Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།

Posted on 2016-02-032016-02-03 By ཁ་བརྡ 14 Comments on དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།

སྲོང་བཙན།

 
གཟིམ་ཤག་དགའ་ལྡན་ཕོ་བྲང་ནས་གཞུང་ས་དགའ་ཕོ་བྲང་དུ་འགྱུར་མྱོང་ཞིང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་ཕོ་བྲང་དུ་བསྒྱུར་བའི་བླ་བྲང་འདི་ལོ་རྒྱུས་ཡུན་རིང་ལྡན་པ་ཙམ་མ་ཟད། ཆོས་ཕྱོགས་ཀྱི་ནུས་ཤུགས་ཅན་དང་། ཆབ་སྲིད་ཀྱི་ཆེས་མཐོའི་འགན་དབང་ཡོད་པའི་དུས་སྐབས་རང་བཞིན་ལ་སླེབས་པ་ཞིག་ནས། འགན་དབང་ཆ་ཚང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ཏེ། བླ་བྲང་ཞིག་གིས་ཆེས་མཐོའི་ཆབ་སྲིད་ཀྱི་འགན་དབང་ལེན་རྒྱུ་མཚམས་འཇོག་བྱེད་པ་ཞིག་དེབ་ཐེར་ན་འཁོད་ཡོད་ཅིང་བཀོད་རིན་ཡོད་པ་ཞིག་ཀྱང་ཡིན།

རྒྱལ་བ་རིན་པོ་ཆེས་ཆབ་སྲིད་འགན་དབང་གཙང་བཞག་བྱས་རྗེས་སུ། དགའ་ལྡན་ཕོ་བྲང་ཡང་བླ་བྲང་སྒེར་པ་ཞིག་ཏུ་བསྒྱུར་གནང་མཛད་པ་ནས་འགོ་ཚུགས་ཏེ། ཆབ་སྲིད་ལ་ཐེ་ཇུས་དང་། ཁྲིམས་ལུགས་ཀྱི་ཐོག་ནས་ནུས་ལྡན་དབང་ཆ་གང་ཡང་མེད་པ་ཞིག་ཆགས་ཡོད། འོན་ཀྱང་ཆོས་ཕྱོགས་ཀྱི་ཐད་ནས་ནུས་པ་ཧ་ཅང་ཆེ་བ་ནི་བཤད་ཅི་དགོས་ཏེ། རྒྱལ་བ་རིན་པོ་ཆེའི་གཟི་འོད་ཀུན་དུ་འཕྲོ་ན་དགའ་ལྡན་ཕོ་བྲང་གི་ནུས་སྟོབས་ཀྱང་དོན་གྱིས་གནམ་འོག་ཏུ་ཁྱབ་རྒྱུ་ཡིན་ཁར། ཨིན་ཇིའི་རྒྱལ་མོའི་ཕོ་བྲང་དང་འདྲ་བར་སྤྱི་ཚོགས་སུ་ཤུགས་རྐྱེན་དང་དེ་འབྲེལ་གྱི་དབང་ཆ་ཞིག་ཀྱང་རང་བཞིན་དུ་ཡོད།

དགའ་ལྡན་ཕོ་བྲང་ནི་རྒྱལ་བ་རིན་པོ་ཆེའི་བླ་བྲང་ཡིན་པའི་རྒྱུ་མཚན་དེ་ཁོ་ནས། བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་དང་མི་མང་ཚོས་ཀྱང་དད་གུས་རང་བཞིན་དང་། བརྩི་འཇོག་བླ་མེད་ཀྱིས་གོང་དུ་བཀུར་བཞིན་ཡོད་ཁར། སུས་ཡིས་ཀྱང་ཕོག་ཐུག་དང་མ་གུས་པ། ལན་སློག་ནུས་པ་ཞིག་མ་ཡིན། འདི་དག་ནི་དགའ་ལྡན་ཕོ་བྲང་དང་རྒྱལ་བ་རིན་པོ་ཆེ་གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་སུ་བལྟས་ཤིང་། དགའ་ལྡན་ཕོ་བྲང་གི་བྱ་བྱེད་ལས་གསུམ་ཐམས་ཅད་རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་དང་མཛད་པ་ཡིན་སྙམ་སྐྱེས་པ་ལས་བྱུང་བ་ཞིག་ཡིན།
དེ་ལྟ་ནའང་དགའ་ལྡན་ཕོ་བྲང་གིས་རྒྱལ་བ་རིན་པོ་ཆེའི་བཞེད་དགོངས་མ་ཡིན་པའི་ལས་རྩོམ་བཞིན་པ་དང་། རྒྱལ་བ་རིན་པོ་ཆེས་མཁྱེན་རྟོགས་མེད་པའི་ཕྱག་ལས་རེའང་ཡོད་སྐད་འདུག་པ་སྤྱི་ཚོགས་སུ་ལབ་གླེང་དང་དོགས་པ་ཟ་མཁན་ཡོད། རྒྱལ་བ་རིན་པོ་ཆེས་བཅར་འདྲི་ཞིག་ལ་ལན་འདེབས་ཞིག་གནང་འདུག་སྟེ། ”ཐེངས་ཤིག་གྲོགས་པོ་ཞིག་གིས་ངོས་ལ་གློག་འཕྲིན་བརྒྱུད་ཡི་གེ་དེ་ཙམ་མང་པོ་ཕུལ་རུང་ཡིག་ལན་མེད་དོན་ཅི་ཡིན་ཞེས་དྲིས་བྱུང་། འོན་ཀྱང་ངོས་ཀྱིས་རྩ་བ་ནས་ཤེས་རྟོགས་མ་བྱུང་། ངོས་ཀྱི་ལས་ཀ་བྱེད་མཁན་ཚོས་མཚམས་རེ་དེ་འདྲ་དང་ངོས་ཀྱིས་མ་བསམ་པ་རེའང་བྱེད་ཀྱི་ཡོད།” ཅེས་ཞལ་འཛུམ་དང་བཅས་གསུངས་འདུག
དཔེ་མཚོན་འདི་དང་འདྲ་བ་གནད་དོན་རེ་གཉིས་ཐོག་ཏུ། དགའ་ལྡན་ཕོ་བྲང་གི་ཐག་གཅོད་དང་བཀའ་སྩལ། རེ་སྐུལ་སོགས་ལ་རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་ཚུད་ཡོད་མིན་དོགས་པ་ཆེ་ལ། གཅིག་བྱས་ན་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་ཡོངས་སུ་ལྡོག་ཕྱོགས་སུ་སོང་ཡོད་པའི་ལས་དོན་རེའང་ཡོང་དང་འབྱུང་བཞིན་པ་ཡོད་སྲིད། རྒྱུ་རྐྱེན་འདི་འདྲ་ལ་བརྟེན་ནས། གདན་ས་ཁག་ཏུ་དགའ་ལྡན་ཕོ་བྲང་གི་བཀའ་སྩལ་(དམིགས་བསལ་དགེ་བཤེས་ཟེར་བ་སོགས)དང་ལེན་མི་བྱེད་པའི་གནས་ཚུལ་མང་པོ་བྱུང་ཡོད་ཅིང་། དགའ་ལྡན་ཕོ་བྲང་གི་སྐུ་ངོ་ཚོ་ཁྲོས་པའི་ཚུལ་གྱིས་ཁ་པར་ཧྲག་སེ་བཞག་སྟེ་རྣམ་འགྱུར་རྩུབ་པོ་ཐེངས་མང་བསྟན་ཡོད་རུང་། ངོས་ལེན་བྱེད་ཐབས་མ་བྱས་པའི་ལོ་རྒྱུས་རེའང་ལོ་མང་སྔོན་ནས་བྱུང་མྱོང་།

ལོ་རྒྱུས་རྙིང་པའི་གཏིང་མི་སྔོགས་པར། དེ་རིང་གི་དགའ་ལྡན་ཕོ་བྲང་འདི་གནས་ཚད་གང་ཞིག་ལ་ཡོད་པ་དང་། ལས་དོན་ཁག་ཇི་ལྟར་སྤེལ་གྱིན་ཡོད་མེད་ནི། གལ་ཆེན་ནང་གི་དོན་ཆེན་ཡིན་པས། སུ་ཡིས་ཀྱང་དོ་སྣང་སྤྲོད་རིན་ཡོད་པ་ཞིག་རེད། དམིགས་བསལ་ཆབ་སྲིད་ཀྱི་འོས་བསྡུ་དང་འབྲེལ་བའི་གནད་དོན་མང་པོ་ལ། བར་འདུག་དང་ཕྱོགས་བཟུང་གི་རྣམ་འགྱུར་མི་བསྟན་པ། འོས་མི་གང་ཡང་རུང་བ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཡོད་མིན་ནི། ད་སྐབས་ཧ་ཅང་མིག་བགྲད་དེ་ལྟ་རིན་ཡོད་པ་ཞིག་ཡིན། ང་ཚོས་དགའ་ལྡན་ཕོ་བྲང་གིས། རྒྱལ་བ་རིན་པོ་ཆེའི་དགོངས་ཡངས་དང་གཟིགས་རྒྱ། ཁོང་གི་མཛད་པ་ཇི་བཞིན་ལག་བསྟར་དང་ལངས་ཕྱོགས་བཟུང་བཞིན་ཡོད་པའི་རེ་བ་དང་གསོལ་འདེབས་བྱེད་བཞིན་ཡོད། འདི་ནི་རེ་བ་བཟང་ས་ནས་བརྒྱབ་པ་གཅིག་པོ་མིན་པར། རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་ཡོད་པའི་དགའ་ལྡན་ཕོ་བྲང་དེ། དོན་དམ་གྱི་ནུས་ཤུགས་ལྡན་པའི་ཕྱོགས་སུ་སྐྱོད་ན་སྙམ་པའི་སྐུལ་སློང་བཟང་པོ་ཞིག་ཁུར་བཞིན་ཡོད།

སྐུ་ངོ་སྤེན་པ་ཚེ་རིང་གིས་ད་ཐེངས་འོས་བསྡུ་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་འགོ་ཚུགས་རྗེས། གཏམ་བཤད་རེ་འགའ་དགའ་ལྡན་ཕོ་བྲང་དང་འབྲེལ་ཡོད་ཅིང་། སྐུ་ངོས་ཤེས་རྟོགས་རེ་འགའ་དགའ་ལྡན་ཕོ་བྲང་གིས་ཤུབ་ཤུབ་ཏུ་སྐུ་ངའི་རྣ་ཁུང་ན་འཕངས་ཡོད་པར་དོགས་པ་ཟ་མཁན་ཡང་ཉུང་ཉུང་མིན། དགའ་ལྡན་ཕོ་བྲང་གིས་ཕྱོགས་གཅིག་ནས་དུས་དབང་ཕྱིར་འགྱང་དགོས་པའི་གནད་དོན་ཁ་གསལ་བཀོད་དེ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ལ། ཕྱོགས་གཞན་ཞིག་ནས་དུས་དབང་ཕྱིར་འགྱང་སྐོར་གྱི་གནད་དོན་ཆ་ཚང་སྐུ་ངོའི་རྣ་ཁུང་དུ་བླུགས་དོན་ཅི་ཡིན་ནམ་སྙམ་བཞིན་ཡོད། མགོ་བོ་རྨོངས་སུ་བཅུག་པའི་གནད་དོན་འདི་དགའ་ལྡན་ཕོ་བྲང་གིས་གནང་མེད་ཚེ། སྐུ་ངོས་ཟླ་ཚེས་དང་བཅས་པ་ཤེས་རྟོགས་ཡོད་མི་སྲིད་ལ། དེ་བཞིན་གསུང་སྐད་ཆེན་པོས་བཤད་ཕོད་པ་ཞིག་མིན། དུས་དབང་ཕྱིར་འགྱང་གནང་བའི་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་( https://www.khabdha.org/?p=74901 ) དེ་2015-8-31ཞོགས་པའི་ཆུ་ཚོད11ཙམ་ལ་སྤེལ་བ་ཞིག་ཡིན་རུང་། ཤར་ཕྱོགས་ཁུག་རྟས་2015-8-31ཞོགས་པའི་ཆུ་ཚོད7 པ་ཡོལ་ཙམ་ལ་ཁ་བརྡའི་ཐོག་ཏུ་དུས་དབང་ཕྱིར་འགྱང་བྱས་ཚུལ་དང་དེ་ནི་སྲིད་སྐྱོང་གིས་གནང་སྟངས་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་འཁོད་པའི་རྩོམ་ཡིག་( https://www.khabdha.org/?p=74874 )ཐུང་ཐུང་ཞིག་སྤེལ་ཡོད། ཁོས་ཐག་ཆོད་པས་སྲིད་སྐྱོང་གི་བྱས་ཉེས་ཡུལ་ཚུལ་གླེང་འདུག ཤར་ཕྱོགས་ཁུག་རྟས་དུས་དབང་ཕྱིར་འགྱང་སྐོར་དེ་སྔོན་ཚུད་ནས་གོ་ཡོད་པ་གཙོ་བོ་མ་ཡིན་པར། སྔོན་ཚུད་ནས་སུའི་ཁ་ནས་གོ་ཡོད་མིན་ནི་ང་ཚོས་ཤེས་འདོད་ཆེ་ཤོས་དེ་རེད། ཤར་ཁུག་གིས་ཐག་ཆོད་པས་བྲིས་པ་དེ་དང་། སྐུ་ངོས་སྤོབས་པ་ཆེན་པོས་བཤད་པ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་འདུག་པས། ངས་བསམ་ན་ཤར་ཁུག་གི་རྣ་ལམ་དུ་སྐུ་ངོས་བླུགས་ཡོད་ཅིང་། སྐུ་ངོའི་སྙན་དུ་དགའ་ལྡན་ཕོ་བྲང་གིས་གསོལ་ཡོད་པ་འདུག་ཅེས་ཡང་ནས་ཡང་དུ་དྲན་བཞིན་ཡོད།

གལ་ཏེ་དུས་དབང་ཕྱིར་འགྱང་སྐོར་དེ་སྐུ་ངོས་བཤད་པ་ལྟར་ཡིན་ཚེ། དགའ་ལྡན་ཕོ་བྲང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱང་རྫུན་བཟོ་འཁྲབ་སྟོན་ཞིག་ཆགས་ཡོད། མུ་མཐུད་དེ་ཡོངས་ཁྱབ་གསལ་བསྒྲགས་མཇུག་མནན་བྱས་ཏེ། ཞེན་སྐུལ་གསལ་བསྒྲགས་ཞིག་སྤེལ་བའམ། ཡོངས་ཁྱབ་གསལ་བསྒྲགས་རྫུན་གཏམ་ཡིན་ཚུལ་འཁོད་པའི་དགོངས་སེལ་གསལ་བསྒྲགས་ཞིག་སྤེལ་མིན་ནི་འགག་རྩ་ལ་ཐུག་ཡོད། གལ་ཏེ་གསལ་བསྒྲགས་ཞིག་སྤེལ་ན་དེ་ཉིན་ནས་ང་ཚོས་དགའ་ལྡན་ཕོ་བྲང་སུ་ཞིག་གི་རྒྱབ་ལ་ཡོད་མིན་གསལ་པོ་གསལ་རྐྱང་ཞིག་ཤེས་རྟོགས་ཐུབ་རྒྱུ་རེད། མ་གཞི་དགའ་ལྡན་ཕོ་བྲང་གིས། རྒྱལ་བ་རིན་པོ་ཆེས་དུས་དབང་ཕྱིར་འགྱང་སྐོར་གྱི་གསུང་བཤད་དང་། དགའ་ལྡན་ཕོ་བྲང་རང་གིས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་རྩིས་མེད་དུ་གཏོང་ཤེས་ཐབས་མེད་པ་ཞིག་ཡིན་རུང་། གལ་སྲིད་སྡིག་པ་མིག་བཙུམ་དང་རང་གི་ཡོངས་ཁྱབ་གསལ་བསྒྲགས་རྩིས་མེད་དུ་བཏང་དེ་སྐུ་ངོའི་བཤད་པ་ཇི་བཞིན་ཡིན་ཚུལ་གསུངས་ན་ནི། སྐུ་ངོའི་རྒྱབ་ལ་བཞེངས་ཏེ་མི་མངོན་པའི་འོས་ཤོག་ཐོབ་ཐབས་ཀྱི་ཆབ་སྲིད་ཀྱི་ཟློས་གར་ཞིག་འཁྲབ་བཞིན་ཡོད་པ་སྨོས་མེད་རེད།
དེ་ཉིན་ནས་ང་ཚོས་དགའ་ལྡན་ཕོ་བྲང་དང་རྒྱལ་བ་རིན་པོ་ཆེ་གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་སུ་འཛིན་བཞིན་པ་ནོར་འཁྲུལ་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་ལ། མཐའ་ན་སྐུ་ངོས་བཤད་ཕོད་པ་བཞིན་དགའ་ལྡན་ཕོ་བྲང་གིས་ཀྱང་རྒྱལ་བ་རིན་པོ་ཆེའི་གསུང་བཤད་ལ་དགོངས་པ་བཀྲལ་ནས་ཕར་འཐེན་ཚུར་བྱེད་ཕོད་པའི་བློ་ཁོག་ཅིག་ཡོད་པ་མཐོང་རྒྱུ་རེད། རྒྱལ་བ་རིན་པོ་ཆེའི་ཐུགས་བཞེད་དང་ཡོངས་སུ་རྒྱབ་འགལ་གྱིས་བྱ་བྱེད་ལས་གསུམ་སྤེལ་བཞིན་ཡོད་པའི་དོགས་གནད་དེ་ཡང་ཡོངས་སུ་གསལ་པོ་ཆགས་ཡོད། སྐབས་དེ་ནས་བཟུང་དགའ་ལྡན་ཕོ་བྲང་གི་བཀའ་སྩལ་ལ་སུས་ཡིད་ཆེས་བྱེད་སྲིད་དམ། ཁྱེད་ཀྱིས་ད་དུང་ཡིད་ཆེས་བྱེད་རྩིས་ཡོད་དམ། ངས་བསམ་ན་ཁྱེད་ཀྱིས་གཏན་ནས་ཡིད་ཆེས་བྱ་ཐུབ་རྒྱུ་མ་རེད།

2016-2-1

བསམ་ཚུལ།

Post navigation

Previous Post: སྒེའུ་ཁུང་ཆུང་ཆུང་ནང་གི་བུ་མོ་ཆུང་ཆུང་།
Next Post: བསྡུས་གྲྭ་དགོས་མིན་ལས་བརྩམས་པའི་གླེང་ཐུང་།

Comments (14) on “དགའ་ལྡན་ཕོ་བྲང་སུའི་རྒྱབ་ལ་ཡོད།”

  1. བསྟན་འཛིན་པདྨ། says:
    2016-02-03 at 10:08 am

    སྲིད་སྐྱོང་བློ་སེང་གི་འཛིན་སྐྱོང་གི་ལས་དོན་ཐོག་ལ་འཐུས་ཤོར་སོང་ནས་༸རྒྱལ་དབང་མཆོག་དགོངས་པ་འཚོམས་པ་བཅས་ཀྱི་ནོར་འཁྲུལ་རྣམས་ཕྱི་གསལ་ནང་གསལ་ཕྱིར་གྱར་བྱུང་བ་ལ་ཧང་སང་དོན་ཅི། ནོར་འཁྲུལ་ལ་ནོར་འཁྲུལ་དུ་བལྟ་དགོས། མ་གཞི་ཁག་མེད། ཁྱེད་ཀྱི་སེམས་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་འབག་བཙོག་གིས་ཁེངས་པ་སོང་ཙང་རྣམ་རྟོག་འདྲ་མིན་ཤར། ད་དུང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འགྲིག་གི་མེད་པ་ལྟ་བུ་བཤད། རྗེས་སུ་ག་ལེར་༸རྒྱལ་དབང་མཆོག་གིས་གནང་སྟངས་ལའང་ཐེ་ཏོག་བྱེད་ཉེན་འདུག

    སྐུ་མཁྱེན་། ཕྱི་ལོ་ ༢༠༡༦ ལོ་གསར་པ་དེའི་ནང་དུ་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་བསམ་བློ་དེ་དོར་ནས་མི་གསར་པ་ཞིག་ཏུ་འགྱུར་རོགས།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-03 at 10:45 am

    ངོ་མ་བདེན་པ་བཤད་འདུག་་་་་་རྒྱལ་བ་རིན་པོ་ཆེས་མ་མཁྱེན་པའི་ལས་ཀ་མང་པོ་ཕོ་བྲང་དབང་འཛིན་པས་བྱེད་དང་བྱས་བཞིན་ཡོད་པ་ཤེས་མཁན་མང་པོ་ཡོད་ཀྱང་བཤད་མ་ཕོད་ནས་ལུས་ཀྱི་ཡོད། ད་དུང་མང་པོ་ཡོད་ཀྱང་དུས་ལ་བབ་ཚེ་བཤད་ཆོག་ཨ་་་་་

  3. ཚེ་རིང་ནས། says:
    2016-02-03 at 11:15 am

    དགའ་ལྡན་ཕོ་བྲང་ནི་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་གི་དབང་ཆ་རྗེས་འཛིན་པ་ཞིག་རེད། དེས་ན་ཕྱོགས་གཉིས་ཀར་ཐེ་ཇུས་མི་གནང་བར་བཏང་སྙོམས་སུ་བཞུགས་ན་ལེགས་ཤོས་རེད། དེ་མིན་འོས་ཤོག་ལ་ཐེ་ཏོག་གནང་ཚེ་དགའ་ལྡན་ཕོ་བྲང་ནི་བོད་པའི་ཤེས་ཡོན་ཅན་མི་སྣ་མང་པོའི་ངོར་ཁྲབ་སྟོན་པ་ཞིག་ཆགས་རྒྱུ་ལས་འོས་མེད།

  4. ཁྱུང་སེ། says:
    2016-02-03 at 12:13 pm

    སྲོང་བཙན་ནས་གནད་ལ་ཁེལ་བའི་རྩོམ་ཞིག་བྲིས་འདུག་བྲིས་སྟངས་ལ་ལྟས་ན་ཆབ་སྲིད་དང་རྩོམ་རིག་གི་གནད་དོན་ལ་བྱང་ཆུབ་པ་ཞིག་རེད་ཤག ངོ་ཐོག་གི་སྐད་ཆ་རེད་དེ་ཁུངས་མེད་ལུང་མེད་ཀྱང་མ་རེད་བསམ་གཞིགས་བྱེད་དགོས་པའི་གནད་དོན་རེད། ཡིན་ནའང་བོད་མི་རིགས་འདི་ད་དུང་ཡང་རྨོངས་གཉིད་ལས་མ་སད་པས་གོ་དོན་རྟོགས་རྒྱུར་དཀའ་མོ་རེད་བསམ། རང་ཉིད་ལ་ལེགས་ཉེས་ཀྱི་དཔྱད་པ་བྱེད་རྒྱུའི་བློ་གྲོས་དང་སྤོབས་པ་སོགས་མེད་པས་སོ།

  5. ཞོལ་གཡག་འབྲོང་རྒྱུད། says:
    2016-02-03 at 3:03 pm

    ཤར་ཁུག་གི་རྣ་ལམ་དུ་སྤེན་ཚེས་བླུགས་པ་རེད་ལ་སྤེན་ཚེའི་རྣ་ལམ་དུ་དགའ་ལྡན་ཕོ་བྲང་གི་དབང་འཛིན་པ་སུས་བླུགས་མིན་ཨེ་ཤེས། སྤེན་ཚེ་བསྐོར་བསྐྱོད་ཀྱི་གཏམ་བཤད་ཡ་མ་བརླ་དེ་ནས་གསལ་པོར་ཤེས་ཐུབ།

  6. ལྷ།བྱ་འཕུར་མ། says:
    2016-02-03 at 6:30 pm

    འོ་རེད། རྡ་ས་འདི་ནས་ཉན་རྒྱུ་མང་གི་ཡ། འོས་བསྡུ་མཇུག་མ་བསྡུས་བར་དུ་གནས་འདིར་སྡོད་ཀྱི་ཡིན།

    འོག་གི་དྲ་ཐོག་འདི་ལ་གཟིགས་དང་།
    https://m.facebook.com/dolma.choezom.984/posts/938596452885955?from=timeline&isappinstalled=0

  7. གཡུ་ཐོག་རྒྱལ་པོ། says:
    2016-02-03 at 9:06 pm

    གང་ལྟར་མགོ་ཚིག་ཀྱང་རྣ་བས་མ་ཚོར་བའི་ཁུལ་བྱས་ནས་བསྡད་ན་འགྲིག་གི་མེད་པ་རེད། དེ་ནི་འོས་ཤོག་གི་གནད་དོན་མ་རེད། སྲིད་སྐྱོང་གི་ནོར་འཛོལ་རེད། དེ་བས་ཀྱང་གལ་ཆེ་བ་ཞིག་ལ། སྲིད་སྐྱོང་གིས་འཐུས་ཤོར་བཏང་བ་རྣམས། ཚོགས་ཚོས་གསལ་གསལ་མཐིང་མཐིང་གསུངས་སོང་། ངོ་མ་ཡིན། སྲིད་སྐྱོང་དེར་རེ་བ་རྒྱབ་པ་ནང་བཞིན་མི་འདུག་ཀ། ད་ཡིན་ན། ཤར་ཁུག་གིས་བཤད་པ་ལྟར། སྲིད་སྐྱོང་འདི་ཨ་ཁུ་སྟོན་པ་རང་རེད་འདུག་ཀ དེའི་ཁར། སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་་མཁས་དབང་་་ཞེས་མིང་རྫིག་པོ་ཞིག་གི་འོག་ནས་སྲིད་སྐྱོང་ལ་སྟོད་ར་གཏོང་ཁུལ་བྱས། འོན་ཀྱང་། གནས་ལུགས་དང་རྒྱུ་མཚན་ནི་ཅང་འདྲེན་རྒྱུ་མིན་འདུག མ་གཞི་ནས མཁས་དབང་ཆེན་པོ་དེས་དེ་སྔོན་བུ་ཁྱིམ་སློབ་གྲའི་དྲི་བར་ལན་འདེབས་ཀྱང་ལེགས་པོ་ཞིག་མ་འཐེབས་པར། མཐར་དོན་གྱི་མཁས་དབང་སློབ་དཔོན་ཟམ་གདོང་ཚང་ཡང་ཕེབས་དགོས་་བྱུང་སོང་ང་།

  8. བསྟན་འཛིན་ says:
    2016-02-03 at 10:04 pm

    སྲིད་སྐྱོང་གིས་ཤུགས་ལྡན་སྐོར་བོད་ཁྱིམ་སློབ་ཕྲུག་ཚོར་གཏམ་བཤད་ཡག་པོ་ཞིག་ཆེད་མངགས་མ་བྱས་པ་རེད་། དེ་ནི་ཁོ་པས་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་སུའང་གཟབ་གཟབ་བྱས་དགོས་པ་དང་་ཤུགས་ལྡན་གྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་ཁྲིམས་ཁང་ནང་ཁོང་གཉིས་ལ་ཁ་མཆུ་བཙུགས་པ་ཡིན་ན་དཀའ་ངལ་བཟོ་ཡི་རེད་ཅེས་ནང་གྲོས་བྱས་པའི་སྐད་ཆ་གོ་རྒྱུ་ཡོད་པ་རེད་།

  9. བཀྲ་ཤིས། says:
    2016-02-03 at 11:36 pm

    ཨ་ཁ། སྲིད་སྐྱོང་གི་རྒྱབ་སྐྱོར་བ་གྲྭ་པ་ཚོས་ཆབ་སྲིད་མི་ཤེས་ཐག་ཆོད་རེད་འདུག རྩོམ་ཡིག་འདིས་སྲིད་སྐྱོང་ལ་ཕན་རྒྱུའི་ཚབ་ཏུ་གནོད་བསྐྱལ་འདུག ༸རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་གཉིས་སོ་སོ་ཡིན་པ་འདྲ་བཤད། བདེན་རྫུལ་གསལ་ཁ་མེད་པའི་དགའ་ལྡན་ཕོ་བྲང་གི་ལས་བྱེད་རེ་གཉིས་ཀྱི་བྱ་སྤྱོད་དཔེ་མཚོན་དུ་བཀོད་དེ་དོན་དུ་བླ་བྲང་ལ་ཁྱད་གསོད་མང་པོ་བྱས་ནས་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བཅུག་འདུག མདོར་བསྡུས་ན་དགའ་ལྡན་ཕོ་བྲང་སྤེན་པ་ཚེ་རིང་གི་རྒྱབ་ལ་ཡོད་པ་བཤད་དེ་བློ་བཟང་སེང་གེ་དང་དགའ་ལྡན་ཕོ་བྲང་བར་འགལ་ཟླ་བཟོས་འདུག འདིའི་མཇུག་འབྲས་ནི་སྲིད་དོན་མི་ཤེས་མཁན་གྱིས་རྟོགས་དཀའ་བ་རེད། བུ་ལྐུགས་པས་ཕ་ཡི་མགོ་བོ་བཅོམ་ཟེར་ན་འདི་འདྲ་ལ་ཟེར་མ་རེད།

  10. ཐུབ་བསྟན་དཔལ་བཟང་། says:
    2016-02-04 at 3:15 am

    དུས་དབང་ཕྱིར་འགྱང་སོགས་ནི་བཀའ་ཤག་སོགས་དང་འབྲེལ་བ་ཇི་ལྟར་ཡིན་སོགས་ད་ལྟ་ཁ་ཚོན་གཅོད་རྒྱུ་སྔ་དྲགས་པ་རེད་ལ་་་་སྲིད་སྐྱོང་བློ་སེང་མཆོག་ལ་རྒྱབ་སྐྱོར་བ་འགའ་ཞིག་གིས་་་་རང་ཕྱོགས་ལ་མ་དབང་ཚེ་རན་མ་རན་དང་འཚམ་མི་འཚམ་མེད་པའི་དོགས་སློང་བཅས་ཚད་འགལ་བྱེད་བཞིན་འདུག་པ་ནི་་་་་དོན་ལ་མི་རྣམས་མཁས་དབང་བློ་སེང་ལ་འཇིགས་སྣང་སྐྱེ་རུ་བཅུག་ནས་་་མཁས་དབང་ཉིད་ལ་རྒྱབ་སྐྱོར་ཇེ་ཉུང་དུ་གཏོང་བཞིན་པ་ནི་་་་་རང་སྟོབས་རང་ཉམས་སུ་གཏོང་བ་ལས་མ་འདས་་་་་་་་་་་།
    སྤྱིར་སྐུ་སྒེར་ཡིག་ཚང་འདི་༧རྒྱལ་བ་དོན་གྱི་བདག་པོའི་དགོངས་བཞེད་ལྟར་སྒྲུབ་མུས་ཀྱི་ཚད་ལྡན་གྱི་ལས་ཁུངས་ཤིག་ཡིན་མོད་་་་་་།
    གུས་པ་ཡང་ནམ་རྒྱུན་ཡིག་ཚང་འདི་ལ་སངས་རྒྱས་དངོས་མཐོང་གི་ཆ་འཇོག་བྱེད་བཞིན་ཡོད་་་་་་་འོན་ཏེ་ན་ནིང་སྐུ་སྒེར་ཡིག་ཚང་ནས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་རྫུན་བཟོ་བ་རྣམས་ཀྱི་རྒྱབ་རྩར་ལངས་ཤིང་་་་་་འཁྲུལ་ཞིག་བླ་མའི་གདན་ས་གྲྭ་དམངས་ཀྱི་སྐུ་ཚབ་ལ་བརྙད་བཅོས་ཀྱིས་ཟུར་བདེའི་མཇལ་ཁ་བཀག་པ་་་་་་དང་་་་་་ད་དུང་གྲྭ་བཙུན་དམངས་འུ་ཐུག་སྟེ་་་་་་བལ་ཡུལ་དུ་བྲོས་སྟབས་ཀྱི་བལ་ཡུལ་རྒྱལ་སར་འབྱོར་འདུག་པར་ཡང་་་་ད་དུང་ཡང་སྲིད་རྫུན་བཟོ་བ་རྣམས་ཀྱི་རྒྱབ་དཔུང་དོན་ཁུལ་གྱིས་གྲྭ་བཙུན་དམངས་ཀྱི་ཁ་འགོག་པར་བསླེབས་་པ་སོགས་་་་་མི་སྤྱོད་ལས་འདས་པའི་བྱ་བ་བརྩམས་འདུག་པ་འདི་དག་་་་་་་གློ་བུར་གོ་འཕྲལ་་་་བསམ་ཡུ་ལས་འདས་པའི་ངང་རང་ཉིད་ཉིན་ཤས་འཇིག་རྟེན་འདིར་གཏད་སོ་རེ་བ་མེད་པ་ལྟ་བུའི་་་་སེམས་སྡུག་དང་ཧང་སང་བ་ལྟ་བུར་ཡང་གྱུར་སོང་་་་་་་་།
    ཡིག་ཚང་བ་དེ་དག་གིས་༧གོང་ས་མཆོག་ལ་དད་འདུན་བློ་སེམས་གངས་ལས་དཀར་བའི་དགེ་འདུན་དམངས་ཀྱི་དྲང་བདེན་ལ་་་་རྒྱབ་སྐྱོར་གནང་རྒྱུ་ཕར་ཞོག་་་་་་་༧རྒྱལ་དབང་མཆོག་ལ་ཡིག་ཆ་རྫུན་བསྒྲིགས་ཀྱིས་དབུ་སྐོར་ཞུ་མཁན་གྱི་ཡང་སྲིད་རྫུན་བཟོ་བ་རྣམས་ལ་་་རྒྱབ་སྐྱོར་དང་ཆེ་མཐོང་མངོན་གསལ་མིག་མཐོང་ཚད་འགལ་མཛད་དེ་་་་༧རྒྱལ་དབང་མཆོག་གིས་དགོངས་བཞེད་དང་གཏན་ནས་མ་འཐུན་ཞིང་་་་་མི་དམངས་ལ་སྡུག་གཅོང་བརྙད་བཅོས་ཀྱིས་་་་་་་དྲང་བདེན་ལ་དགའ་བ་འདི་དག་ལ་༧གོང་ས་མཆོག་ནུས་དཔུང་ལོག་པར་བེད་སྤྱད་དེ་དྲང་བདེན་གྱིས་ཕུང་དུ་འཇུག་པའི་ལས་དོན་གྱི་ཟིན་བྲིས་དེ་ཡལ་མེད་པས་་་་་་དེ་དག་ལ་གཞིག་སྟེ་་་་་་་་་་ངས་གོ་བ་གསར་པ་ཞིག་ལ་ཡིག་ཚང་ནས་བྱས་པ་ཚང་མ་༧རྒྱལ་དབང་ཉིད་ཀྱི་བཀའ་དགོངས་མིན་པ་མ་ཟད་་་་་་༧གོང་ས་མཆོག་གི་ཕྱག་དམ་ཡོད་པ་ཙམ་གྱིས་དོན་ངོ་མ་༧གོང་ས་མཆོག་གིས་དགོངས་འཐུན་ཡོད་པའི་ངེས་པ་མིན་འདུག་པ་འདི་ཤིན་ཏུ་གསལ་པོ་ཆགས་སོང་ལ་་་་་་་་ད་དུང་༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་པའི་རྙོག་གཞི་དང་་་་སྐུའི་འཕྲོད་བསྟེན་ལ་གནོད་པའི་ལས་དོན་སོགས་་་ཕོ་བྲང་གཤམ་འོག་པ་འགའ་ཞིག་ནས་ཡོང་མིན་ཡང་་་་་་་༧ང་ཚོའི་མིག་གཅིག་༧གོང་ས་རྒྱལ་བའི་བཀའ་དྲིན་གྱིས་འཚོ་བའི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་་་་་ཟོན་དགོས་པ་ཞིག་རང་བཞིན་གྲུབ་འདུག།

  11. རུ་ཤུལ་བུ་ says:
    2016-02-04 at 5:44 am

    འདི་ན་ཡང་མགོ་རག་ཅིག་ངར་བཞིན་འདུག གད་མོ་རྐུབ་ནས་ཤོར་སོང་། དོན་དམ་པར་བློ་སེང་ལ་རྒྱབ་སྐྱོར་བྱེད་ཚུལ་འདི་འདྲ་ཡིན་པ་རེད།

  12. པདྨ says:
    2016-02-04 at 8:38 am

    ཨ་རི་གཞུང་གིའ་སྤེན་ཚེ་དང་འོས་འདེབས་གཡོ་སྒྱུ་ཡིན་པར་གསལ་བོ་བཤད་ཱའདུག
    http://tibettimes.net/%e0%bd%a0%e0%bd%bc%e0%bd%a6%e0%bc%8b%e0%bd%96%e0%bd%a6%e0%be%a1%e0%bd%b4%e0%bc%8b%e0%bd%91%e0%be%b2%e0%bd%84%e0%bc%8b%e0%bd%98%e0%bd%bc%e0%bc%8b%e0%bd%a1%e0%bd%bc%e0%bd%84%e0%bc%8b%e0%bd%82%e0%bd%b2/

  13. ལུང་རྟོགས། says:
    2016-02-04 at 10:53 am

    སྲོང་བཙན་ལགས་ཀྱིས་གནད་ལ་ཁེལ་བ་བཤད་འདུག མགོ་རིལ་འདི་ཚོ་ལ་མགྲན་ཟླ་མེད།

  14. བསྟན་རྣམ། says:
    2016-02-04 at 11:13 pm

    ཟླ་བ་ཚེ་རིང་སོགས་ཀྱིས་དབུས་གཙང་ཆོལ་ཁའི་ལར་ཞེན་དགོས་ཚུལ་བཤད་ཀྱི་འདུག དེ་བདེན་པ་རེད། ལར་ཞེན་ཡོང་སྟངས་དེ་མདོ་སྟོད་ཆོལ་ཁའི་མིས་རང་ཉིད་ཀྱི་ཆོལ་ཁ་མ་གཏོགས་ཆོལ་ཁ་གཞན་གྱི་མི་ལ་ནམ་ཡང་བརྩི་མཐོང་བྱེད་ཀྱི་མི་འདུག ཐ་ན་གོང་ས་མཆཽག་གིས་ཀྱང་ད་བར་སྲིད་སྐྱོང་བློ་སེང་ལ་དགའ་བོ་བྱེད་ཀྱི་མེད་པ་དེའང་སྐྱོན་དུ་མཐོང་སྟེ་ངོ་རྒོལ་གྱི་རྣམ་པ་ཡོང་གི་ཡོད་ལ། ངོ་རྒོལ་བ་དེའི་ཚོའི་ནང་དུ་གྲྭ་གཟུགས་སྟོན་པའི་རྗེས་མཇུག་ཡིན་ཟེར་མཁན་ཆོས་ལོག་པ་སྐོར་ཞིག་ཡོང་གི་ཡོད་པ་མངོན་གསལ་དུ་འགྱུར་བཞིན་ཡོད། འཕེལ་ཕྱོགས་འདི་ལེགས་ཉེས་གང་ཡིན་ཆ་མ་འཚལ་ཡང་ངས་བལྟས་ན་གྲྭ་གཟུགས་རྣམས་ལ་སྤྱིར་བཏང་གི་ཆོས་ཀྱི་ཉམས་ལེན་ཕར་ཞོགས་བཟང་སྤྱོད་ཀྱི་སྒོ་ནས་མི་སྡེའི་འཚོ་བ་སྐྱེལ་སྟངས་ཀྱང་ཤེས་ཀྱི་མེད། དཔེར་ན་ཁ་སང་ཨ་རི་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་སྐྱེས་ཁུངས་མདོ་སྟོད་ནས་ཡིན་པའི་གྲྭ་གཟུགས་ཤིག་གིས་དམར་གསོད་གཏོང་གི་ཡིན་ལུགས་འཇིགས་སྐུལ་བྱས་པར་ཨ་རིའི་ཉེས་དོན་ཚན་པས་ཞིབ་འཇུག་འགྲོ་བཞིན་ཡོད་འདུག་ལ། གྲྭ་གཟུགས་དེར་ཉེས་པ་ཕོག་གི་ཡོད་ཚུལ་འདུག ད་བལྟས་དང་གྲྭ་གཟུགས་འདི་ཚོ་གྲོང་པ་མི་ལས་སྐྱོ་བ་མི་འདུག་གམ། གྲྭ་བའི་ཞབས་འདྲེན། ཆོས་ཀྱི་ཞབས་འདྲེན། མི་རིགས་ཀྱི་ཞབས་འདེྲན། མི་སྡེའི་སྤྱི་ཚོགས་ཀྱི་ཞབས་འདྲེན། ལོ་རྒྱུས་ཀྱི་ཞབས་འདྲེན། ཤེས་རིག་གི་ཞབས་འདེྲན། བཟང་སྤྱོད་ཀྱི་ཞབས་འདྲེན་བཅས་རེད་དོ། སྲོང་བཙན་ཟེར་བ་དེའང་གྲྭ་གཟུགས་ཞབས་འདེྲན་པ་ཞིག་དང་སྟོན་པ་བཅོམ་ལྡན་འདས་བསྟན་པའི་ཆོས་དང་ཆོས་ཀྱི་སྡེའི་ཡོངས་ཀྱི་ཞབས་འདྲེན་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme