་གཉིས་ཀར་གུས་ཞབས་ཡོད།
    འོན་ཀྱང་། སྐུ་ངོ་བློ་སེང་གིས་ཁང་རིན་དང་རྒྱ་མི་བྷེན་དང་རྒྱ་མོ་དེའི་འབྲེལ་བ་གསལ་པོ་མ་བཟོ་པ་དང་། ཆུ་སྒང་གསར་རྙིང་གི་རྙོག་དྲའི་དབང་གིས་དུས་དབང་ཕྱིར་འགྱང་བྱས་པ། སྒེར་གྱི་དོན་དུ་གཞུང་བེད་སྤྱོད་བྱས་པ། དོན་གཅོད་སོགས་པ་ཡུལ་གཅིག་པ་རྐྱང་བསྒོ་བཞག་བྱས་པ་སོགས་གསལ་པོ་མ་བཟོས་ན་འོས་ཤོག་འབུལ་རྒྱུ་དཀའ་ལེ་བདའ་་་

  41. ལྡོང་ངག་དབང་ཕུན་ཚོགས། says:
    2016-02-17 at 12:40 pm

    ངས་འདིའི་སྒང་དུ་བསམ་ཚུལ་ཞིག་ཡོད། ཆུ་ཚོད་གཉིས་ཙམ་གྱི་སྔོན་དུ་བསྡད་འདུག་མོད་ད་ལྟར་མི་འདུག

  42. རྒྱ་ཞིང་མྱི་དཀར། says:
    2016-02-17 at 2:10 pm

    མི་ཉག་ཀུན་དགའ་ཟེར་བའི་མི་འདི་དོལ་ཚོགས་ཤིག་རེད་པ།?

  43. སྤྱང་ཤོག says:
    2016-02-17 at 4:37 pm

    འོས་མི་གཉིས་ཀྱི་བྱ་བྱེད་ལས་གསུམ་ལ་ལྟ་ཡོང་དུས་ངས་སྲིད་སྐྱོང་འདེམས་ལུགས་འགྲིག་འདུག

    ༧ གོང་ས་མཆོག་ལ་ཁ་བསྟོད་འཐེན་བཞིན་ཆོལ་ཁ་ཆོས་ལུགས་ཕྱོགས་ཞེན་གྱི་སྲིད་སྐྱོང་འདྲེན་རྩོད་པ་རྣམས་རང་དོན་ཁོག་བཅུགས་ཀྱི་སྲིད་དོན་པ་ཁྲམ་པ་ཚོ་ལས། རང་ཁེ་གཙོ་བོར་མི་འཛིན་པའི་རྣམ་དཔྱོད་ཀྱི་སྤོབས་པ་དར་བའི་གནས་ལུགས་ལ་གཅིག་ཏུ་གཞོལ་ནས་སྲིད་དོན་རིག་པའི་རང་ཚུགས་འཛིན་མཁན། ༼ཆོས་ལུགས་ལས་མི་རིགས་གལ་ཆེན་དུ་བརྩི་བ་དང༽་། ༼ཆོལ་ཁ་ལས་མི་རིགས་རིང་ལུགས་གལ་ཆེན་བརྩི་མཁན༽། རྒྱ་ནག་གི་གཡོ་ཁྲམ་ལ་སྔོག་ཏིལ་འབྲུ་ཙམ་མི་ཐོན་པ་དང་ཆོས་ལུགས་ཆོལ་ཁའི་ཕྱོགས་ཞེན་པ་སྲིད་སྐྱོང་འོས་མི་རྣམས་གཉིས་ལས། བོད་མི་རིགས་གི་སྲོག་རྩ་སྐད་དང་ཡི་གེ་འདུ་ཤེས་གསུམ་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གི་ཁྲིམས་ལ་མ་སྐྲག་པ་དང། ཆོས་ལུགས་པས་འཇིག་སྐུར་ལ་མགོ་བོ་མི་སྒུར་མཁན། བོད་ཀྱི་ཕོ་རྒོད་ཀླུ་མཁར་བྱམས་ལས་ལྷགས་པ་ཞིག་མཐོང་མ་བྱུང་།

  44. ལིང་ནག says:
    2016-02-17 at 5:14 pm

    བློ་སེང་གིས་ཡང་ཆུ་སྒང་གསར་རྙིང་བར་འགལ་ཟླ་བཟོས་རྗེས་འར་མ་བརྟན་པར་བཀའ་ཤག་དང་དགའ་ལྡན་ཕོ་བྲང་གཉིས་ལ་ལག་པ་ཕྱིས་གདའ་་་་་་་་་་

  45. ཁྲག་འཐུང་། says:
    2016-02-17 at 11:45 pm

    ད་ཡིན་ན་སེང་གེ་གི་རྔ་མ་མཐོང་ཡོང་གི་འདུག་ད
    བློ་སེང་གིས་སྐྱག་རྫུན་སྒང་ལ་སྐྱག་རྫུན་བཤད་ཡ་དང་། དོན་དག་མང་པོ་སྒང་དང་གཤམ་འོག་གི་མགོར་གཡུག་གི་ཡོད་པ་རྣམས་ད་ཆ་གསལ་པོ་ཆགས་ཡོང་གི་འདུག
    ཡིད་མ་ཆེས་ན་་དུས་དབང་སྐོར་དང་། འོས་བསྡུའི་སྐོར་ལ་གཟིགས་དང་། བྱིས་པའི་རྩེད་མོ་འདི་ལམ་ལྷོངས་ཡོང་ས་རེད་མི་འགུ་

  46. སྐལ་བཟང་། says:
    2016-02-18 at 12:33 am

    གོང་དུ་འཁོད་པའི་མཆན་དང་མ་ཡིག་ཁག་ལ་ཞིབ་འཇུག་བརྒྱུད་དོན་དངོས་དང་མཐུན་པའི་རང་རེའི་སྲིད་སྐྱོང་འོས་པའི་མི་ཞིག་ཡིན་ན་ངེས་པར་དུ་གདམ་དགོས་པར་དངོས་བདེན་རེད། སྤྱིའི་ཆ་ནས་བཤད་ན། སྤྱི་ཚོགས་ཁྲོད་རྩོད་རྙོགས་ཅན་གྱི་མི་ཞིག་ཡིན་ཚེ་རང་གཞན་ཀུན་ལ་ཕན་ཐོག་ཡོང་བར་དཀའ་བས་དེ་དག་གདམ་པའི་གཞི་མ་ཡིན། གཞི་མེད་བསྙོན་འཛུགས་ཀྱིས་གཏམ་འཆར་ལ་རིན་ཐང་གང་ཡང་མེད། འོན་ཀྱང་རང་འཁྲིས་ཁུར་དུ་བབས་པའི་ལས་འགན་ནི་རྣམ་དཔྱོད་སྤྱང་གྲུང་ལྡན་པའི་ཐོག་འཛམ་གླིང་སྤྱིའི་གདེང་ཆས་ཐོག་ཀུན་གྱིས་བཀུར་བར་འོས་པའི་མི་ཞིག་ཡོད་ན། དེ་ནི་དོན་གྱི་བོད་མིའི་སྤོབས་པ་དང་གདེང་འཇོག་བྱེད་ས་ཞིག་ཡིན། ཕྲག་དོག་དུག་ཆུས་ཡིད་མ་སྨྱོས་པར་རང་དབང་ཐོག་ང་ཚོའི་སྲིད་སྐྱོང་མ་ནོར་བ་གདམ་ན་བཟང་།

  47. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 12:39 am

    སྤེན་ཚེས་སྲོག་གཅོད་མ་བྱས་རུང་། །
    སྤེན་ཚེས་གཞན་དངུལ་མ་བཟས་རུང་། །
    སྤེན་ཚེས་ཆང་རག་བཅད་ཀྱང་རུང་། །
    སྤེན་ཚེས་ལས་ས་བཀ་བློན་ཙམ། །

  48. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 12:40 am

    བློ་སེང་གཞན་དངུལ་བཟས་ནའང་ཟོས། །
    བློ་སེང་ཁམས་སྔེ་འཀྲུགས་ནའང་དཀྲུགས། །
    བློ་སེང་དུས་དབང་འགྱངས་ནའང་འགྱངས། །
    བློ་སེང་ལས་ལྷག་སྲིད་སྐྱོང་མེད། །

  49. ཀརྡོ་གཉེར་ཕྱག་པ་ says:
    2016-02-18 at 1:14 am

    སྤེན་ཚེས་གསུང་བཤད་གནང་བ་ལ། ལན་ཅིག་གསན་རོགས་མཛོད།
    https://www.facebook.com/2016sikyong/videos/1013548918705103/

  50. ལུང་རྟོགས། says:
    2016-02-18 at 5:08 am

    སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཐོནཔ་ནས་བཟུང་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་སྨྱོནམཔ་བཞིན་དུ་དྲ་རྒྱ་གང་སར་སྲིད་སྐྱོང་ལ་སྐྱོན་འཛུག་གི་འཆལ་གཏམ་སྤེལ་ཐབས་བྱས་སོང་། ཁ་བརྡའི་ནང་ལ་ཡང་ཆེད་དུ་མི་མང་པོ་ཞིག་འཛུལ་ཡོད་པ་མིང་ལ་ལྟས་ན་གསལ་པོ་རེད། འོན་ཀྱང་བོད་མི་མང་གིས་སྲིད་སྐྱོང་ལ་ཚད་མཐོའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེས་ན་དྲ་འབུ་ཚོས་འུར་ག་ཚོད་རྒྱབ་ཀྱང་ཐང་ཆད་རོག་རེད། དོན་ངོ་མ་རྒྱུ་མཚན་མང་པོ་ཅི་ཡང་བཀོད་དགོས་མ་རེད། སྤྱིར་སྲིད་སྐྱོང་བ་དང་ལྷག་པར་དུ་བཙན་བྱོལ་ནང་གི་སྲིད་སྐྱོང་ལ་དེང་དུས་ཀྱི་ཤེས་ཡོན་ཚད་མཐོན་པོ་དགོས་པ་ས་རིས་ཐང་གསལ་རེད་ལ། དེང་དུས་ཀྱི་ཤེས་ཡོན་ནི་བློ་སེང་དང་སྤེན་ཚེ་གཉིས་གནམ་དང་ས་ཡི་ཁྱད་པར་ཡོད་པ་རེད། དེ་བཞིན་འཛམ་གླིང་གི་གནད་ཡོད་མི་སྣ་ཚོས་ཆེ་མཐོང་བཞག་སྟངས་ལ་ཡང་གནམ་དང་ས་ཡི་ཁྱད་པར་ཤོར་ཚར་བ་རེད།

  51. བསོད་ནམས། says:
    2016-02-18 at 11:08 am

    ད་དུས་སྲིད་སྐྱོང་དང་འདི་ལ་རྒྱབ་སྐྱོར་གནང་མཁན་ཚོར་བོད་དང་བོད་ཀྱི་རྩ་དོན་ཟེར་བ་ཞིག་དགོས་ས་མ་རེད།

  52. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2016-02-19 at 7:39 am

    མི་མང་པོ་ཞིག་ཕེབས་འདུག་སྟེ། མིང་རྫུན་འོག་ཆོལ་ཞེན་གྱི་གདོང་མདོག་བསྟན་པ་ཙམ་ལས། གནས་ལུགས་ལྡན་པའི་རྒྱུ་མཚན་གསུང་མཁན་ཅང་མི་འདུག

  53. རྡོ་རྗེ་རྒྱལ། says:
    2016-02-20 at 7:49 am

    མི་ཉག་གླེན་པས་འབྲི་ཁུལ་བྱས་འདུག རྩོམ་ཡིག་འབྲི་ཤེས་ན་མུ་མཐུད་ནས་ཕྲིས། གལ་ཏེ་འབྲི་མི་ཤེས་ན་བླུན་པོའི་ཨུ་ཚུགས་མཐར་སྐྱེལ་མ་གནང་། རྩོམ་ཡིག་ཅིག་འབྲི་ན་ཆ་རྐྱེན་ཆེན་པོ་གཉིས་ངེས་པར་དུ་ཚང་དགོས་ཏེ། དེ་ནི་བསམ་བློའི་རྒྱུ་རྩལ་དང་མྱུ་གུའི་སྒྱུ་རྩལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme