Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

Posted on 2016-02-142016-02-14 By ཁ་བརྡ 3 Comments on བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།

ཚེ་དབང་ནོར་བུ།

 
ཕྱི་ཟླ་༡༠ ཚེས་༡༨ ཉིན་འོས་བསྡུའི་མིང་གཞུང་ལ་འཁོད་པ་བཙན་བྱོལ་བོད་མི་ཁྲི་༩ མ་ཟིན་ཙམ་ལས་བརྒྱ་ཆ་༥༤ ལ་ཉེ་བས་སྲིད་སྐྱོང་དང་སྤྱི་འཐུས་༤༥ སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་འདུག། དེ་ནི་འོས་བསྡུའི་ནང་ཆ་ཤས་བླང་མཁན་ཡག་ཐག་ཆོད་བྱུང་ཤག་སྙམ། གང་ལགས་ཞུས་ན། གཅིག་ནས་ཚང་མས་མཁྱེན་གསལ་ལྟར། བོད་མི་རྣམས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཁ་འཐོར་སྟེ་གནས་པའི་སྟེང་འོས་བསྡུའི་ས་ཁུལ་ངེས་ཅན་ཞིག་ལ་རང་ཉིད་ཀྱི་འོས་ཤོག་འཕེན་དགོས་ཀྱི་ཡོད། འཇར་མན་ལ་མཚོན་ན་ཧམ་སྦོག་དང་། སྦར་ལིན། སྦོན། ཕེ་རན་ཕོར་ཊ། སུ་ཊེ་གར་ཊེ། མུ་ནིག་བཅས་ས་ཁུལ་དྲུག་ལ་འོས་སྒམ་རེ་རེ་ལས་མེད་ས་དེར་དོ་བདག་སོ་སོ་ངོ་བཅར་གྱིས་དེར་འོས་བསྡུའི་ནང་ཆ་ཤས་བླང་རྒྱུ་དེ་ལས་སླ་པོ་མེད་པ་གསལ་པོར་བསྟན་པ་དང་། འཛམ་གླིང་ཡུལ་དུ་གཞན་དུ་ཡང་ཆ་རྐྱེན་བཟང་ངན་ཕལ་ཆེར་འདྲ་མཚུངས་ཡིན་མོད། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན་རེད།

ཆབ་སྲིད་ཚོགས་པ་ནི་བོད་མིའི་དམངས་གཙོའི་སྤྱི་ཚོགས་ནང་མཐའ་ཟུར་ཅན་གྱི་བྱུང་བ་ཞིག་རེད། ད་བར་ཆབ་སྲིད་ཚོགས་པ་བཙུགས་པ་ནི། ༡༩༧༩ ལོར་འཕྲལ་མཚམས་སྒོ་བརྒྱབ་དགོས་ཐུག་པའི་དམར་ཤོག་ཚོགས་པ། ༡༩༩༤ ལོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ༢༠༡༡ ལོར་ད་ཆ་ཧ་ལམ་སྒོ་བརྒྱབ་པ་ལྟ་བུའི་མི་དམངས་ཚོགས་པ། ༢༠༡༢ ལོར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཏེ་རང་བཙན་དོན་གཉེར་ཚོགས་པ་བཅས་ལས་བྱུང་མེད། དེ་འདྲ་སོང་ཙང་ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་འདེམས་ཀྱི་ངོ་བོ་ནི། ཆབ་སྲིད་ཚོགས་པ་དང་ལངས་ཕྱོགས་ལ་མི་ལྟོས་པར་འོས་མི་བྱེ་བྲག་པ་ཞིག་ལ་བློས་འགེལ་གཙང་མ༼imperative mandate༽ སྤྲད་ནས་བདམ་པ་ཞིག་འཆར་གྱི་འདུག་སྙམ། བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པ་འདྲ་མིན་མེད་པའི་རྐྱེན་གྱིས་སྔོན་འགྲོའི་འོས་བསྡུའི་སྐབས་གང་ཟག་སྒེར་པ་བྱེ་བྲག་པ་ཞིག་གིས་དང་བླངས་ཐོག་འོས་ཞུགས་བྱེད་པའམ། ཡང་ན་སྒེར་པའམ། སྤྱི་སྡེ། ཆབ་སྲིད་ཚོགས་པ་སོགས་ཀྱིས་ མི་གཅིག་གམ་གཉིས་ལྟ་བུ་འོས་མིར་འོས་འདོན་བྱེད་སྲོལ་ཡོད། ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༨ ཉིན་སྲིད་སྐྱོང་ཀྱི་སྔོན་འགྲོའི་འོས་བསྡུར་ཆ་བཞག་ན། བོད་མི་ལྔས་འོས་མིར་བཞེངས་ཡོད། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན་དངོས་གཞིའི་འོས་བསྡུར་སྔོན་འགྲོའི་འོས་བསྡུའི་སྐབས་འོས་གྲངས་མང་ཤོས་ཐོབ་མཁན་གཉིས་པོ་འགྲན་རྩོད་གནང་།

རྩ་ཁྲིམས་དང་ཁྲིམས་བཟོ་ཁང་མཐོ་ཤོས་ཀྱི་ལྷན་ཁང་དེ་སྤྱི་འཐུས་ལྷན་ཁང་རེད། དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་ ཆོལ་ཁ་གསུམ་པོ་རེ་རེར་སྤྱི་འཐུས་༡༠རེ་དང་། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་ བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་བཞི་དང་། ནང་ཆོས་མ་དར་གོང་བོད་ཀྱི་གནའ་བོའི་ཆོས་བརྒྱུད་བོན་བཅས་ཆོས་ བརྒྱུད་ལྔ་སོ་སོར་སྤྱི་འཐུས་༢རེ་ཡོད། ཕྱི་ལོ་༡༩༧༦ལོར་བོན་གྱི་སྤྱི་འཐུས་ཐོག་མ་དེ་བྱུང་འདུག། ཡུ་རོབ་དང་བྱང་ ཨ་མི་རི་ཀའི་བོད་མི་ཚོར་སྤྱི་འཐུས་༢རེ་དང་། ཨོ་སེ་ཊྲ་ལི་ཡ་དང་ཨེ་ཤེ་ཡ་བྱིངས་ཀྱི་བོད་མི་ཚོར་སྤྱི་འཐུས་༡ཡོད། ༧གོང་ས་༧སྐྱབས་མགོན་རིན་པོ་ཆེས་མཛད་རྗེས་ཅན་གྱི་བོད་མི་གཅིག་ནས་གསུམ་བར་ཐད་ཀར་སྤྱི་འཐུས་བསྐོ་བཞག་ གནང་སྲོལ་དེ་དམངས་གཙོ་འཕེལ་རྒྱས་ཇེ་མཐོར་གཏོང་ཆེད་ཕྱི་ལོ་༢༠༠༦ནས་བཟུང་མཚམས་འཇོག་གནང་འདུག།

ཕྱི་ལོ་༡༩༧༢ལ་གཏན་འབེབས་གནང་བའི་དཔྱ་འཁྲལ་ལག་དེབ་དང་། ལས་ཡོད་ལ་ལོ་རེར་ཡུ་རོ་༨༠དང་། ལས་མེད་ལ་ཡུ་རོ་ ༤༠འཁྲི་བ་འབུལ་མཁན་བོད་མི་རང་ལོ་༡༨ལོན་པ་ཚོར་འོས་འཕེན་གྱི་ཐོབ་ཐང་དང་། རང་ལོ་༢༥ལོན་པ་ཚོར་འོས་ གཞིར་ཞུགས་རྒྱུའི་ཐོབ་ཐང་ཡོད། ཨེ་ཤེ་ཡའི་འོས་བསྡུའི་ས་ཁུལ་ཁོངས་བཙུན་པ་ཕོ་མོ་གཉིས་ལ་ཆོལ་ཁ་དང་ཆོས་ བརྒྱུད་གཉིས་ཀྱི་ནང་འོས་འཕེན་གྱི་ཐོབ་ཐང་གཉིས་ཡོད་པ་དེ་ནི་དམངས་གཙོའི་རྩ་འཛིན༼མི་གཅིག་ལ་འོས་ཤོག་གཅིག༽ བྱ་བ་དང་འགལ།

 

ཡུད་ཙམ་ངང་ཕྱི་མིག་ཅིག་བལྟ་བ།

༧གོང་ས་༧སྐྱབས་མགོན་ཆེན་པོའི་སྔ་ལྟས་ཀྱི་དགོངས་བཞེད་རླབས་ཆེན་ལ་བརྟེན་དམངས་གཙོའི་ལམ་ལུགས་གསར་གཏོད་དེ་ཡོངས་གྲགས་ཀྱི་སློབ་གསོ་མཉམ་དུ་བཙན་བྱོལ་བོད་མིའི་གྲུབ་འབྲས་ཆེ་ཤོས་དེ་ཆགས་ཀྱི་ཡོད། ཕྱི་ལོ་༡༩༥༩དབྱར་ཁ་རང་ལ་མགོན་པོ་གང་ཉིད་ཀྱིས་བཀའ་ཤག་ཕྲ་མོ་ཞིག་བསྐོང་འཚོགས་ཀྱིས་བཀའ་བློན་རྣམ་པ་ཚོར་ལྷན་ཁང་དང་དེ་མིན་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཇི་དགོས་གསར་འཛུགས་གནང་རྒྱུའི་བཀའ་རྒྱ་གནང་། ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་ བཙན་བྱོལ་བོད་ཀྱི་སྤྱི་འཐུས་རྣམ་པས་དམ་འབུལ་ཞུས་ཏེ་གྲོས་ཚོགས་ཐོག་མར་འཚུགས། དེ་དང་ཆབས་ཅིག་༧གོང་ས་ མཆོག་གིས་བོད་མི་དང་རྒྱ་གར་ཁྲིམས་དོན་མཁས་དབང་འགའ་ཤས་ལ་མ་འོངས་བོད་ཀྱི་ཆེད་དམངས་གཙོའི་རྩ་ཁྲིམས་ཞིག་གསར་བསྒྲིག་གནང་རྒྱུའི་བཀའ་རྒྱ་གནང་བ་བཞིན། ཕྱི་ལོ་༡༩༦༣ ཟླ་༣ ཚེས་༡༠ ཉིན༼བོད་ཀྱི་རྩ་ཁྲིམས༽དེ་གསལ་བསྒྲགས་གནང་ཐུབ།
དམངས་གཙོའི་ལམ་ལུགས་ངང་སྐུ་ཚེའི་རིང་མགོན་པོ་གང་ཉིད་སྐུ་རྐྱང་ལ་ལྟོས་མི་དགོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་སྲ་བརྟན་དུ་གཏོང་རྒྱུའི་དགོངས་བཞེད་དེ་ལས་མྱུར་བ་ཕྱག་བསྟར་ཡོང་ཆེད། ཁོང་གིས་ སླར་ཡང་བོད་མི་བགྲེས་པ་འགའ་ཤས་ལ་སྐྱབས་བཅོལ་གནས་བབས་ཀྱི་འོག་མ་འོངས་བོད་ཀྱི་ཆེད་དམངས་གཙོའི་བཅའ་ཁྲིམས་ ཞིག་གསར་བསྒྲིག་གནང་རྒྱུའི་བཀའ་རྒྱ་གནང་བ་ལྟར། ༼བཙན་བྱོལ་བོད་མིའི་བཅའ་ཁྲིམས༽ཞུ་བ་དེ་ཕྱི་ལོ་༡༩༩༡ ཟླ་༦ ཚེས་༡༤ ཉིན གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་དང་། དེ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་ཐོབ་ཐང་ དང་འགན་འཁྲི་བྱེད་སྒོ་ཚང་མ་དམངས་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་པ་རེད་། བཅའ་ཁྲིམས་དགོངས་དོན་ལྟར་ན་༧གོང་ས་མཆོག་ཕྱི་ལོ་༢༠༡༡བར་རྒྱལ་ཁབ་དང་སྲིད་གཞུང་གཉིས་ཀའི་དབུ་ཁྲིད་ཡིན། ཕྱི་ལོ་༢༠༠༡བཀའ་བློན་ཁྲི་པ་དེ་མི་དམངས་ ཀྱིས་ཐོག་མར་ཐད་ཀར་འོས་འདེམས་ཞུས་པ་དང་། སྐབས་དེ་དུས་སྤྱི་འཐུས་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེར་བཀའ་བློན་ཁྲི་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་། ༢༠༠༦ལོར་ཁོང་ལ་སླར་ཡང་རྒྱལ་ཁ་དེ་ལས་ཆེ་བ་ཐོབ། བཅའ་ཁྲིམས་དགོངས་དོན་ལྟར་གཅིག་རྗེས་གཉིས་མཇུག་མུ་མཐུད་ནས་བཀའ་བློན་ཁྲི་པ་ཐེངས་གསུམ་པ་གནང་ཆོག་གི་མེད།

 

༢༠༡༡ ལོར་༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་གནང་བ།

༢༠༡༡ལོར་རང་དབང་ཡུལ་གྲུའི་ནང་བཅའ་སྡོད་བོད་མི་ཚོས་བཀའ་བློན་ཁྲི་པ་ཐེངས་གསུམ་པ་ཐད་ཀར་འོས་འདེམས་ཞུས་པ་དང་། ༢༠༡༠ལོར་སྔོན་འགྲོའི་འོས་བསྡུའི་སྐབས་ལོ་རྒྱུས་ཅན་གྱི་འཕོ་འགྱུར་གྱི་སྔོན་བརྡ་གསལ་པོ་ཞིག་ཐོན་པར་བརྟེན་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ནས་ཕྱིར་འཐེན་དང་། འཇམ་ལྡན་གྱི་ངང་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་རྒྱུ་དུས་ལ་བབས་པར་གཟིགས་ཏེ། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༡ ཉིན་དངོས་གཞིའི་འོས་བསྡུའི་གོང་ཉིན་ཤས་ལ་༧གོང་ ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གསུང་འཕྲིན་ཞིག་བསྩལ་ནས། བཅའ་ཁྲིམས་ནང་གསལ་མགོན་པོ་གང་ཉིད་ ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ཐད་ཀར་འོས་འདེམས་བྱུང་བའི་ཆབ་སྲིད་ཀྱི་དབུ་ ཁྲིད་ཀྱིས་བཞེས་རྒྱུ་དང་། ཕྱི་ལོ་༡༦༤༢ལོར་དབུ་བརྙེས་པ་དགའ་ལྡན་ཕོ་བྲང་ཞེས་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་ ཆབ་སྲིད་ཀྱི་དབུ་ཁྲིད་གནང་སྲོལ་ཡོད་པའི་གཞུང་དེ་མཇུག་བསྒྲིལ་རྒྱུའི་བཀའ་རྒྱ་གནང་། བོད་སྐད་ཐོག་བཙན་བྱོལ་བོད་གཞུང་དེ་དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རྗེས་བཙན་བྱོལ་བོད་གཞུང་དེ་བོད་སྐད་དང་དབྱིན་སྐད་གཉིས་ཀར་དབུས་ བོད་མིའི་སྒྲིག་འཛུགས་ཞེས་འབོད། ཕྱི་ལོ་༢༠༡༡ལོའི་བཀའ་ཁྲིའི་འོས་བསྡུ་དེ་མི་རབས་བརྗེ་པོ་ཐེབས་པ་ཙམ་མ་ཡིན་པར། སྔ་རབས་བོད་ཀྱི་དབང་བསྒྱུར་གྱི་མཐོ་རིམ་མི་སྣ་ཡང་གང་འཚམས་རྫོགས་ལ་ཉེ།

ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མཁས་དབང་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་དམ་འབུལ་མཛད་སྒོར་༧གོང་ས་མཆོག་གིས༼བོད་ཀྱི་ སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་དེ། དེ་རིང་འདིར་དུས་རབས་༢༠ དང་ ༢༡ པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་འཕེལ་བ་བཞིན་འཕེལ་འགྲོ་རྒྱུའི་མང་གཙོ་ཟེར་རྒྱུ་དེ་ང་ཚོས་དངོས་གནས་ ཁ་ཞེ་གཉིས་མེད་སྤོབས་པའི་ངང་ནས་ལག་བསྟར་བྱས་ཏེ་དེ་རིང་འདིར་མི་མང་གིས་འོས་བསྡུ་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་རྒྱུ་བྱུང་བ་རེད༽ཅེས་གསུངས་ནས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་བ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁོང་རང་གི་ཤུལ་འཛིན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་ལ༼བཀའ་ཤག་གི་ཁྲིམས་མཐུན་གྱི་མཚོན་རྟགས་་་་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་རྩིས་འབུལ༽ཞུས་ཏེ་མིང་འགྱུར་ལ་མ་ལྟོས་པར་འབྱུང་འགྱུར་ཡང་དབུས་བོད་མིའི་སྒྲིག་འཛུགས་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་སྐུ་ཚབ་ཡིན་པ་དེ་བསྐྱར་ནན་གསལ་པོ་གནང་། ཕྱི་ལོ་༢༠༡༢ ཟླ་༩ ནང་སྤྱི་འཐུས་གྲོས་ཚོགས་སྐབས་བཀའ་ཁྲིའི་ཐ་སྙད་དེ་སྲིད་སྐྱོང་ལ་བསྒྱུར་བ་དང་། བོད་སྐད་ནང་སྲིད་སྐྱོང་ནི་བཀའ་ཁྲི་ལས་མཐོ་བ་ཞིག་རེད། སྤྱི་འཐུས་ནང་གྲོས་ཆོད་འཇོག་པའི་སྐབས་མིང་བསྒྱུར་གཉིས་ལས། གཞུང་དེ་སྒྲིག་འཛུགས་སུ་བསྒྱུར་ནས་ཆེ་མཐོང་ཆུང་དུ་བཏང་བ་དང་། ཆབ་སྲིད་འགོ་ཁྲིད་བཀའ་ཁྲི་དེ་སྲིད་སྐྱོང་ལ་བསྒྱུར་ནས་ཐ་སྙད་དང་སྐུ་དབང་གཉིས་ཀའི་ཐད་ཆེ་མཐོང་ཆེ་རུ་བཏང་།

 

༢༠༡༥ དང་ ༢༠༡༦ འོས་བསྡུའི་སྐབས་ཀྱི་འོས་མི།

ནོར་སྲིད་དང་འཛིན་སྐྱོང་ཐད་ཉམས་མྱོང་ཅན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་བཀྲིས་དབང་འདུས་ལགས་དང་། ཡོངས་གྲགས་ཀྱི་བློ་ལ་བབས་པོ་ཡོད་པ་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་ལགས་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་གི་ཁ་ གཏད་ལྗིད་ཚབས་ཆེ་ཤོས། དགུ་བཅུ་གསུམ་གྱི་ཚོགས་གཙོ་ལས་ཐོག་དང་རྒྱ་ཡི་བཙོན་ཁང་ནང་གི་བཙོན་ཟུར་ཨ་ཚོགས་ ཀླུ་མཁར་བྱམས་ནི། འོས་མི་ལྔའི་ཁོངས་ནས་ཆབ་སྲིད་ཀྱི་འདེམས་ཁ་ཡོད་པའི་འོས་མི་ཁོ་ན། དམག་ཟུར་པ་བཀྲིས་ སྟོབས་རྒྱལ་ ལགས་ནི་རེ་བ་ཆུང་ཤོས་ཀྱི་འོས་མི། སྲིད་སྐྱོང་ལས་ཐོག་དང་རྒྱལ་ཁ་ཐོབ་རེ་ཆེ་ཤོས་མཁས་དབང་བློ་བཟང་སེང་གེ་ལགས་ བཅས་༢༠༡༥སྔོན་འགྲོའི་སྲིད་སྐྱོང་འོས་བསྡུའི་སྐབས་ཀྱི་འོས་མི་ལྔ་པོ་དེ་ཚོ་རེད། ཀླུ་མཁར་བྱམས་ནི་རང་བཙན་གྱི་ལངས་ ཕྱོགས་འཛིན་མཁན་དང་། བྱིངས་ཀྱི་འོས་མི་བཞི་ཀ་༧གོང་ས་མཆོག་གིས་ཐོག་མར་ལམ་གཏོད་དང་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་ཤ་སྟག་རེད།

 

བློ་བཟང་སེང་གེ། རྒྱལ་ཁ་ཐོབ་རེ་ཆེ་ཤོས་ཀྱི་འོས་མི།

༢༠༡༦ལོར་ཁོང་ལ་སླར་ཡང་རྒྱལ་ཁ་ཐོབ་རྒྱུ་དེ་ངེས་གཏན་རེད། ༢༠༡༡ལོ་ལ་ཡང་ལྟ་བཟོ་དོད་པོ་དང་ཡིད་འགུགས་ཅན་གྱི་ཧར་བར་ཌ་གཙུག་ལག་སློབ་གྲའི་ཁྲིམས་ལུགས་མཁས་པ་དེས་བཀའ་བློན་དང་གཞུང་ཞབས་མཐོ་པོ་མང་པོའི་དབུས་ནས་རྒྱལ་ཁ་བླངས་ཐུབ་པ་བྱུང་བ་རེད། དེ་འདྲ་སོང་ཙང་ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ལ་ཡང་འོས་གྲངས་མང་ཉུང་མ་གཏོགས་ཁོང་ལ་ཐོབ་མ་ཐོབ་སྨ་མོས་རེད། བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་དུས་ཡུན་དང་པོའི་རིང་རྒྱལ་ནང་དང་རྒྱལ་ཕྱི་གཉིས་ཀའི་ནང་སྣང་ ཚུལ་དེ་སྤྱང་གྲུང་འཛོམས་པོའི་ངང་བསྐྲུན་གནང་སོང་། ༧གོང་ས་མཆོག་ལྷན་དུ་ཡོངས་གྲགས་ཀྱིས་གཟིགས་རྒྱུ་ཡོད་པའི་ གོ་སྐབས་ཡང་ནས་ཡང་དུ་བཞེས་པར་བརྟེན། སྲིད་སྐྱོང་གི་འགན་དབང་དང་སྐུ་སྒེར་རང་གི་ཕྱི་དབྱིབས་དར་རྒྱས་ལ་ཡང་ཕན་ནུས་ཆེན་པོ་ཐོབ། རྒྱལ་སྤྱིའི་ངོས་ནས་གྲགས་ཅན་དང་བཀའ་ཁྲི་ལས་འཛིན་གོང་མ་མཁས་དབང་ཟམ་གདོང་རིན་པོ་ ཆེ་ལས་དོ་སྣང་ཆེ་བ་བྱུང་བ་དེ་ཡང་དེ་ལས་བྱུང་བ་ཞིག་ཀྱང་རེད་སྙམ།

༼ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ༽བཅས་ཁོང་གི་འོས་བསྡུའི་དམ་བཅའ་གསུམ་པོ་རེད། ཁོང་གིས་འདས་པའི་སྲིད་སྐྱོང་ གནང་བའི་རིང་ནོར་འཁྲུལ་ཆེ་བ་དེ་ཙམ་གནང་མེད་པས། བོད་མིའི་གཤིས་ཀར་ཡང་སྲ་བརྟན་དང་བདེ་འཇགས་འདེམས་ རྒྱུར་དགའ་མོས་བྱེད། མཇུག་སྡོམ་ཞིག་བརྒྱབ་ན། མི་དམངས་ཀྱིས་ཁོང་ལ་རེ་བ་ཆེན་པོ་བརྒྱབ། ཁོང་གིས་ཚབས་ཆེའི་འགལ་འཛོལ་ཆེ་བ་གང་ཡང་གནང་མེད། བོད་ཀྱི་ཆབ་སྲིད་པ་མི་སྐྱ་ཞིག་ལ་རྒྱལ་སྤྱིའི་གསར་གྱུར་བརྒྱུད་ལམ་ནས་ དོ་སྣང་ཡག་ཐག་ཆོད་བྱུང་། གཅིག་ནས་བོད་མི་མང་བ་ཁོང་གི་བྱས་རྗེས་ལ་འདོད་བློ་ཁེངས་ཀྱང་། གཉིས་ན་ཤེས་ལྡན་གྲལ་རིམ་པ་ཙམ་མ་ཡིན་པར་བཞུགས་སྒར་དྷ་རམ་ས་ལའི་སྒྲིག་འཛུགས་ཀྱི་གཞུང་ཞབས་འབྲིང་བ་ནས་མཐོ་བའི་ཁོངས་ཁོང་གི་ཕྱག་ལས་ལ་འདོད་བློ་མ་ཁེངས་པ་མང་། རང་བཙན་རྩོད་གླེང་པ་ཚོར༼ཏཱ་ལའི་བླ་མར་འགལ་ཟླ་ཞུ་མཁན༽ཞེས་མིང་རྗེས་བཟོས་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པའི་ནང་དབྱེན་སྦྱོར་བྱ་ཐབས་སོགས་ཁོང་གི་སྲིད་སྐྱོང་དུས་ཡུན་རིང་བོད་མིའི་སྤྱི་ཚོགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཉམས་ཆགས་ཆེན་པོ་ཐེབས། དེ་འདྲའི་ཐབས་སྡུག་གི་གནས་ཚུལ་དེ་བཀའ་ཤག་ རང་གི་བཀོད་བྱུས་འོག་བྱུང་བ་ཞིག་མིན་ན་ཡང་། བཙན་བྱོལ་བོད་མིའི་དབུ་ཁྲིད་ཡོངས་ཀྱིས་འགྲིགས་འཇགས་རྩ་བ་ནས་ གནང་མེད། བོད་ལ་རང་སྐྱོང་ཡང་དག་པ་ཞིག་བྱུང་བ་ཡིན་ན་རྒྱ་ནག་གུང་བྲན་ཏང་གི་དབང་སྒྱུར་འོག་གནས་ཀྱི་ ཡིན་ཞེས་ད་དུང་ང་ཚོའི་དགོས་འདུན་ལ་གཅོག་ཆ་ཆེན་པོ་གནང་ན་ཡང་། བོད་རྒྱའི་གྲོས་མོལ་དེ་གཡོ་མེད་རང་འགར་ལུས།

 

སྤེན་པ་ཚེ་རིང་། སྲིད་སྐྱོང་ལས་ཐོག་ལ་འགྲམ་ལྕག་གཞུས་པ།

ལྟ་གྲུབ་ལངས་ཕྱོགས་གཅིག་པའི་ཁོངས་ནས་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་འོས་མིར་བཞེངས་པ་དེ་ནི་སྲིད་སྐྱོང་ལས་ཐོག་གི་ཕྱག་ལས་ལ་འདོད་བློ་མ་ཁེངས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན་པས། དེ་ནི་སྲིད་སྐྱོང་ལས་ཐོག་ལ་འགྲམ་ལྕག་ཚ་པོ་གཞུས་པ་ཞིག་རེད། སྔོན་འགྲོའི་སྲིད་སྐྱོང་འོས་བསྡུའི་སྐབས་འོས་མི་ཚང་མའི་ནང་ནས་སྤེན་པ་ཚེ་རིང་ལགས་བོད་དབྱིན་གཉིས་ཀའི་ནང་སྨྲ་ལྕེ་བདེ་ ཤོས་ཡིན་ན་ཡང་འོས་གྲངས་མང་པོ་ཐོབ་ཐུབ་མ་སོང་། འོས་བསྡུའི་བགྲོ་གླེང་སྐབས་ཀླུ་མཁར་བྱམས་མཉམ་དུ་སྡིངས་ཆ་ གཅིག་གི་སྒང་བཞུགས་ཀྱི་མིན་གསུངས་པ་དེས་སྨིན་ཚད་ལོན་པའི་འོས་མི་དང་རྒྱལ་སྤྱིའི་ཟུར་བལྟ་བ་མང་པོའི་བློ་ལ་མ་ཕྱིན་པ་པའི་སྟེང་། ཚོགས་གཙོའི་མཚན་གནས་ལ་ཡང་གནོད་ཚབས་ཆེན་པོ་བཏང་། འོན་ཀྱང་འོས་འབོད་ལས་འགུལ་སྐབས་ཁོང་གི་ནོར་འཁྲུལ་ཆེ་ཤོས་དེ། ཁོང་རང་གི་ཆབ་སྲིད་ལངས་ཕྱོགས་གཅིག་པའི་སྡེ་ཁུངས་ཀྱི་སྲིད་སྐྱོང་ལས་ཐོག་ལ་ཁ་གཏད་ བཅགས་པའི་རྒྱུ་མཚན་གང་ཡིན་གསུང་ཡག་མེད་པ་ཡིན་ནམ་གསུང་འདོད་མེད་པ་ཡིན། མི་དམངས་ཀྱིས་འབོད་སྐུལ་གནང་བར་བརྟེན་སྲིད་སྐྱོང་འོས་མིར་བཞེངས་པ་ཡིན་གསུངས་པ་ཙམ་གྱིས་འོས་མིའི་བློ་ངོ་ཁེངས་མི་ཐུབ། སྔོན་འགྲོའི་སྲིད་སྐྱོང་གི་འོས་བསྡུའི་གྲུབ་འབྲས་ནང་ཁོང་ཨང་གཉིས་པ་ལོན་ན་ཡང་དང་པོ་དང་ཧེ་བག་ཧ་ཅང་ཆེན་པོ་ཤོར།

 

ཨ་ཚོགས་ཀླུ་མཁར་བྱམས། རྒྱལ་ཁའི་རེ་བ་དབེན་ཀྱང་གྲུབ་འབྲས་ཇེ་བཟང་འཐོན་པའི་རེ་བ།

ད་བར་གྱི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་མཁན་ཤེས་སྟོབས་ཅན་དང་རྒྱ་ཡི་ཆབ་སྲིད་བཙོན་ཟུར་པ་དེས་རང་བཙན་ལངས་ཕྱོགས་འཛིན་ཏེ་འདམ་ག་དབེན་པའི་འོས་བསྡུ་དེར་འདམ་ག་བསྐྲུན་ནས་འོས་བསྡུ་དེ་ཕྲན་བུ་འཁྲུག་ཏུ་བཏང་པས་མ་ཚད། ཆབ་སྲིད་ཀྱི་ལངས་ཕྱོགས་འདམ་རྒྱུ་ཡོད་པའི་སྲིད་སྐྱོང་གི་འོས་བསྡུ་ཞིག་ཀྱང་བཟོས་སོང་། ཁོང་ལ་རེ་ལྟོས་བྱས་པ་ལས་གྲུབ་ འབྲས་སྐྱོ་བ་བྱུང་སོང་། དེ་ལ་རྒྱུ་མཚན་མང་པོ་ཡོད་མོད་ཀྱང་གཙོ་བོ་བཞི་ལ་ཐུག་སྙམ། ཕྱི་ལོ་༢༠༠༡ལོར་བཀའ་ཁྲི་དང་པོ་ ཐད་ཀར་འོས་འདེམས་བྱས་པ་ནས་བཟུང་འོས་ཤོག་བླུག་མཁན་རྣམས་ཆབ་སྲིད་ཀྱི་གོ་རྟོགས་སྨིན་དུ་འགྲོ་རྒྱུའི་ཚབ་གོ་རྟོགས་ཞན་དུ་ཕྱིན་པ་དང་གཅིག། སྤྱི་འཐུས་ཚོགས་གཙོས་སྣེ་འཁྲིད་ཀྱི་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཀླུ་མཁར་བྱམས་ནི༼ཏཱ་ལའི་བླ་མར་འགལ་ཟླ་ཞུ་མཁན༽ཞེས་མིང་རྗེས་བཟོས་པ་དང་གཉིས། རྒྱུ་མཚན་གསུམ་པ་དེ་རང་ ཉིད་ཀྱིས་བཟོས་པའི་འགལ་འཛོལ་ཞིག་ཏེ། དེ་ཡང་དཔེར་ན་རང་བཙན་བློས་གཏོང་མཁན༼རང་ཉིད་ཀྱི་ཕ་ཡིན་ནའང་རེད་ ༧རྒྱལ་བ་རིན་པོ་ཆེ་ཡིན་ནའང་རེད༽རྒྱལ་ཚོང་ཞིག་མ་རེད་ལབ་ཐུབ་ཀྱི་མ་རེད་ཅེས་གོད་ཆག་ཅན་གྱི་གཏམ་བཤད་བྱས་པ་དེ་རེད།
གལ་ཏེ་དེ་འདྲ་བདེན་པ་ཡིན་ན་ཡང་བོད་མི་དམངས་ཀྱིས་དེ་འདྲའི་བསམ་ཚུལ་ཅན་གྱི་བོད་མི་སུ་ཞིག་ལ་དགོངས་སེལ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། ལར་ནས་སྤྱི་འཐུས་ལྷན་ཁང་གིས་དབུ་མའི་ལམ་དེ་གཞུང་འབྲེལ་གྱི་ལངས་ཕྱོགས་ལ་གཏན་འབེབས་གནང་རྗེས་རང་བཙན་བློས་བཏང་བ་དེ་རྒྱལ་ཚོང་གྱི་བྱ་གཞག་ཞིག་ལ་འགྲོ་གི་མ་རེད། རྒྱལ་ཚོང་པ་དངོས་གནས་ནི་གཏན་འབེབས་གནང་མཁན་གྱི་སྤྱི་འཐུས་དེ་ཚོ་ཆགས་ཀྱི་ཡོད། འོན་ཀྱང་སྤྱི་འཐུས་རྣམ་པ་ཚོ་མི་དམངས་ཀྱིས་ཆབ་སྲིད་ཚོགས་པ་དང་ལངས་ཕྱོགས་ལ་མི་ལྟོས་པར་འོས་མི་བྱེ་བྲག་པ་ཞིག་ལ་བློས་འགེལ་གཙང་མ༼imperative mandate༽སྤྲད་ ནས་བདམས་པ་ཞིག་ཡིན་པས་ཐག་གཅོད་དེ་འདྲ་འགྲིག་མི་འདུག་ཅེས་སྤྱི་འཐུས་ལ་བཤད་སླ་པོ་ཡོད་མ་རེད། རྒྱུ་མཚན་བཞི་པ་དེ་༧གོང་ས་མཆོག་གིས་སྔོན་འགྲོའི་འོས་བསྡུའི་གོང་ཙམ་ལ་གཞོན་སྐྱེས་མང་པོར་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། རང་བཙན་ལངས་ཕྱོགས་དེ་འགྲུབ་རྒྱུ་མེད་པ་ཞིག་ཡིན་པའི་སྐོར་བཀའ་སློབ་གནང་བ་སྤྱི་ཚོགས་དྲ་རྒྱའི་ནང་བཅུག་པར་བརྟེན། ཀླུ་མཁར་བྱམས་ལ་འོས་བསྡུའི་གྲུབ་འབྲས་བཟང་པོ་ཞིག་ལོན་རྒྱུའི་རེ་བ་དེ་ཆེས་ཆུང་དུ་ཕྱིན།

 

བཀྲིས་དབང་འདུས་དང་བཀྲིས་སྟོབས་རྒྱལ། འཐོབ་རྒྱུའི་རེ་བ་མེད་པའི་འོས་མི་གཉིས།

དེ་མིན་འོས་མི་གཞན་པ་ནི། ནོར་སྲིད་དང་འཛིན་སྐྱོང་ཐད་ཉམས་མྱོང་ཅན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་བཀྲིས་དབང་འདུས་ལགས་རེད། ཁོང་གིས་འོས་འབོད་ལས་འགུལ་སྐབས་རྒྱུ་མཚན་དྲངས་ཏེ་སེང་གེའི་སྲིད་གཞུང་གི་འཐུས་ཤོར་ མིང་འདོན་གནང་འགོ་བཙུགས་མ་ཐག་སྒྲིག་འཛུགས་ཀྱིས་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་སྦུབས་བཀག་བཏང་སོང་། ལ་དྭགས་ནས་ཡིན་པའི་ལུག་རྫི་དང་དཀྱུས་དམག་ཟུར་པ་བཀྲིས་སྟོབས་རྒྱལ་ལགས་ཀྱིས་འོས་འབོད་ལས་འགུལ་སྐབས་དགོད་བྲོའི་གཏམ་བཤད་ཞོར་ལ་རྒྱུ་མཚན་ལྡན་པའི་དགོངས་འཆར་མང་པོ་ཞིག་ཡང་བཏོན་གནང་སོང་།

 

དབུས་འོས་བསྡུ་ཁང་གི་སྒྲིག་གཞི་དང་ལམ་སྟོན་མང་ཆེ་བ་དོན་དང་ལྡན་ཀྱང་ལག་བསྟར་རམ་འགལ་འཛོལ་བྱུང་བ།

ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༥ ཉིན་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ལྟར་དབུས་འོས་བསྡུ་ལས་ཁང་ནས། འཇིགས་སྐུལ། དམའ་འབེབས། ཟུར་ཟ། སྒྲོ་བཏགས་ཀྱིས་སྐྱོནབརྗོད། དྲང་བདེན་མིན་པའི་གསལ་བསྒྲགས་གནང་བ་དེ་དགའ་བསུ་ཞུ་འོས་པ་ཞིག་ཡིན་ན་ཡང་། དོན་ཚན་གཞན་པ་མང་པོ་གླེང་གཞི་ཅན་ཞིག་རེད་འདུག། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་པ་༡༡གཞུང་འབྲེལ་ངོས་ལེན་གནང་བའི་ཁོངས་ཀྱི་ཚོགས་པ་ཇེ་མང་ཞིག་གིས་སྲིད་སྐྱོང་ལས་ཐོག་དང་ཚོགས་ གཙོ་ལས་ཐོག་གཉིས་ཀ་ལ་རྒྱབ་སྐྱོར་གནང་བས་མ་ཚད་འགའ་ཤས་ཀྱིས་འོས་མིར་འོས་འདོན་ཡང་གནང་འདུག། ཀླུ་མཁར་ བྱམས་ལ་རྒྱབ་སྐྱོར་ཞུ་མཁན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དེ་ནི་གཞུང་འབྲེལ་ངོས་ལེན་མེད་ཅིང་། གཞུང་ འབྲེལ་ངོས་ལེན་གྱི་སྙན་ཞུར་ད་བར་ངོས་ལེན་ཐོབ་མི་འདུག།
ངོས་ལེན་ཡོད་མེད་ཀྱི་གནད་འགག་ནི་འོས་འབོད་ལས་འགུལ་སྐབས་བྱུང་སོང་དངུལ་འབོར་ཚད་གཞི་གཏན་འབེབས་དང་དོན་ཚན་༦ཚད་བརྒལ་ལ་ཉེས་ཆད་དང་ཐད་ཀར་འབྲེལ་བ་ཡོད། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཞིག་གི་འོས་འབོད་ལས་འགུལ་སྐབས་འགྲོ་སོང་དངུལ་འབོར་དེ་རྒྱབ་སྐྱོར་བྱ་ཡུལ་འོས་མིའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས་ཀྱི་མེད། འོན་ཀྱང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཞུ་མཁན་གཞུང་འབྲེལ་ངོས་ལེན་མ་ཐོབ་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་པ་དེའི་འོས་འབོད་ལས་འགུལ་སྐབས་འགྲོ་སོང་ཁག་འོས་གཞིར་ཡོད་པ་རྒྱབ་སྐྱོར་བྱ་ཡུལ་ཀླུ་མཁར་བྱམས་ཀྱི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས།

འགྲོ་སོང་ཚད་གཞི་ལས་ཧིན་སྒོར་ཁྲི་རེ༼ཡུ་སྒོར་༢༨༠༽བརྒལ་ཚེ་རྒྱབ་སྐྱོར་བྱ་ཡུལ་འོས་མི་དེ་ལས་འོས་གྲངས་༢༥ འཕྲི་རྒྱུ་སོགས་འཁོད་པར་བརྟེན་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༢༧ ཉིན་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མིང་ཆེན་ཅན་༢༧གྱིས་ཚོགས་པ་འགའ་རེར་ངོས་ལེན་དང་ཚོགས་པ་འགའ་རེར་ངོས་ལེན་མེད་པ་སོགས་དྲང་བདེན་མེད་པའི་གནས་ཚུལ་ལ་སེམས་ཚབས་ཆེན་པོ་ཡོད་པའི་ཡོངས་གྲགས་ཕྱག་བྲིས་ཞིག་བཙན་བྱོལ་དབུ་ཁྲིད་ལ་ཕུལ་དགོས་ཐུག་འདུག།
དེ་བཞིན་དོན་ཚན་༨ནང་འོས་འབོད་ལས་འགུལ་ཡིག་ཆའི་ནང་༧གོང་ས་མཆོག་གི་སྐུ་པར་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་རིས་སོགས་གང་ཡང་བེད་སྤྱོད་མི་ཆོག་པ་སོགས་གཏན་འབེབས་གནང་འདུག་ཀྱང་། མཁས་དབང་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ལ་རྒྱབ་སྐྱོར་ཞུ་མཁན་སྒེར་ཚོགས་གཉིས་ཀྱིས་སྤེལ་བའི་སྤྱི་ཚོགས་དྲ་རྒྱའི་ནང་ཁོང་རྣམ་པ་གཉིས་༧གོང་ས་མཆོག་དང་ བོད་ཀྱི་རྒྱལ་དར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས་སོགས་མཉམ་དུ་ཡོད་པའི་པར་ཁེངས་ནས་ལུད་གྲབས་བྱེད་ཀྱི་ཡོད་པ་དེ་ཚོ། ལས་ཐོག་པ་ཞིག་གཞུང་འབྲེལ་ཕྱག་ལས་གནང་བ་ཡིན་ནམ་འོས་འབོད་ལས་འགུལ་གནང་བ་ཡིན་ནམ།

དེ་གཉིས་དབྱེ་འབྱེད་ཧ་ཅང་བྱེད་ཁག་པོ་རེད། བཀྲིས་དབང་འདུས་ལགས་ལ་རྒྱབ་སྐྱོར་ཞུ་མཁན་གྱི་ངོས་ནས་འགལ་འཛོལ་བྱུང་བ་དེ་འདྲ་བསྟན་ཀྱང་དབུས་འོས་བསྡུ་ཁང་ནས་དོན་ཚན་དེ་ཚོ་ལག་བསྟར་བསྐྱེལ་མ་ཐུ་པའམ། འགལ་འཛོལ་བྱེད་མཁན་ལ་ཆད་པ་དཀྲི་ཐུབ་མ་སོང་། དེ་འདྲ་སོང་ཙང་མདོར་བསྡུས་ན། དབུས་འོས་བསྡུ་ཁང་གི་ལམ་སྟོན་རེ་འགའ་ཆོ་མེད་དང་འོས་བསྡུ་ཁང་གིས་སྣང་བ་གང་དྲན་གནང་པ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཀླུ་མཁར་བྱམས༼ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་མཁན༽ཞེས་སྒྲོ་བཏགས་སྐྱོནབརྗོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཁུལ་དཀྲུག་ཤིང་། དབུས་འོས་བསྡུ་ལྷན་ཁང་གིས་འགལ་འཛོལ་བྱེད་མཁན་ལ་ཆད་པ་དཀྲིས་མ་ཐུབ་པའམ་དཀྲི་འདོད་མེད་པ་སོགས་ཀྱི་གནས་ཚུལ་ལ་བརྟེན། འདོད་བློ་མ་ཁེངས་པར་ལུས་པའི་མི་སྨྲ་གྲངས་མང༼silient majority༽ཚོ་ཆུ་རགས་གས་རྡོལ་གྱི་གནས་སུ་གྱུར། རྐྱེན་ངན་སློང་མཁན་དེ་ནུབ་ཕྱོགས་རྒྱབ་སྐྱོར་བ་༢༧གྱི་ཡོངས་གྲགས་ཕྱག་བྲིས་ཞིག་ལ་ཧ་ལམ་ངོ་ཚ་ དགོས་པ་དང་འདོད་བློ་ཁེངས་རྒྱུ་མེད་པའི་དབུས་འོས་བསྡུ་ལྷན་ཁང་གི་བཀའ་ལན་དེ་རེད་སྙམ།
༼སྔར་ཡིན་ན་རྒྱལ་ སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་སྐྱབས་གནས་དཀོན་མཆོག་ གསུམ་གྱི་རྗེས་བོད་མི་རིགས་ཀྱི་སྐྱབས་གནས་བཞི་པ་དེ་ཡིན་ཞེས་གྲགས་ཀྱང་། ༧གོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་ ལས་ཕྱེད་རྒན་ཡོལ་དང་། ཕྱི་ལོ་༢༠༠༧གྱི་ལོ་མཇུག་ཙམ་ནས་བཟུང་དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ རྒྱབ་སྐྱོར་ཚོགས་པའི་དབར་འབྲེལ་ལམ་དེ་འཇམ་མཁས་ཀྱི་ཐོག་བཤད་ན་ག་ལ་གང་འཚམས་རྒྱང་ཐག་རིང་དུ་ཕྱིན་འདུག༽ དེ་ཙམ་མ་ ཟད་ཨ་རི་དང་། ཡུ་རོབ། རྒྱ་གར་བཅས་ནས་བོད་མི་༥༢ཀྱིས་དབུས་འོས་བསྡུ་ལྷན་ཁང་ལ་ཡོངས་གྲགས་ཀྱི་ ཕྱག་བྲིས་ཕུལ་བར་ལྗགས་ལན་སྦོག་སེང་རྩེད་མཁན་གྱི་སྐད་ཆ་ལྟར་ན་མུར་འཛོག་སྐ་རགས་གི་འོག་བཞུ་མི་ཆོག་པའི་སར་ བཞུས་པ་དང་འདྲ་བ་འོས་བཞིན་མ་འཚམས་པ་དང་། ཡང་ནིཨུ་ཡོག་གཙོ་བོར་གྱུར་པའི་བོད་མི་༡༢༤ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༡༦་དང་༡༨ ཉིན་ཁ་བརྡ་དྲ་རྒྱའི་ནང་དབུས་འོས་བསྡུ་ལྷན་ཁང་གི་འགལ་འཛོལ་སྐོར་ཕྱག་བྲིས་དང་། དེ་བཞིན་སུད་སི་ནས་འོས་བསྡུའི་ཐོབ་ཐང་ཐེངས་དང་པོ་ལོངས་སུ་སྤྱོད་མཁན་ཞི་སྲས་ཚང་བཀྲིས་མཚོ་མོ་ཞུ་བས ༼རང་ སྣང་གང་དྲན་གྱི་དམངས་གཙོའི་ཟློས་གར༽ཞེས་པ་དགེ་སྐྱོན་མིང་འབོད་ཀྱིས་སྣོ་བསམ་གཏིང་ཟབ་གཏོང་དགོས་པའི་དཔྱད་རྩོམ་ ཞིག་བྲིས་འདུག་པ་སོགས་ལ་བལྟ་དུས་ནུབ་ཕྱོགས་ཀྱི་ཁ་རྒྱུན་ལྟར༼བོད་ཀྱི་དམངས་གཙོ་དེར་རུལ་དྲི་ཁག་མཁན་འདྲ་པོ་འདུག༽ ཅེས་མ་ཞུ་ཀ་མེད་རེད།

 

སྐབས་སུ་བབས་པའི་མཇུག་སྡོམ་ཐོག་མ།

འོས་མི་གཞན་རྣམས་འོས་གཞིར་བཞེངས་པར་བསྔགས་བརྗོད་དང་སྦྲགས་བཟོད་གསོལ་ཞུ་རྒྱུར། ད་རེས་སྔོན་འགྲོའི་སྲིད་སྐྱོང་འོས་བསྡུའི་སྐབས་དོ་སྣང་བྱ་ཡུལ་འོས་མི་གསུམ་རང་ལ་ཐུག་གི་འདུག། གཅིག་ལ་རྒྱལ་ཁ་གསལ་པོ་ལོན་པ་དང་གཞན་གཉིས་ལ་ཕམ་ཉེས་ གསལ་པོ་བྱུང་བ་རེད། བློ་བཟང་སེང་གེ་ལགས་ཀྱིས་ཁོང་རང་གི་འོས་བསྡུའི་དམ་བཅའ་གསུམ་པོ་ཧ་ལམ་ཕྱག་བསྟར་གནང་མེད་ཀྱང་། ཁོང་ནི་དངོས་གཞིའི་འོས་བསྡུའི་སྐབས་ལ་ཡང་རྒྱལ་ཁ་ཐོབ་རེ་ཆེ་ཤོས་དེ་རེད། ཤོར་མཁན་ནི་སྤེན་པ་ ཚེ་རིང་ལགས་དང་ཀླུ་མཁར་བྱམས་ལགས་གཉིས་རེད། སྤེན་པ་ཚེ་རིང་ལགས་ཀྱི་ཕམ་ཤོར་དེ་ཁོང་རང་རང་གིས་བཟོས་བཞག་པ་དང་། ཀླུ་མཁར་བྱམས་ཀྱི་ཕམ་ཤོར་དེ་ཁོང་རང་སྒེར་པ་ཞིག་གི་ཕམ་ཉེས་ཙམ་མ་ཡིན་པར་རྩ་དོན་གྱི་ ཕམ་ཉེས་ཞིག་ཀྱང་རེད། ༧གོང་ས་མཆོག་ཕྱེད་རྒན་ཡོལ་ལ་ཕེབས་པ་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ ལངས་ཕྱོགས་གཞན་འཛིན་ལ་བཟོད་སྒོམ་ཆུང་ནས་ཆུང་དུ་འགྲོ་བའི་ཚོར་སྣང་ཇེ་ཆེར་འགྲོ་གིན་འདུག།

དྲ་རྒྱའི་ནང་བརྫུས་མིང་ དང་མིང་མེད་ཀྱི་གྲིབ་གཡོག་འོག་བགྲོ་གླེང་གི་ཆུ་ཚད་ཆེས་དམའ་རུ་ཕྱིན་པས་མ་ཚད། བསམ་ཚུལ་འགའ་ཤས་དམའ་འབེབ་བམ་དམའ་འབེབ་ཆེས་རྩུབ་པོ་ཆགས་ཀྱི་འདུག། བོད་མི་ཚོས་ཁུངས་ལྡན་སྐྱོན་བརྗོད་དང་དམའ་འབེབ་གཉིས་ ཀྱི་དབར་དབྱེ་འབྱེད་བྱེད་མི་ཐུབ་པ་དེ་ཇི་ཆེ་ནས་ཇེ་ཆེར་འགྲོ་གིན་འདུག། སྐྱེ་བོ་གང་ཟག་ཅིག་གིས་རང་བཙན་ཁས་ལེན་བྱས་པའམ་དེའི་ཆེད་ཤུགས་བརྒྱབ་ཚེ༼ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་མཁན༽དང་༼དབུས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ བྱེད་མཁན༽ཞེས་སྤྱི་ཚོགས་ནང་ནག་པོ་བཟོས་པ་དང་། བློ་ཕམ་ཆེན་པོ་ཞིག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ ཁྲིད་རྣམ་པས་ཀྱང་བེད་སྤྱོད་དེ་འདྲ་བཏང་གནང་གི་འདུག། འདས་པའི་མི་ལོ་བཅུ་ཕྲག་གཅིག་ལྷག་གི་ནང་བཞུགས་སྒར་རྡ་རམ་ས་ལའི་སྒྲིག་འཛུགས་དེ༼ང་ཚོ་མཉམ་དུ་མེད་ན་ང་ཚོའི་ཁ་གཏད་རེད༽ཅེས་པའི་གཏམ་དཔེ་ལྟར་སྐྱོན་བརྗོད་བྱེད་མཁན་ ལ་བཟོད་སྒོམ་ཆུང་ནས་ཆང་དུ་འགྲོ་གིན་འདུག།
བཀའ་བློན་ཁྲི་པ་ཐད་ཀར་འདེམས་འགོ་འཚུགས་པ་ནས་བཟུང་བོད་པའི་ སྤྱི་ཚོགས་ནང་གོང་ལ་ངོ་བསྟོད་དང་གོང་གི་བཀའ་སྲུང་ཅི་སྒྲུབ་བྱེད་རྒྱུའི་གོམ་གཤིས་དེ་ཆེ་རུ་འགྲོ་གི་འདུག། ཉིན་རེའི་ཆབ་སྲིད་ཐུགས་འགན་ནས་ཕྱེད་རྒན་ཡོལ་ལ་ཕེབས་པ་ནས་བཟུང་༧གོང་ས་མཆོག་ཀྱང་སྔར་དང་མི་འདྲ་བར་དེང་སང་སྐྱོན་བརྗོད་ཐུགས་ལ་མི་བབས་པ་ཞིག་ཆགས་འདུག་སྙམ། དེ་ནི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་གྲུབ་ཀྱང་དབུས་བོད་མིའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་ཚོ་སྐྱོན་བརྗོད་ལས་སྲུང་སྐྱོབ་གནང་རྒྱུའི་ཐུགས་འགན་ཁོང་རང་ལ་ཡོད་པར་དགོངས་ནས་གནང་བ་ཞིག་མིན་ནམ་ཡང་སྙམ།
སྔར་ཡིན་ན་༧གོང་ས་མཆོག་གིས་སྤྱི་དང་ལྷག་དོན་ཁོང་རང་གི་མཛད་ཕྱོགས་ལ་སྐྱོན་བརྗོད་བྱེད་ཅེས་སྐུལ་མ་གནང་གི་ཡོད། ད་རེས་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན་དངོས་གཞིའི་འོས་བསྡུའི་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་མཁས་དབང་བློ་བཟང་སེང་གེ་ལགས་དང་འོས་གྲངས་ཁྱད་པར་དེ་ཕྲན་བུ་ཆུང་དུ་གཏོང་ངེས་ཀྱང་། སྲིད་སྐྱོང་ལས་ཐོག་པས་དངོས་གཞིའི་འོས་བསྡུའི་སྐབས་རྒྱལ་ཁ་གསལ་པོ་ལེན་རྒྱུ་ཡིན་པ་དེ་བརྗོད་མེད་རེད།

༼དཔྱད་རྩོམ་འདི་ཚེ་དབང་ནོརབུས་(Tibet und Buddhismus)དུས་དེབ་ཆེད་འཇར་མན་ནང་ཕྱི་ལོ་༢༠༡༥ ཟླ་༡༡ ཟླ་མཇུག་ལ་གོ་བཙུགས་ན་ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༤ ཉིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་ཉིན་མོར་བརྩམས། དབྱིན་ཡིག་དང་བོད་ཡིག་གཉིས་ཀར་རྩོམ་པ་པོ་རང་གིས་ཡིག་བསྒྱུར་ཞུས།༽

དཔྱད་རྩོམ།

Post navigation

Previous Post: བརྩེ་དུང་ཐེངས་ཞེ་གཅིག་བསྐྱར་འགྲེམས།
Next Post: འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

Comments (3) on “བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-02-15 at 9:16 am

    ་་་་་་་་་ བློ་བཟང་སེང་གེ། རྒྱལ་ཁ་ཐོབ་རེ་ཆེ་ཤོས་ཀྱི་འོས་མི། ་་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2016-02-15 at 9:17 am

    ཆེད་རྩོམ་རིང་དྲགས་མི་འདུག་གམ།

  3. བླ་མ། says:
    2016-02-15 at 11:10 pm

    ཧམ་བཤད་དང་རྫུན་གྱི་རྒྱལ་ཁ་ནི་གནས་སྐབས་རང་དོན་ཁོ་ན་ཡིན། བདེན་པའི་རྒྱལ་ཁ་ནི་མི་མང་དང་རྒྱལ་ཁབ་ཀྱི་དོན་ཁོ་ན་ཡིན།། མི་མང་ཚོས་ཞིབ་འཇུག་ཡག་པོ་གྱིས་ནས་འོས་འཕངས་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme