Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།

Posted on 2016-02-032016-02-03 By ཁ་བརྡ 11 Comments on བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།

ཐེ་བོ་བ་དབྱངས་ཅན་རིག་པའི་འདོད་འཇོ།

 
དེ་རིང་གློ་བུར་དུ་དྲ་གྲོགས་ཤིག་གིས་གསེར་རྟ་བླ་རུང་གི་མཁན་ཆེན་ཚུལ་བློ་ཚང་གི་གསུང་ཡིན་ཟེར་བའི་དུམ་བུ་ཞིག་བསྐུར་བྱུང་། གསུང་དུམ་བུ་དེའི་ནང་དོན་ནི་བསྡུས་གྲྭ་དགོས་མཁོ་མེད་པའི་སྐོར་རེད་འདུག དེ་ལ་ང་ཧང་སངས་མ་བྱུང་། རྒྱུ་མཚན་ནི་ཁོང་བསྡུས་གྲྭའི་རིགས་ལམ་ལ་ཆ་རྒྱུས་མེད་པས་ཁག་མེད་སྙམ། སྤྱིར་ཁོང་ཚང་གི་རྩོམ་ཡིག་མང་བོ་ཞིག་མཇལ་མྱོང་ཞིང་མཁས་མཐོང་ཡོད་མོད། འོན་ཀྱང་ཁོང་གི་གསུང་མང་བོ་ཞིག་ལ་རིགས་ལམ་གྱི་འགྲོས་ཅི་ཡང་མེད་ཅིང་། དཔྱད་པ་ཞུགས་ཙམ་ནས་བྱེ་མའི་ཕུང་བོ་ལྟར་འགྱུར་བ་མང་། དཔེར་ན་ཁོང་གིས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྣམ་བཤད་ཅེས་པའི་ནང་སངས་རྒྱས་པའི་རང་ལུགས་ནི་འཇིག་རྟེན་འདི་རིལ་རིལ་དང་ལེབ་ལེབ། གོར་གོར་དང་ནར་ནར། འཇོང་འཇོང་སོགས་གང་ཡང་ཡིན་ཆོག་ལ་གང་ཡང་མིན་ཆོག་པ་བཅས་ཁས་ལེན་པ་ཡིན་ཚུལ་གསུངས་ལ།
ཡང་དབུ་མའི་སྐོར་གསུངས་པ་ཞིག་ན་ཀླུ་སྒྲུབ་དགོངས་རྒྱན་གྱི་བཤད་ཚུལ་མདོག་མ་ལོག་པར། ང་ཚོར་སྣང་བ་འདི་དག་ཚང་མ་བདེན་པར་གྲུབ་པ་ཁོ་ན་ཡིན་ཚུལ་བཤད་དེ། ཀུན་མཁྱེན་རོང་ཀློང་གཉིས་ཀྱི་གསུང་དང་འགལ་བར་མ་ཟད། མི་ཕམ་རིན་པོ་ཆེས་ཀྱང་འདི་ལྟ་བུ་མ་གསུངས་ཏེ་། རོང་ཟོམ་གྱི་ཐེག་ཆེན་ཚུལ་འཇུག་དང་ལྟ་བའི་བརྗེད་བྱང་གཉིས་ཀར་སྣང་བ་འགོག་མི་རུང་བར་ལན་དུ་མར་གསུངས་ཤིང་། སྣང་བ་ལྷ་སྒྲུབ་ཀྱིས་ཀྱང་ལེགས་པར་གྲུབ་པའི་ཕྱིར་དང་། ཀུན་མཁྱེན་ཀློང་ཆེན་པའི་གྲུབ་མཐའ་མཛོད་དང་ཡིད་བཞིན་མཛོད་གཉིས་ཀར་སྤྱོད་འཇུག་གི་ལུང་། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་འགོག་པར་བྱ་མིན་ཏེ།།འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ།།བདེན་པར་རྟོག་པ་དགག་བྱ་ཡིན།།ཞེས་གསུངས་པ་འདི་དྲངས་ནས་སྣང་བ་དགག་བྱ་མིན་པར་གསལ་བར་གསུངས་སོ།།

མི་ཕམ་རིན་པོ་ཆེས་སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོ་ཉིད་གསུངས་ཀྱི། སྣང་བ་བདེན་གྲུབ་ཡིན་ཚུལ་གསུངས་པ་ཞིག་དེསྔར་མ་མཇལ་ཅིང་། གལ་ཏེ་གསུངས་ཡོད་ན་སྟོན་རིགས་སོ།།ཁོང་ཚང་ནས་མི་ཕམ་རིན་པོ་ཆེས་བསྡུས་གྲྭ་དགག་པ་མཛད་ཚུལ་གསུངས་པ་ནི་མ་བརྟགས་ཉམས་དགའི་གསུང་སྟེ། ཁོང་གིས་དོན་རྣམ་ངེས་དང་། རྣམ་འགྲེལ་ཊཱིཀྐ་སོགས་སུ་བསྡུས་གྲྭའི་རིགས་པ་མང་དུ་བཀོལ་བཞིན་དུ་དགག་བྱ་མཛད་མི་རིགས་པའི་ཕྱིར་དང་། གཞན་ཡང་ཁོང་གི་དགག་ལན་རྣམ་གསུམ་དང་། ངེས་ཤེས་སྒྲོན་མེ་སོགས་སུ་རིགས་པ་ཉིད་གཙོ་ཆེ་བ་ལས་ལུང་རྣམས་ནི་རིགས་པ་ཉིད་ལ་ལྟོས་ནས་གང་ལྟར་འགྲེལ་ཡང་ཆོག་པར་གསུངས་པས་ན། བསྡུས་གྲྭའི་ཚིག་འཁྲི་འགའ་ཞིག་ལ་ཟུར་ཟའི་གསུང་རེ་གཉིས་ཡོད་པ་ཙམ་གྱིས་སྦྱང་བ་ལ་དགག་བྱ་མཛད་དོ་ཞེས་གསུངས་ན་ཧ་ཅང་ཐལ་བར་མི་འགྱུར་གྲང་།

མཁན་ཆེན་ཁོང་གིས་བསྡུས་གྲྭ་མི་དགོས་གསུངས་པའི་རྩ་བ་ཐུག་ས་ནི་ཐ་སྙད་ཚད་མ་མི་འདོད་པ་དང་གདམས་ངག་གམ་བླ་མའི་མན་ངག་ཁོ་ནར་བརྟེན་པ་ལས་རིགས་པ་ནི་རྟོག་གེ་ཡིན་པས་མི་དགོས་སོ་སྙམ་པ་འདི་ལ་ཐུག་པ་ཡིན་ནོ།། རྗེ་བདག་ཉིད་ཆེན་པོའི་ཡར་སྔོན་དུ་དབུ་མ་དང་ཕྱག་ཆེན། རྫོགས་ཆེན་གྱི་ཚུལ་སྨྲ་བ་འགའ་ཞིག་གིས་ཐ་སྙད་ཚད་མ་མི་འདོད་ལ། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་རྣམས་ཀྱིས་ཚུལ་དེ་ལ་དགག་པ་ནན་ཆེར་མཛད་པ་ལས། ཕྱིས་ཀྱི་གོ་རམས་པ་དང་མི་ཕམ་སོགས་ཀྱིས་ཐ་སྙད་ཚད་མ་འདོད་པའི་ཁུལ་མཛད་ལ། ཀརྨ་པ་བརྒྱད་པ་མི་བསྐྱོད་ཞབས་ཀྱིས་ཐ་སྙད་ཚད་མ་གཏན་ནས་མི་འདོད་པའི་ཕྱོགས་ནན་ཏན་གྱིས་བསྒྲུབས་སོ།། གང་ལྟར་ཡང་ཐ་སྙད་ཚད་མ་མི་འདོད་ན་ནི་མི་འདོད་པ་ཅུང་བཟང་སྟེ་རང་གིས་རང་སུན་འབྱིན་པའི་ནང་འགལ་གྱི་ཕུང་བོ་དེ་ཙམ་མི་ཆེའོ།།
གོ་རམས་པ་དང་མི་ཕམ་གཉིས་དང་ལྷག་པར་མི་ཕམ་རིན་པོ་ཆེས་ཚད་མའི་རྣམ་བཞག་བྱེད་སྟངས་ནི་ཆེས་ཡ་མཚན་པའི་གནས་ཤིག་སྟེ། ཁོང་གི་བཀའ་བརྒྱད་འགྲེལ་བ་དང་གསང་སྙིང་སྤྱི་དོན་འོད་གསལ་སྙིང་བོ་ལས་གསུངས་ཤིང་། དབུ་མ་རྒྱན་གྱི་འགྲེལ་ཆེན་སོགས་གཞན་ལས་དེ་ཙམ་མི་གསལ་ཡང་ཁོང་གི་དགོངས་པའི་ཕུགས་ནི་བཀའ་བརྒྱད་འགྲེལ་བ་སོགས་ལྟར་ཡིན་ལ། ཁོང་གི་སློབ་མ་བོད་སྤྲུལ་བསྟན་ཉིའི་ལྟ་གྲུབ་ཤན་འབྱེད་ལས་ཚུལ་དེ་གསལ་བར་བྱས་སོ།།

འོ་ན་མི་ཕམ་རིན་པོ་ཆེས་ཚད་མའི་རྣམ་བཞག་ཇི་ལྟར་བྱས་སམ་ཞེ་ན། ཚད་མ་ལ་རིམ་པ་གསུམ་བྱས་ཏེ། ཀུན་ཏུ་མ་དག་པའི་ཚད་མ་དང་། དག་བྱེད་ཚད་མ་དང་། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་བཅས་ཡིན། དེ་ཡང་ཚད་མ་སྔ་མ་སྔ་མའི་ཡུལ་ཉིད་ཚད་མ་ཕྱི་མ་ཕྱི་མས་སུན་འབྱིན་པར་འདོད་དེ། དཔེར་ན་ང་རང་ཚོ་སོ་སྐྱེས་རང་དགའ་བའི་རྒྱུད་ཀྱི་བུམ་འཛིན་ཚད་མ་དང་བུམ་པ་ཡོད་པར་རྟོགས་པའི་ཚད་མ་སོགས་ནི་ཀུན་ཏུ་མ་དག་པའི་ཚད་མ་ཡིན་་ཏེ། དེ་དག་གིས་བུམ་སོགས་ལྷ་ཡིན་པར་མི་རྟོགས་པས་སོ།། དག་བྱེད་ཚད་མས་ནི་བུམ་སོགས་མ་དག་པ་ཡིན་པར་སུན་ཕྱུང་ནས་དག་པ་ལྷའི་འཁོར་ལོ་ཡིན་པར་རྟོགས་ལ། ཡང་དོན་དཔྱོད་ཚད་མས་ནི་དེ་གཉིས་ཀ་སུན་ཕྱུང་སྟེ། བུམ་པ་ཡིན་པ་དང་ལྷ་ཡིན་པ་དང་བུམ་སོགས་ཡོད་པ་སུན་ཕྱུང་ནས་ཡོད་པ་མ་ཡིན་པར་རྟོགས་པས་སོ་གསུངས་ཤིང་། དེའི་དཔེར་མཁྲིས་ནད་ཅན་གྱི་ངོར་དུང་དཀར་སེར་བོར་སྣང་ཞིང་བདེན་ལ། དུང་དཀར་དཀར་བོར་འཛིན་པའི་ཚད་མས་དུང་སེར་བོ་སུན་ཕྱུང་ནས་དུང་དཀར་དཀར་བོར་སྣང་ཞིང་བདེན་པ་དང་། ཡང་དོན་དཔྱོད་ཚད་མས་དེ་གཉིས་ཀ་ཕྱུང་ནས་ཡོད་པ་མ་ཡིན་པར་འཛིན་པ་ལྟར་རོ།།

རྣམ་བཞག་འདི་ལྟར་བྱས་པ་ནི་གདོན་མི་ཟ་བར་རོང་ཟོམ་གྱི་ཐེག་ཆེན་ཚུལ་འཇུག་དང་སྣང་བ་ལྷ་སྒྲུབ་སོགས་ཀྱི་ཚིག་ཟིན་ཙམ་ལ་འཁྲུལ་ཏེ་དེ་དག་གི་དགོངས་པ་ཡིན་རྒྱུ་བ་བྱས་མོད། དེ་དག་གི་དགོངས་པའི་ཕྱོགས་ཙམ་ལ་ཡང་སོང་མེད་དོ།།འདི་ལྟ་བུའི་ཚད་མའི་རྣམ་བཞག་ནི་འཕགས་ཡུལ་གྱི་ཕྱི་ནང་གཉིས་ཀར་བྱུང་མྱོང་མེད་ལ། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཞན་སུས་ཀྱང་མ་གསུངས་སོ།།
འདི་ནི་ཤིན་ཏུ་ནས་འཐད་་དཀའ་བ་ཞིག་སྟེ། གཞི་གཅིག་ཉིད་ཚད་མ་གཅིག་གིས་ཡོད་པར་རྟོགས། ཚད་མ་གཞན་ཞིག་གིས་ཡོད་པ་མིན་པར་རྟོགས་པ་དང་། གཞི་གཅིག་ཉིད་ཚད་མ་གཅིག་གིས་ལྷ་ཡིན་པར་རྟོགས། ཚད་མ་གཞན་ཞིག་གིས་ལྷ་མ་ཡིན་པར་འཁོར་བ་ཡིན་པར་རྟོགས་པ་སྟེ་འགལ་བ་ལ་མི་འཁྲུལ་བའི་ཚད་མ་དངོས་སུ་ཁས་ལེན་པ་འདི་ལྟ་བུ་ནི་ཤར་ནུབ་ཀྱི་མཚན་ཉིད་རིག་པ་སྨྲ་བ་སྤྱིའི་ལུགས་དང་འགལ་བར་སེམས་པས་སོ།།

དེང་བོད་ཀྱི་མཚན་ཉིད་རིག་པ་སྤྱི་དང་ལྷག་པར་དབུ་ཚད་ཀྱི་རིགས་པ་ལ་ཤར་ནུབ་ཀྱི་མཁས་པའི་ཡང་རྩེར་གྲགས་པ་དག་གིས་བསྔགས་བརྗོད་ཧ་ཅང་ཆེན་པོ་གནང་བཞིན་པར་རྒྱལ་དབང་མཆོག་སོགས་ཀྱིས་ཡང་ཡང་གསུང་བཞིན་དུ། འཇར་པན་གྱི་ཞིབ་འཇུག་པ་དག་་ནི་ང་ཚོའི་དགེ་བཤེས་སོགས་ལས་ལྷག་ཚུལ་དང་། འཕགས་བོད་རྒྱ་སོགས་སྔོན་གྱི་མཁས་གྲུབ་ཚོས་ཚད་མ་རིག་པར་མ་སྦྱངས་ཀྱང་མཁས་པར་གྱུར་ཚུལ་གསུངས་པ་སོགས་ནི་ལྡེམ་དགོངས་ཤིག་ཡིན་ན་ནི་དེར་ཟད་ལ། དེ་མིན་མཁས་པ་ཆེན་པོ་ཕར་བཞག རིགས་སྨྲ་གསར་བུ་དག་ཀྱང་གད་མོ་སློང་བའི་རྒྱུ་ཁོ་ནར་ཟད་དེ། ཡིན་ལོག་མིན་ལོག་དང་། དྲུག་སྒྲ་རྩི་བ་དང་། རྫས་ལྡོག་གི་རིགས་པ་སོགས་ནི་རྩོད་གྲྭ་བ་གསར་བུ་དག་ལ་བློ་སྒོ་འབྱེད་པའི་ལྡེ་མིག་མཆོག་ཏུ་གྱུར་པས། གདན་སའི་དགེ་བཤེས་འགའ་ཞིག་ལ་བསྡུས་གྲྭ་བ་དག་གིས་རིགས་འཕྲུལ་བརྩེས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པ་རབས་དང་རིམ་པ་འཐོན་བཞིན་ཡོད།

སྔོན་གྱི་མཁས་གྲུབ་ཚོས་བསྡུས་གྲྭ་མ་སྦྱངས་གསུངས་པ་ཁྱབ་པ་མ་ངེས་ཤིང་། ཕྱ་བ་ཆོས་སེང་གིས་བསྡུས་གྲྭ་གསར་བཏོད་མཛད་པ་ནས་དེར་སྦྱངས་པའི་མཁས་པ་རྣམས་མཁས་པ་སྔ་མ་དག་ལས་ཚིག་དོན་གྱི་ཆ་ལ་ཞིབ་ཆ་ཧ་ཅང་ཆེ་བ་དང་རིགས་པ་རྣོ་བར་བྱུང་ཡོད་པ་མངོན་སུམ་དུ་མཐོང་ཐུབ་ལ། བོད་རང་གི་དབུ་ཕར་མཛོད་འདུལ་་གྱི་འགྲེལ་བ་ཕལ་ཆེ་བ་བསྡུས་གྲྭའི་རིགས་པ་དར་ནས་བྱུང་ཡོད་པའི་རྒྱུ་མཚན་ཡང་། བོད་དུ་བསྡུས་གྲྭའི་རིགས་ལམ་དར་འཕེལ་བྱུང་བ་དེས་ཚད་མ་རིག་པའི་དར་འཕེལ་གྱི་ཁ་ཕྱོགས་གསར་བ་ཞིག་ལ་སྐུལ་འདེད་བྱས་ཤིང་། ཤུགས་རྐྱེན་དེའི་འོག་དབུ་ཕར་མཛོད་འདུལ་སོགས་མདོ་ཕྱོགས་དང་། གསང་སྔགས་ཕྱོགས་བཅས་ཀྱི་མཐའ་དཔྱོདརིག་པའམ་དགག་སྒྲུབ་རིག་པ་གོང་འཕེལ་ལ་མཐོ་རླབས་ཤིག་འཕྱུར་ཐུབ་པ་བྱུང་བ་ཡིན་ཏེ། ས་པཎ་གྱི་ཚད་མ་རིགས་གཏེར་སོགས་ཀྱང་བསྡུས་གྲྭའི་རིགས་ལམ་དར་ནས་བྱུང་བར་མ་ཟད། དེའི་ནང་གི་གཞུང་གི་ལེའུ་དང་ས་བཅད་བགོ་སྟངས་ཚུན་ཆད་བསྡུས་གྲྭའི་ས་བཅད་དང་མཐུན་པར་མཛད་པ་དེས་ཤེས་ནུས།

དེང་གི་དབུས་ཀྱི་གདན་ས་གསུམ་མ་བྱུང་བའི་སྔོན་དུ་གསང་ཕུ་གདན་ས་ནི་བོད་ཀྱི་ནཱ་ལེནྡྲ་ཞེས་འབོད་པ་དོན་ལ་གནས་ཤིང་། འདིར་ཕྱ་བ་ཆོས་སེང་དྲིན་ལས་བསྡུས་གྲྭའི་རིགས་ལམ་ཆེས་ཆེར་འཕེལ་བ་ཡིན་ལ། ད་ལྟའི་གདན་ས་གསུམ་མ་བྱུང་སྔོན་དུ་བོད་ཀྱི་མཁས་པ་ཕལ་མོ་ཆེ་གསང་ཕུ་དགེ་བཤེས་ཤིག་དགེ་རྒན་དུ་མ་བསྟེན་པ་ཤིན་ཏུ་དཀོན་ཞིང་། རྙིང་མའི་ཀུན་མཁྱེན་ཀློང་ཆེན་སོགས་དང་། ས་སྐྱའི་རོང་སྟོན་སོགས་མཁས་གྲུབ་དེ་ཙམ་མང་བོ་ཞིག་གསང་ཕུ་རང་གི་མཁས་པ་ཡིན་པས། དེ་དག་གི་གསུང་ལ་ལྟོས་དང་དགག་སྒྲུབ་མཛད་སྟངས་བསྡུས་གྲྭའི་རིགས་པ་རྐྱང་ཡིན་པས་བསྡུས་གྲྭ་མི་དགོས་ཟེར་བ་མཁས་པའི་གོ་སར་བཞུགས་ནས་མཁས་པའི་ཞབས་དྲངས་པ་ཞིག་མིན་ནམ།

སྤྱིར་བསྡུས་གྲྭའི་ལྟ་གྲུབ་ནང་མ་ཁས་པ་སོ་སོའི་ལྟ་ཚུལ་དང་མཐུན་མི་མཐུན་ཡོད་པ་ནི་བསྡུས་གྲྭ་ཁོ་ནའི་ཁྱད་ཆོས་ཤིག་མིན་པར་བསྟན་བཅོས་ཡོད་དོ་ཅོག་ལ་ཡོད་པས། རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་པ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་བསྡུས་གྲྭ་དགོས་མཁོ་མེད་པར་བཤད་པ་ནི་བློ་རྒྱ་ཧ་ཅང་ཆུང་དྲགས་པ་ཞིག་རེད། བསྡུས་གྲྭའི་རིགས་པ་ལ་བརྟེན་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་རྟོགས་མི་ནུས་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ན་ནི། རྣམ་གྲངས་མིན་པའི་དོན་དམ་ནི་དབུ་མའི་རིགས་པ་གཅིག་དུ་བྲལ་དང་རྟེན་འབྲེལ་གྱི་རིགས་པ་སོགས་ལ་བརྟེན་ནས་ཀྱང་རྟོགས་མི་ནུས་པར་མི་ཕམ་རིན་པོ་ཆེས་ཡང་ཡང་གསུངས་པས་ན། བསྡུས་གྲྭའམ་ཚད་མའི་རིགས་པ་མ་ཟད་དབུ་མའི་རིགས་པ་རྣམས་ཀྱང་སྦྱང་བྱ་མ་ཡིན་པར་འགྱུར་བས་སླད་གསུང་འདི་ལྟ་བུ་མི་འབྱོན་པར་ཞུའོ།།
མདོར་ན་བསྡུས་གྲྭ་ནི་དབུ་ཚད་ཀྱི་རིགས་པའི་སྙིང་བོ་བསྡུས་པ་ཞིག་ཡིན་པར་མ་ཟད། མངོན་པ་མཛོད་ཀྱི་རིགས་པ་མང་བོ་ཞིག་ཀྱང་ཕྱོགས་བསྡུས་མཛད་ཡོད་པས། གཞུང་ལུགས་ཆེན་མོར་སྦྱང་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ་ངེས་པར་སྦྱང་དགོས་པ་ཡིན་ནོ་ཞེས་ཤེས་པར་བྱའོ།།

དཔྱད་རྩོམ།

Post navigation

Previous Post: དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།
Next Post: འགལ་འདུའི་ཀློང་གི་བོད།

Comments (11) on “བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།”

  1. འོད་ཀྱི་གླང་པོ། says:
    2016-02-03 at 11:19 am

    ཀྱེ། ཐེ་བོ་བ་དབྱངས་ཅན་ལགས། ཁྱེད་ཚུལ་ཁྲིམས་བློ་གྲོས་ཁོང་བསྡུས་གྲྭའི་རིགས་ལམ་ལ་ཆ་རྒྱུས་མེད་པས་ཁག་མེད་སྙམ་པ་དང་ཁོང་རྩོམ་ཡོངས་རྫོགས་དཔྱད་པ་མེད་པར་བྱེ་ཕུང་ལྟར་གྱུར་འདུག་ཅེས་པ་དེ་དག་ཧ་ཅང་ཐལ་དྲག་པ་མིན་ནམ། མཁས་དབང་ཁོང་ལྟ་བུ་རྟོག་གེའི་གཞུང་ཕྲན་ཞིག་མ་ཤེས་པ་ཨེ་ཡིན། ཁྱེད་ཀྱི་གཏམ་འགོ་བཙུགས་པ་ནས་ཆགས་སྡང་ཕྱོགས་རིས་ཀྱིས་འགོ་བཙུགས་པ་དེས་ཁྱེད་ཀྱི་རྩོམ་ཡིག་ཡོངས་རྫོགས་དུག་རྩོམ་དུ་སོང་བར་འདུག་ལ། འདི་ཀློག་ཚད་ཀྱི་བློར་ཁྱེད་གཟུ་བོར་གནས་པའི་མི་ཞིག་མིན་པར་ཐག་ཆོད། ཡང་ཀླུ་སྒྲུབ་དགོངས་རྒྱན་གྱི་རང་མདོག་མ་ལོག་པར་ཞེས་དང་། སྣང་བ་བདེན་གྲུབ་ཡིན་ཚུལ་བཤད་དེ་ཞེས་པ་དག་གིས་གཞུང་ལུགས་རིས་མེད་ལ་སྦྱངས་པ་ཞིག་ཡིན་ཁྱེད་ཀྱི་ཧམ་བཤད་ཀྱི་དྲི་ངན་མཐའ་དག་བདེ་བླག་ཏུ་རྟོགས་ནུས། སླད་ནས་ཁོང་གི་གསུང་གི་དགོངས་པ་དགོངས་གཞི་དེ་ཚོ་མ་ཤེས་བར་སྤྱི་ཚོགས་དཀྲུགས་པའི་གཏམ་འདི་དག་མ་སྤེལ་རོགས།

  2. ཐུབ་བསྟན་དཔལ་བཟང་། says:
    2016-02-03 at 2:55 pm

    ཁམས་བཟང་།
    བསྡུས་གྲྭ་དགོས་མིན་སྐོར་ལ་ཡིན་པ་འདྲ།
    དེང་སང་འདིར་ཆོས་ལུགས་སློབ་གཉེར་བ་རྣམས་ལ་་་་དཀའ་ཚེགས་་ཅིག་ཕྲད་འདུག་མོད། ལེགས་པར་བསམས་ན་འདི་ལ་དཀའ་ལས་གང་ཡང་མེད་་་་་་ཇི་ལྟར་ཞེ་ན་་་་་་རི་བོ་དགེ་ལྡན་པའི་གཙོ་བོ་དབུ་ཚད་ཀྱི་དགོངས་གཞི་དང་དེ་རྗེའི་སྔགས་ཕྱོགས་ལྟར་གོ་བ་རྒྱུས་ལོན་དང་ལག་བསྟར་རྒྱས་པར་གནང་འདོད་ན་་་་་ངེས་པར་རིགས་ལམ་བསྡུས་གྲྭའི་ཚུལ་སྦྱོང་དགོས་པ་འདུག་ལ་་་་་་ས་རྙིང་བཀའ་གསུམ་གྱི་མདོ་སྔགས་ཟབ་ཆོས་ལ་མཐར་ཕྱིན་པའི་སྦྱངས་བཤད་ཉམས་ལེན་གནང་བར་་་་་་ད་ལྟའི་བསྡུས་གྲྭའི་སྲོལ་འདི་ངེས་པར་དགོས་པ་གཏན་ནས་མེད་ཅིང་་་་་་་རབ་བྱུང་ན་ལས་དང་པོ་བ་ལ་་་་་་རིགས་ལམ་བཙུགས་པར་སྤྲོ་ན་་་་་་དགེ་ལྡན་པའི་བསྡུས་གྲྭ་འདི་མིན་པ་་་་་ས་པཎ་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་་མི་ཕམ་གྱི་ཚད་མ་བཅས་ཀྱི་གོ་བ་ལེན་ཕྱོགས་དང་བརྡ་ཆད་སྤྱོད་ཚུལ་དང་འཐུན་པའི་རིགས་ལམ་བཙུགས་ན་་་་་་་ཤིན་ཏུ་ཕན་ལ་་་་ད་ལྟའི་དགེ་ལྡན་ཕྱོགས་ཀྱི་བསྡུས་གྲྭས་་་་་ས་རྙིང་བཀའ་གསུམ་གྱི་མདོ་སྔགས་གཞུང་ལུགས་ཀྱི་གོ་བར་ནམ་ཡང་གནད་ཁེལ་ཕན་ཐོགས་མེད་པ་་་་་དཔེ་བལྟས་ཙམ་མིན་པར་བླ་གོང་མའི་ཕྱག་སྲོལ་མ་ཉམས་པར་འཛིན་པའི་གམ་དུ་གཞུང་གི་བབ་བསྒྲིགས་ཏེ་འདྲིས་པར་བྱས་ནས་བལྟས་ན་གསལ་བར་གྱུར་བ་ས་རྙིང་བཀའ་གསུམ་གྱི་གཞུང་ལུགས་རབ་འབྱམས་པ་རྣམས་ལ་ཞུ་མི་དགོས་པར་མཁྱེན་གསལ་ལྟར་ཡིན།
    ཡང་ཀུན་མཁྱེན་གོ་རམས་པ་དང་བླ་མ་མི་ཕམ་པས་ཐ་སྙད་ཚད་གྲུབ་ཞལ་བཞེས་མཛད་པར་གསུངས་པ་ནི་རྦད་དེ་ཧམ་བཤད་རེད་འདུག་་་་་་ཀུན་མཁྱེན་གོ་རམས་པའི་གསུང་འབུམ་པོད་ཆེན་བཅུ་གསུམ་ཡོད་པ་ཚང་མ་ཁོ་བོས་རང་གི་བླ་མ་དམ་པའི་དྲུང་དུ་རྫོགས་པར་ཞུས་པས་་་་་ཐ་སྙད་ཚད་གྲུབ་ཞལ་བཞེས་མཛད་པ་གཏན་ནས་མེད་ལ་་་་དཔལ་ས་སྐྱའི་གཞུང་ལུགས་སྦྱང་བཤད་པ་ཀུན་ལ་ད་བར་གྲགས་མེད།
    སྣང་བ་དགག་བྱའི་སྐོར་དཔེ་བལྟས་ཟུར་ཙམ་གྱིས་ཀུན་མཁྱེན་རོང་ཀློང་སོགས་རྗེའི་དགོངས་པར་དྲུད་ཐབས་བྱས་འདུག་ཀྱང་་་་སྔ་འགྱུར་བ་ཀུན་ལ་མ་གྲགས་ཤིང་་་་་་ཆོས་ལུགས་ཐམས་ཅད་རྗེ་རིན་པོ་ཆེའི་གཞུང་ལུགས་ཀྱི་བབ་དང་མ་འཐུན་ན་་་་་་མི་རུང་སྙམ་པའི་་་་་་་ར་སྒོར་གཅིག་ཏུ་ཐོམ་པའི་ཐག་གཅོད་དེ་ནི་་་་་་་རང་ཉིད་ཀྱི་གནས་ཚད་ཁྱབ་བསྒྲགས་བྱས་པ་ཙམ་དུ་ཟད་དོ།

    དེས་ན་་་་་་་་དབུ་ཐལ་འགྱུར་བའི་ལུགས་གཞིར་བཞག་་་་་རྗེ་བདག་ཉིད་ཆེན་པོའི་ལུགས་ལ་་་་་་་སྣང་བ་ཀུན་རྫོབ་ཀྱི་བདེན་པ་འདི་དག་རིགས་པའི་དགག་བྱ་མ་ཡིན་པ་ཁྱབ་་་་འདིར་རྗེའི་ལྷག་མཐོང་ཆེན་མོ་ལས་་་་་དགག་བྱ་དེ་ནི་མེད་པ་ཞིག་དགོས་ཏེ་་་་་ཞེས་སོགས་ཀྱི་ལུང་འདྲེན་མཛོད་་་་་་་ས་རྙིང་བཀའ་གསུམ་གྱི་ལུགས་ལ་་་་སྣང་བ་ཐམས་ཅད་རིགས་པའི་དགག་བྱ་ཡིན་པས་ཁྱབ་་་་་་་འདིའི་སྐབས་་་་་་་་གོ་རམས་པའི་དབུ་མ་སྤྱི་དོན་་་་་མི་ཕམ་པའི་ངེས་ཤེས་སྒྲོན་མེ་་་་་དྭགས་བརྒྱུད་གྲུབ་ཤིང་སོགས་དང་གཞན་མན་སྔ་རབས་མན་ངག་གི་རྒྱན་ཡང་ཆོག།
    དེ་ཙམ་ཡིན་་་་་་་་ཆོས་ལུགས་ཐམས་ཅད་རང་རང་གི་ཆོས་ལ་རང་རང་རྒྱུས་ཟབ་པས་་་དཔེ་ཀློག་ཙམ་གྱིས་ཐག་གཅོད་མ་སྔ་ཞིག།
    སླར་ཡང་ཁམས་བཟང་།

  3. ལོ་ཡག says:
    2016-02-05 at 10:16 pm

    ཐེ་བོ། ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་འདུག་ག གལ་སྲིད་མཁན་པོ་ཁོང་གིས་བསྡུས་གྲྭ་དགག་ཡོད་ན་དུས་ནམ་དང་། ས་ཆ་གར། ལུག་རིགས་ཇི་ལྟ་བུས། སྨྲོས་ཤིག སྟོན་ཅིག
    ཁྱོད་ལྟ་བུས་ནི་ཚིག་སྣེ་དམ་དུམ་རེ་ཡས་བསྒྲུགས་མས་བསྒྲིགས་བྱེད་སྲིད་མོད། དེ་འདྲ་དེ་ནི་རྒྱ་གུང་ཁྲན་གྱི་རྐྱེན་སློང་ལུགས་དང་མི་མང་མགོ་སྐོར་ལུགས་རེད། སྐབས་ཐོབ་དགོས་དབང་གིས་གསུངས་པའི་གསུང་ཐར་ཐོར་རེ་ཡིས་ལྕེ་བརྒྱ་གཅིག་གཅོད་བྱེད་ན་ནི། ཇོ་བོ་རྗེའི་ལྗགས་ཀྱང་གཅོད་འོས་ཏེ། ལམ་རིམ་གྱི་སྐབས་ན། མངོན་སུམ་རྗེས་དཔག་ཤེས་པའི་དགོས་པ་མེད། །ཕྱི་རོལ་མུ་སྟེགས་ཐམས་ཅད་འདུལ་བྱེད་ཡིན།། ཞེས་གསུངས་པས་སོ།།
    དེ་མིན་མཁན་ཆེན་གྱི་སྔ་ཕྱི་བར་གསུམ་དུ་བསྡུས་གྲྭར་དགག་པའི་བཞེད་གཞུང་ངེས་གཏན་ཞིག་ཡོད་ན་ནི་སྟོན་ཅིག་དང་། ཁྱོད་དུ་མ་ཟད་ང་ཚོ་ཚང་མས་དགག་ཆོག གཞན་དུ་རྩེད་མོ་རྩེ་སྙིང་བྲོ་སྟེ། ས་འབེན་རང་གིས་བཟོས་ཤིང་རྩྭ་་མདའ་ཡང་ཡང་འཕེན་པ་དང་མཚུངས་ཏེ། བྱིས་པའི་ལས་སོ།།

    གཞན་ཡང་། སྣང་པ་འདི་དགག་དགོས་པར་བཤད་པ་ནི། སྣང་བ་གཏན་མེད་དམ་སྣང་མེད་དུ་སྒྲུབ་པ་མིན་པར། སྣང་བ་རང་ངོས་ནས་གྲུབ་པ་དགག་པའི་དོན་དུ་གོ་དགོས་ཏེ། ལྕང་སྐྱས་ཀྱང་། སྣང་བ་ལྷང་ལྷང་པོ་འདི་རང་སོར་བཞག་སྟེ། །དགག་རྒྱུ་རྭ་ཅན་ཞིག་དགག་པར་འདུག་སྟེ།།ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ།།ཞེས་གསུངས་པ་སོགས་ཀྱིས་གོ། དེ་བཞིན། བདུད་འཇོམས་ཆེན་པོས་ཀྱང་། དགོས་པ་ཆེན་པོས་སྣང་འཆང་ཞེས་གསུང་གི་ཡོད་པར། རྟོག་གེ་བ་འགས་སྣང་འཆང་མ་རེད་ཞེན་འཆིང་ཡིན་ཞེས་བརྩད་པའི་ལོ་རྒྱུས་ཡོད། འོན་ཀྱང་ང་ཚོའི་ཡིད་ཤེས་ནི་སྣང་བ་འདིས་བྲིད་དེ་འཁྱམས་སོང་པ་ལས། བདེན་གྲུབ་ཅིག་གིས་བྲིད་པ་ག་ལ་སྲིད། མི་སྲིད་དེ། མོ་གཤམ་གྱི་བུས་ནི་ང་ཚོ་ལ་ཕན་གནོད་ཅི་ཡང་བྱས་མ་མྱོང་བ་དང་འདྲའོ། །

    གྲོགས་པོ། རྣམ་མཁྱེན་བདེན་གྲུབ་གསུང་ཚད་ཆོས་ཀྱི་བདག་མེད་མི་འདོད་པའི་གྲས་སུ་ནམ་ཡང་འཇོག་མི་རུང་སྟེ། དེ་བདེན་གྲུབ་རྟག་བརྟན་ཐེར་ཟུག་སོགས་སུ་འདོད་མཁན་འཁོར་ལོ་ཕྱི་མ་རྩལ་འདོན་ལ་སྨྲ་བ་ཟླ་མེད་རྣམས་ཀྱིས་ནི་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་སྟོང་གི་སྐབས་ནས་བདེན་མེད་དུ་གཏན་ལ་ཕབ་ཟིན་པ་ཡིན་ཚུལ་མཁན་པོ་ཁོང་གི་གསུང་འབུམ་ན་མཇལ་རྒྱུ་འདུག

    གུས་པ་ནི་དགེ་ལྡན་པ་ཞིག་ཡིན་མོད། ཚུལ་བློའི་སྒྲ་སྡེར་མང་པོ་ཉན་མྱོངས་ལ། གསུང་འབུམ་ཕལ་མོ་ཆེ་བཀླགས་པ་ཡིན། བསྡུས་གྲྭ་དགོས་མེད་གསུང་མཁན་ཞིག་རྩ་ནས་མ་རེད། ཚད་མ་རིགས་གཏེར་རྩ་ཐོག་ནས་ཤ་ར་ར་འཁྲིད་དུས། ང་ནི་རྙིང་མའི་ཁྲོད་ན་འདི་འདྲ་བའང་འདུག་སྙམ་དུ་དད་པ་དབང་མེད་དུ་སྐྱེས། དེ་ལས་ལྡོག་སྟེ། ཁོང་གི་ཞལ་ནས། འདི་དང་འདིའི་ཟིན་མཚམས་རྣམས་ཡིད་ངོར་གསལ་ལྷང་ངེར་ཤར་བར་འདུག ཆོས་རར་རྟགས་གསལ་མང་དུ་བཏང་བའི་བཀའ་དྲིན་རེད་ཅེས། རྟགས་གསལ་དགེ་མཚན་ཆེ་ལུགས་ཀྱི་བཀའ་སློབ་ཅིག་གནང་སོང་བའང་དྲན་གི། གལ་སྲིད། ཁོང་ཚང་གིས་བསྡུས་གྲྭ་དགག་པའི་ཚིག་སྣེ་རེ་འགའ་བ་གསུང་ཡོད་ན་ནི། གསུང་ཡུལ་ནི་སྒྲུབ་པ་ཕོ་མོ་སྐོར་ཞིག་གམ། ཡང་ན་རྟོག་གེ་ཆོས་བྲེད་ཁ་ཆོས་སུ་ཤོར་བ་ཁ་ཅིག་གི་ངོ་སྐལ་ལ་ཡིན་ངེས་ཏེ། བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་ནས་བསྡུས་གྲྭ་ཕྱོགས་ཡོངས་ནས་དགག་པའི་བློ་ཆུང་དེ་འདྲ་གཏན་ནས་མ་རེད། ཡོད་ན་སྟོན་དང་། བལྟ་སྙིང་བྲོ།

    མདོ་དོན། སྔོན་དུ་ཕྱོགས་སྔ་ཆ་ཚང་བ་ཞིག་རྟོགས་པར་བྱོས་ཤིག

  4. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:30 am

    ་་་་་་་་་ མཁན་ཆེན་ཁོང་གིས་བསྡུས་གྲྭ་མི་དགོས་གསུངས་པའི་རྩ་བ་ཐུག་ས་ནི་ཐ་སྙད་ཚད་མ་མི་འདོད་པ་དང་གདམས་ངག་གམ་བླ་མའི་མན་ངག་ཁོ་ནར་བརྟེན་པ་ལས་རིགས་པ་ནི་རྟོག་གེ་ཡིན་པས་མི་དགོས་སོ་སྙམ་པ་འདི་ལ་ཐུག་པ་ཡིན་ནོ།། ་་་་་་་་་ ཟེར།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:34 am

    ་་་་་་་་་་ ཐེ་བོ་བ་དབྱངས་ཅན་རིག་པའི་འདོད་འཇོ།
    དེ་རིང་གློ་བུར་དུ་དྲ་གྲོགས་ཤིག་གིས་གསེར་རྟ་བླ་རུང་གི་མཁན་ཆེན་ཚུལ་བློ་ཚང་གི་གསུང་ཡིན་ཟེར་བའི་དུམ་བུ་ཞིག་བསྐུར་བྱུང་། གསུང་དུམ་བུ་དེའི་ནང་དོན་ནི་བསྡུས་གྲྭ་དགོས་མཁོ་མེད་པའི་སྐོར་རེད་འདུག དེ་ལ་ང་ཧང་སངས་མ་བྱུང་། རྒྱུ་མཚན་ནི་ཁོང་བསྡུས་གྲྭའི་རིགས་ལམ་ལ་ཆ་རྒྱུས་མེད་པས་ཁག་མེད་སྙམ། ་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:36 am

    སྔར་གྱི་གཏམ་དཔེའིཅིག་གི་ནང་ལ། ཨ་ནིའི་ཁོག་པ་ལ། བཟང་སྤྱོད་མི་གཤོངས་ཟེར་བ་ལྟར། དེང་གི་མཁན་པོའི་ཁོག་པ་ལ། མཚན་ཉིད་རིགས་པ་མི་གཤོངས་ཞེས་པ་སྦྱར་འོས་པ་འདྲ། ཧ་ཧ།། །།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:39 am

    མདང་ངའི་སྨིན་ལམ་དུ་མི་གཞན་ལ། བསྡུས་གྲྭ་སློབ་འཁྲིད་བྱས་པ་ཅིག་རྨིས་བྱུང་། ཁྱད་མཚར་འདི་རིང་ང་གཞན་ལ། ཅུང་ཟད་ཁྲོ་བཞིན་པ་འདི། ཅིས་ལན་པ་ཡིན་ནམ། ཨ་ཁ། ཁ་སྡིག་བསགས་ཚར་སོང་། ཐོལ་ལོ་བཤགས།། །།

  8. དྲི་མེད་ལྷག་བསམ། says:
    2016-02-06 at 1:59 am

    འགའ་ཞིག་གིས། ༼ཚུལ་ཁྲིམས་བློ་གྲོས་ཁོང་བསྡུས་གྲྭའི་རིགས་ལམ་ལ་ཆ་རྒྱུས་མེད་པས་ཁག་མེད་སྙམ་པ་དང་ཁོང་རྩོམ་ཡོངས་རྫོགས་དཔྱད་པ་མེད་པར་བྱེ་ཕུང་ལྟར་གྱུར་འདུག ཟེར།༽ ༡༽རིགས་ལམ་ལ་རྒྱུས་མེད་པ་རྫུན་དུ་གྲུབ་ཏེ། ཚད་མ་རྣམ་འགྲེལ་མཆན་དང་བཅས་པ། རིག་གཏེར་འགྲེལ་བ་དང་བཅས་པ་བློ་ནས་ཤར་རེ་སོང་ནས་སློབ་ཁྲིད་གནང་ཐུབ་མཁན་ཁོང་ལྟ་བུ་བོད་གངས་ཅན་ན་མང་པོ་མེད། གསུང་ལ་དཔྱད་པར་བྱས་ན་བྱེ་ཕུང་ལྟར་འཇིག་ཟེར་བ་སྲིད་དེ། ཐ་སྙད་ཀྱི་ཚིག་ཡིན་ཕྱིན་འདུས་བྱས་ཡིན་པས་སྒོ་ཀུན་ནས་དཔྱད་བཟོད་པ་འགའ་ཡང་མེད་དེ། རྒྱལ་ཚབ་རྗེའི་རིགས་ཆེན་རིགས་པའི་རྒྱ་མཚོ་ལས། འདུ་བྱེད་ཐམས་ཅད་སྐྱེ་ཞིང་འཇིག་པའི་ཕྱིར། དངོས་པོའི་སྟོབས་ཤུགས་རིགས་པ་ལ་བརྟེན་ནས། །གསལ་ལ་མ་འདྲེས་གོ་སླའི་གག་གིས་བཤད། །ཅེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས། །གཞན་ཡང་བསྡུས་པའི་རིགས་པ་ལ། །དཔྱད་ན་ཐོག་མཐའ་མི་རྙེད་ཅིང་། །དབུས་སུ་གནས་པར་མི་འགྱུར་ཏེ། །ཁས་བླངས་ཐམས་ཅད་འཇིག་པར་འགྱུར། ཅེས་པ་ལྟར་རོ། །གཏན་ནས་མི་འགྱུར་པའི་གཏན་ཚིག་ཅིག་ཡོད་ན་དངོས་པོའི་ཆོས་ཉིད་སྟོང་ཉིད་དུ་ཅི་ལྟར་སྒྲུབས། ༢༽མཁན་ཆེན་མཆོག་གིས་ཚད་མ་མི་དགོས་ནམ་ཡང་ཡང་གསུངས་མེད། ཐོག་མར་སློབ་སྦྱོང་བྱེད་སྐབས་བསྡུས་གྲྭ་ཡང་བློ་སྒོ་འབྱེད་པར་དགོས་གསུངས་འདུག བསྡུས་གྲྭ་གཙོ་བོ་བྱས་ནས་རང་རྒྱལ་གཞན་ཕན་གྱི་ལག་ཆ་མ་བྱེད་གསུངས་འདུག ཡིད་མི་ཆེས་ན་ཁོང་གི་གསུངས་པའི་ཚད་མ་རིགས་གཏེར་སྒྲ་ཐག་ལ་ཉོན། ཞིབ་འཇུག་གསལ་བོ་གྱིས་ལ་དགག་པ་མཛོད། ༣༽ཐ་སྙད་ཚད་གྲུབ་རོང་ཀློང་རྣམ་གཉིས། མི་ཕམ་བཅས་པས་མི་འདོད། རེ་ཞིག་སྣང་ཕྱོགས་གཙོ་བོར་འདོན་པ་དང་། གཞན་ངོར་ཐ་སྙད་ཚད་གྲུབ་འདོད་པ་ཡིན། རེ་ཞིག་འདོད་ཚུལ་འཇིག་རྟེན་གྲགས་པའི་ཁས་ལེན་དེ་རྗེའི་རིང་ལུགས་དང་འགལ་བ་མེད་སྙམ། ། ཐ་སྙད་ཚད་མ་འདོད་མི་འདོད་ཚིག་གི་སྒོ་ནས་དཔྱད་པ་བྱེད་ཚུལ་ཙམ་ལས་དོན་དུ་གཉིས་ཀའི་འདོད་པ་གཅིག་རུ་འགྱུར་ཟེར་མཁན་ཡང་ཡོད། རང་གིས་འདོད་པ་ཡང་དེ་ཡིན། རྡོ་སྦས་ཤེས་རབ་ཀྱི་རང་ལུགས་བཞག་པ། དབུ་མའི་གཏམ་ལྟ་བའི་འོད་འབྱིན་ལས། རྣལ་འབྱོར་པའི་བློ་ཁྱད་བརྗོད་ལས་འདས། །ཚད་གྲུབ་ཏུ་དཔྱད་ན་བཟོད་མི་བཟོད། །བཏགས་པའི་དོན་བཙལ་ན་རྙེད་མི་རྙེད། །ཐལ་རང་གི་དགག་བྱའི་སྤུ་རིས་ལ། །སེམས་འཇུག་པ་ཤིན་ཏུ་ཕྲ་བ་གལ། །ཚིག་སེར་བུའི་སྤྱོད་སྟངས་ཅི་ཡང་རུང་། །མིང་ཙམ་གྱི་བདེན་རྫུན་དཔྱད་གཞིར་ཆུང་། །སྨྲ་བ་པོའི་བསམ་པའི་གནད་ལ་རག །སྒྲོས་ཐོད་གཏུག་ངལ་བ་ཚེགས་སུ་ཆེ། །ཞེས་པ་ལྟར་སྨྲ་བ་པོའི་བརྡ་སྤྲོད་ཐབས་དང་། ཕ་རོལ་པོའི་བསམ་བློ་གཏོང་ཚུལ་མཐུན་མིན་ཙམ་དེ། འགལ་བ་ཆེར་མེད་སྙམ་མོ། །

  9. དེ་ཕོ། says:
    2016-02-06 at 6:50 am

    རྒན་ལགས་ཕྱོགས་རིས་ཀྱི་གཏམ་མ་གླེང་། རིག་གཞུང་གི་ནང་སྙིང་སྟོང་པའི་བསྡུས་རིག་འདིས་མི་ཚེ་ཆུད་ཟོས་གཏོང་གི་ཡོད། བོད་གཞུང་གི་སློབ་གྲྭ་ཆེ་མ་ཆུང་གསུམ་༩༠ ལ་ཉེ་བ་ཡོད་སློབ་གྲྭ་རེ་རེའི་ནང་དུ་སློབ་མ་སྟོོང་ཕྲག་དུ་མ་ཡོད། དེ་དག་བཙུགས་ནས་དུས་རབས་ཕྱེད་ཀ་ཟིན་གྱི་ཡོད་ཀྱང་སློབ་གྲྭ་་དེ་དག་ལས་ཐོན་པའི་མཁས་པ་འདི་རེད་ཟེར་ནས་མཛུགས་མོ་བཙུགས་ས་རག་གི་མེད། དེ་དག་དགོས་མེད་ཀྱི་སློབ་ཚན་བསྡུས་གྲྭ་གཙོས་པའི་དེ་དག་གིས་ཉེ་ལེན་ཡིན་པར་ཧ་གོ་བ་གྱིས།

  10. བཀྲ་ཤིས། says:
    2016-02-06 at 9:23 am

    བདེན་པ་རེད། དགག་པ་ཚུལ་མཐུན་ཞིག་བྱུང་ན་མཁས་པ་རྣམས་སྤྲོ་བ་འཕེལ་དགོས་པ་ཡིན་ཀྱང། དོན་སྙིང་སྟོང་ཞིང་ཆགས་སྡང་གིས་ཀུན་ནས་སློང་པའི་ཚིགས་མཁྲི་རྐྱང་པའི་དགག་ཚུལ་དེ་ལ་གཟིགས་ནས་མཁན་ཆེན་མཆོག་ནས་བཏང་བསྙོམས་སུ་བཞག་ན་བཟང་གསུང་ཡིན་པ་འདྲ། མདོར་ན་མཁན་ཆེན་མཆོག་ལ་རྒོལ་མཁན་དེ་ཚོ་གཅིག་ནི་ཕྱོགས་རིས་རེད། གཉིས་ནི་ཚད་མ་གཉིས་ཀྱི་ཁྱད་པར་འབྱེད་མི་ཤེས་པ་དང། ལྷག་པར་དུ་བདེན་གཉིས་ཟུང་འཇུག་གམ་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་རྨོངས་པའི་རྟགས་ཙམ་དུ་ཟད་དོ།

  11. པདྨ says:
    2016-02-06 at 10:02 am

    ཀུན་མཁྱེན་གྱི་གསུངས་དེ་དུས་ཐོག་ཆར་པ་རེད། ངོས་ལ་མཚོན་ན་བསྡུས་གྲྭ་སྦྱོང་ནས་ང་རྒྱལ་ཆེན་པོ་ཆགས་སོང་། ཞེ་སྡང་དང་གཏི་མུག་ཇེ་མང་ཆགས་སོང་བས་ད་ནས་བཟུང་བསྡུས་གྲྭས་རིག་ལམ་མཚམས་བཞག་ནས་དག་སྣང་དེ་དད་གུས་རེ་ཨེ་འབྱོང་ལྟ་དགོས་བསམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme