Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་མཁྲིས་བད་ཀན་གསུམ་གྱི་སྐོར་མདོར་བསྡུས་བརྗོད་པ།

Posted on 2016-01-302016-01-30 By ཁ་བརྡ 8 Comments on རླུང་མཁྲིས་བད་ཀན་གསུམ་གྱི་སྐོར་མདོར་བསྡུས་བརྗོད་པ།

གཡུ་སྒང་དགེ་འདུན།

ངས་འདིར་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་(རྩ་རྒྱུད།)ལྟར་ནད་རླུང་མཁྲིས་བད་ཀན་གསུམ་དང་དེའི་རྟགས་བཅོས་ཐབས་ཟས་སྤྱོད་བཅས་ཀྱི་སྐོར་མདོར་བསྡུས་ཙམ་གླེང་རྒྱུ།

སྤྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་སྐྱེད་པར་གསུང་ཞིང་། དེའང་འདོད་ཆགས་ལས་རླུང་དང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན་བཅས་སྐྱེད་པར་བྱེད། རླུང་མཁྲིས་བད་ཀན་གསུམ་ལའང་རྩ་བའི་རླུང་ལྔ་དང་མཁྲིས་པ་ལྔ་བད་ཀན་ལྔ་བཅས་དབྱེ་ལ། དེ་དག་ལུས་ཀྱི་སྟོད་སྨད་བར་གསུམ་དུ་གནས་ཤིང་ལས་བྱེད་པ་རེད། རྒྱུ་གཏི་མུག་ལས་སྐྱེད་པའི་བད་ཀན་ནི་ཀླད་པ་ལ་བརྟེན་དེ་ལུས་ཀྱི་སྟོད་ན་གནས་པ་དང་། རྒྱུ་ཞེ་སྡང་ལས་སྐྱེད་པའི་ནད་མཁྲིས་པ་མཆིན་པ་དང་སྣོད་མཁྲིས་ལ་བརྟེན་དེ་ལུས་ཀྱི་བར་ན་གནས་པ། རྒྱུ་འདོད་ཆགས་ལས་སྐྱེད་པའི་རླུང་ནི་དཔྱི་རྐེད་གསང་གནས་་ལ་བརྟེན་དེ་ལུས་ཀྱི་སྨད་ན་གནས་ཤིང་། རླུང་མཁྲིས་བད་ཀན་གསུམ་གྱི་རྩ་བའི་དབྱེ་བ་བཅོ་ལྔ་དེ་དག་གིས་ལས་ཚུལ་བཞིན་བྱས་ན་ལུས་ཐ་མལ་དུ་གནས་པ་དང་། དེ་ལ་དུས་གདོན་ཟས་སྤྱོད་དང་འཕེལ་ཟད་འཁྲུགས་གསུམ་སོགས་ཀྱིས་རྐྱེན་བྱས་པ་ལ་བརྟེན་ནས་ལུས་ལ་མི་བདེ་བའི་རིགས་འབྱུང་ཞིང་། མཐར་སྲོག་གི་གཤེད་དུའང་འགྱུར་གྱི་ཡོད་པ་རེད། དེར་བརྟེན་ཐོག་མར་རླུང་མཁྲིས་བད་ཀན་གྱི་སྤྱིའི་རྟགས་དང་ཟས་སྤྱོད་ཀྱི་རིགས་བརྗོད་པ་ལ། དང་པོ། རླུང་གི་ནད་རྟགས་སོགས་བརྗོད་པར་བྱ། རླུང་ནད་སློང་རྐྱེན་གྱི་ཟས་སྤྱོད་ནི། ཡང་ལ་རྩུབ་པའི་ཟས་སྐོམ་ར་ཤ་(བསིལ་བའི་རིགས)དང་ཇ་ལ་(ཇ་སྐ་བོའི་རིགས)སོགས་པ་དང་།

སྤྱོད་ལམ་ནི། སྨྱུང་བར་གནས་པ་དང་བསེར་བུའི་ངད་ལ་གནས་པ་བཅས་བསྟེན་དྲག་པའི་རྐྱེན་གྱིས་གཡལ་འདར་དང་བྱ་རྨྱང་། གྲང་ཤུམ་བཅས་བྱེད་པ། དཔྱི་དང་རྐེད་པ་ན་བ།  རུས་པའི་ཚིགས་རྣམས་མ་ལུས་པར་ན་བ། གཟེར་བ་ངེས་མེད་དུ་འཕོ་ཞིང་སྟོངས་སྐྱུགས་བྱེད་པ། མིག་ལ་སོགས་པའི་དབང་པོ་མི་གསལ་བ། ཤེས་པ་འཚུབ་པ། ལྷག་པར་དུ་བཀྲེས་དུས་ན་བ་བཅས་འབྱུང་ཞིང་ཁ་ཟས་སྣུམ་བཅུད་ལྡན་པའི་རིགས་ཕན་པར་བྱེད། ན་སོའི་ཆ་ནས་རྒས་པའི་རིགས་ལ་རླུང་གི་ཤུགས་ཆེ་བ་དང་། ཡུལ་གྱི་ཆ་ནས་ངད་ཅན་གྲང་བ་ཤུགས་ཆེ་བའི་ཡུལ་དུ་རླུང་ནད་སློང་སྐྱེན་པ། དུས་ཀྱི་ཆ་ནས་དབྱར་དུས་དགོང་དང་ཐོ་རངས་ལ་རླུང་ནད་ལྡང་བར་བྱེད། བཅོས་ཐབས་ནི། ཟས་ཀྱི་ཐད་ནས་ངས་འདིར་རྒྱུད་ལྟར་བཤད་ན་རེ་ཟུང་དེང་རབས་ཀྱི་ཁྲིམས་ལུགས་སྲོལ་དང་མི་འཚམ་པས་འདིར་འབྲི་རྒྱུ་མིན་ལ། བྲིས་པ་དེ་ཡང་བོད་པའི་གོམས་སྲོལ་གཞིར་བཞག་སྟེ་འབྲི་རྒྱུ། དེང་སྐབས་ཕལ་ཆེར་བོད་པའི་སྨན་པ་ཞིག་ལ་མཚོན་ན་གསང་བའི་སྒོ་ནས་ནད་པར་བསྟེན་བཅུག་ན་མ་གཏོགས་རྟ་ཤ་དང་། བོང་བུའི་ཤ་འཕྱི་བའི་ཤ་བཅས་རླུང་ལ་ཕན་ཡང་མིག་མཐོང་ལག་ཟིན་གྱིས་བེད་སྤྱོད་གཏོང་མཁན་ཉུང་ཉུང་རེད། ར་ཤ་(མཁྲིས་ཟས།)དང་ལུག་ཤ་གཡག་ཤ་(བད་ཟས།)བཅས་ཀྱི་ཤ་ནི་རླུང་ཟས་མ་རེད་མོད། འོན་ཀྱང་། དེ་དག་གི་ཤ་དང་ཤ་ཁུའི་རིགས་ཀྱིས་རླུང་ནད་བཅོས་ཀྱི་ཡོད། ཡིན་ནའང་ལུག་ལོ་གསུམ་གྱི་མགོ་གདུས་པའི་ཁུ་བས་རླུང་ནད་ལ་ཕན། ལོ་ཤ་སྟེ་ལོ་ལོན་པའི་ཤ་རྙིང་པ། ཏིལ་ལ་སོགས་པའི་འབྲུ་མར་དང་། ལོ་མར་ཏེ་ལོ་ལོན་པའི་རྩི་་མར(ཕྱུག་རིགས་ཀྱི་མར།)། བུ་རམ་དང་སྒོག་སྐྱ། ཙོང་། འོ་མ་དང། རྩ་བ་ལྔའི་ཡ་གྱལ་ལྕ་བ་དང་ར་མཉེ་ལས་བཟོས་པའི་སྨན་མར། ཟན་ཆང་དང༌། བུར་ཆང་དང་རུས་ཆང་སོགས་རླུང་ནད་ཅན་གྱི་ཟས་སྐོམ་གྱི་རིགས་ཡིན་པས་བསྟེན་ན་བཟང་། སྤྱོད་ལམ་གྱི་ཐད་ནས་རླུང་ནད་ཀྱི་རིགས་ལ་གནས་དྲོད་སར་རང་ཉིད་ཀྱི་ཁམས་དང་མོས་པར་མཐུན་པའི་ཡིད་འོང་གི་གྲོགས་དག་བསྟེན་པར་བྱ།  སྨན་གྱི་ཐད་ལ། སྤྱིར་སྨན་དཔྱད་གཉིས་ནི་སྨན་ལ་སྦྱང་སྟེ་ལག་ལེན་གྱི་མྱོང་བྱང་དགོས་སྟབས་འདིར་རླུང་མཁྲིས་བད་ཀན་གསུམ་གྱི་སྨན་དཔྱད་ཀྱི་ཐད་ནས་སྤྱི་བཤད་ཙམ་གྱིས་འཐུས་པར་བྱ། སྨན་གྱི་རོ་ནུས་ཀྱི་ཆ་ནས་མངར་བ་དང་སྐྱུར་བ། ལན་ཚྭ་བ། སྣུམ་པ། ལྕི་བ། འཇམ་པ་བཅས་ཡིན་ལ་དེ་ཡང་སྦྱོར་བ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ལས། དང་པོ་ཞི་བྱེད་ལ་ཁུ་བ་དང་སྨན་མར་གཉིས་སུ་དབྱེ།

༡། ཁུ་བ་ལ་སྲེ་ལོང་གི་ཁུ་བ་དང་སོག་ཡུའི་ཁུ་བ་གཞུག་རུས་ཀྱི་ཁུ་བ་སོགས་རུས་ཁུའི་རིགས་དང་བཅུད་བཞིའི་ཁུ་བ་སྟེ་ཟུངས་ཀྱི་བཅུད་ཤ། རྩིའི་བཅུད་མར། ཤིང་གི་བཅུད་བུ་རམ། འབྲུའི་བཅུད་ཆང་རྙིང་བ་བཅས་དང་། མགོ་ཁྲོལ་ཏེ་ལུག་མགོ་རྙིང་པ་གདུས་པའི་ཁུ་བ་བཅས་རླུང་ལ་ཕན། ༢། སྨན་མར་ལ་ཛཱ་ཏི་གཙོ་བྱས་པའི་སྨན་མར་དང་།  སྒོག་སྐྱ་གཙོ་བྱས་པ། འབྲས་བུ་གསུམ་གཙོ་བྱས་པ། རྩ་བ་ལྔ་གཙོ་བྱས་པ་དང་སྨན་ཆེན་གཙོ་བྱས་ཏེ་སྦྱར་བའི་སྨན་མར་གཏོང་། གཉིས་པ་སྦྱོང་བྱེད་ལ་འཇམ་རྩི་གཏོང་དགོས་ཤིང་དེ་ལའང་སླེ་འཇམ་ཞེས་ལུག་ཤའི་ཁུ་བ་དང་འབྲིའི་འོ་མ་མར་ཞུན་སོགས་གང་རུང་ལ་སྨན་ཕྱེ་སྦྱར་ཏེ་གཤང་ནས་མས་བཏང་བྱ་དགོས། བཀྲུ་འཇམ་དང་བཀྲུ་མ་སླེན་གཉིས་ཀྱང་བ་དང་རའི་འོ་མ་དང་མར་ཞུན་སྨན་སྦྱོར་བཅས་མི་འདྲ་བ་ཙམ་ལས་གོང་དང་གཅིག་མཚུངས་ཡིན། ། དཔྱད་དུ་ཏིལ་མར་ལ་སོགས་པའི་སྐུ་མཉེ་དང༌། གོ་སྙོད་སྣུམ་ལྡན་ཏེ་གོ་སྙོད་སྣུམ་དུ་བཙོས་པའམ་འཁར་གོང་སྲིན་ཅན་དུགས་སམ་གླན་པ་ལ་ཧོར་གྱི་མེ་བཙའ་ཞེས་ཟེར་ལ་དེས་ཕན།

 

གཉིས་པ། མཁྲིས་པའི་ནད་རྟགས་སོགས་བརྗོད་པར་བྱ། མཁྲིས་ནད་སློང་རྐྱེན་གྱིས་ཟས་སྤྱོད་ནི། རྣོ་ཞིང་ཚ་བའི་ཟས་སྐོམ་འབྲུ་མར་ལོ་མར་དང་གར་ཆང་ལ་སོགས་པ་དང་། སྤྱོད་ལམ་ནི་མེ་དང་ཉི་མ་ལ་ཡུན་རིང་དུ་བསྲོ་བ་ལ་སོགས་པའི་རྐྱེན་གྱིས་ཁ་ལ་རོ་ཁ་བ་བྲོ་བ། མགོ་ན་བ། ཤ་དྲོད་ཚ་བ་དང་། ལུས་ཀྱི་སྟོད་གཟེར་བ། ལྷག་པར་ཏུ་ཟས་ཞུ་རྗེས་ན་བ་བཅས་འབྱུང་ཞིང་། ཁ་ཟས་བསིལ་བའི་རིགས་ཕན་པར་བྱེད། ན་སོའི་ཆ་ནས་དར་མའི་རིགས་ལ་མཁྲིས་པ་ཤུགས་ཆེ་ཞིང་། ཡུལ་གྱི་ཆ་ནས་ས་སྐམ་ས་དང་ཚ་གདུང་ཆེ་བའི་ཡུལ་དུ་མཁྲིས་ནད་སློང་སྐྱེན་པ། དུས་ཀྱི་ཆ་ནས་སྟོན་གྱི་དུས་སུ་ཉིན་གུང་དང་མཚན་གུང་ལ་མཁྲིས་ནད་ལྡང་བར་བྱེད། བཅོས་ཐབས་ནི། ཟས་ཀྱི་ཐད་ནས་བ་དང་ར་མའི་ཞོ་དང་དར་བ། མར་སོགས་གསར་བའི་རིགས་དང་། རི་དྭགས་ཀྱི་ཤ། ར་ཤ། སྐོམ་ཤ་སྟེ་རྟོལ་ཤ་སོགས་གསར་པའི་རིགས། ནས་ལོ་མ་ལོན་པའི་ཆག་ཚེ་(སྐབས་འདིར་ནས་གསར་བརྡུངས་ཏེ་བསྐོལ་བའི་ཚྭ་སྡོར་མེད་པའི་ཐུག་པ་སླ་བོ།)དང་། སྐྱབས་ཏེ་ཁུར་སྐྱ་དང་། ཁུར་ཚོད། ཆབ་ཚ་ སྟེ་ཕྱེ་ཐུག་སླ་མོ་ཚྭ་སྡོར་ཞན་པ་(ཇ་འཇམ་པོ་སྡོར་ཆུང་བ་ལའང་གོ)དང་། ཆུ་བསིལ་ཏེ་གངས་དང་རྫ་ལས་འབབ་པའི་ཆུ་གྲང་མོའི་རིགས། ཆུ་བསྐོལ་གྲངས་ཏེ་ཆུ་སུམ་ཆའི་གཉིས་བསྐོལ་བ་སོགས་མཁྲིས་ནད་ཅན་གྱི་ཟས་སྐོམ་གྱི་རིགས་ཡིན་པས་བསྟེན་ན་བཟང་།  སྤྱོད་ལམ་གྱི་ཐད་ནས་མཁྲིས་ནད་ཀྱི་རིགས་ལ་གནས་བསིལ་སར་རྩོལ་བཅགས་སོགས་མེད་པར་དལ་བར་སྡོད་པ།  སྨན་གྱི་ཐད་ལ། སྨན་གྱི་རོ་ནུས་ཀྱི་ཆ་ནས་མངར་བ་དང་། ཁ་བ། བསྐ་བ། བསིལ་བ། སླ་བ། རྟུལ་བ་བཅས་ཡིན་ལ་དེ་ཡང་སྦྱོར་བ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ལས། དང་པོ་ཞི་བྱེད་ལ་ཐང་དང་ཅུར་ནིས་གཉིས་སུ་དབྱེ། ༡། ཐང་ལ་མ་ནུ་གཙོ་བྱས་པའི་ཐང་དང་། སླེ་ཏྲེས་གཙོ་བྱས་པ། ཏིག་ཏ་གཙོ་བྱས་པ། འབྲས་བུ་གསུམ་གཙོ་བྱས་པའི་ཐང་གཏོང་། ༢། ཅུར་ནིས་སམ་ཕྱེ་མ་ལ་ག་བུར་གཙོ་བྱས་པའི་ཕྱེ་མ་དང་། ཙན་དན་གཙོ་བྱས་པ། གུར་གུམ་གཙོ་བྱས་པ། ཅུ་གང་གཙོ་བྱས་པའི་ཕྱེ་མ་བཅས་གཏོང་། གཉིས་པ་སྦྱོང་བྱེད་ལ་བཤལ་གཏོང་དགོས་ཤིང་དེ་ལའང་སྤྱི་བཤལ་ཅེས་ཚ་གྲང་དོན་སྣོད་སོགས་ལ་ལྟོས་མི་དགོས་པར་ཀུན་ལ་རྒྱུག་པའི་སྤྱི་བཤལ་གྱི་རིགས་དང་། སྒོས་བཤལ་ཏེ་དམིགས་ཀྱིས་དགར་ཏེ་བཤལ་གཏོང་བ་དང་། དྲག་བཤལ་དང་འཇམ་བཤལ་བཅས་གཏོང་། དཔྱད་ལ་རྔུལ་དབྱུང་བ་དང་། གཏར་ག་འདེབས་པ་དང། ཆུ་ཡི་འཕྲུལ་འཁོར་རམ་ཆུའི་རྦ་འོག་ཏུ་སྡོད་པའམ་ཆུ་བསིལ་སྣོད་དུ་བླུགས་ཏེ་དུགས་རྒྱགས་པ་བཅས་ཀྱིས་བཅོས།

 

 

 

གསུམ་པ། བད་ཀན་གྱི་ནད་རྟགས་སོགས་བརྗོད་པར་བྱ། བད་ཀན་ནད་སློང་རྐྱེན་གྱི་ཟས་སྤྱོད་ནི། ལྕི་ལ་སྣུམ་པའི་ཟས་སྐོམ་ཕག་ཤ་དང་ལོ་ཤུར་སོགས་དང༌། སྤྱོད་ལམ་ནི་རླན་གྱི་སྟེང་དུ་ཉལ་བ་དང་སྐུ་མཉེ་མང་དུ་བྱེད་པ་སོགས་ཀྱི་རྐྱེན་གྱིས་དང་ཁ་མི་བདེ་བ་དང༌། ཁ་ཟས་གང་ཟོས་ཀྱང་འཇུ་དཀའ་བ། ཡང་ཡང་དུ་སྐྱུག་ཅིང་ཁ་མངལ་བ་སྟེ་རོ་མི་གསལ་ལ་བརླན་བག་ཅན་དང༌། ཕོ་བ་འཚིང་བ་སྟེ་བརྒྱངས་པ་ལྟར་ཡང་ཡང་དུ་སྒྲེག་པ་འབྱུང་བ། ལུས་སེམས་ལྷན་ཅིག་ཏུ་ལྕི་ལ། ལུས་ཀྱི་ཕྱི་ནང་གཉིས་ཀ་གྲང་བར་སྣང་བ་དང་ཟས་ཟོས་པའི་རྗེས་དེ་འཕྲལ་ལ་མི་བདེ་བ་འབྱུང་བ་བཅས་ཀྱི་རྟགས་འབྱུང་ཞིང་ཟས་དང་སྤྱོད་ལམ་དྲོ་ན་ཕན་པར་བྱེད། ན་སོའི་ཆ་ནས་བྱིས་པ་བད་ཀན་གྱི་ཤུགས་ཆེ་ལ། ཡུལ་གྱི་ཆ་ནས་རླན་ཅན་སྣུམ་པའི་གནས་སུ་བད་ཀན་གྱི་ནད་སློང་སྐྱེན་པ། དུས་ཀྱི་ཆ་ནས་དཔྱིད་དུས་སྲོད་དང་སྔ་དྲོའི་དུས་སུ་བད་ཀན་གྱི་ནད་ལྡང་བར་བྱེད། བཅོས་ཐབས་ནི།  ལུག་གི་ཤ་དང༌། གཡག་རྒོད་དམ་བྱང་གི་འབྲོང་ངམ་ཡུལ་གྱི་གཡག་གི་ཤ། གཅན་གཟན་ནམ་རྩལ་མཐུས་ཟ་བའི་ཤ་རྣམས་དང༌། ཉ་ཤ་(ཉ་རློན་པ་ལྕི་བ་ཡིན་པས་འདིར་ ཉ་ཤ་བཙོས་པའམ་སྐམ་པོ་ཡིན །)དང༌། སྦྲང་རྩི་དང༌། སྐམ་ས་ཚ་གདུང་ཅན་དུ་སྐྱེས་པའི་འབྲུ་རྙིང་གི་ཟན་དྲོན་སྡོར་ལྡན་དང་། འབྲིའི་ཞོ་དར། གར་ཆང་ནར་སོན་དང༌། ཆུ་བསྐོལ་ཚ་མོ་བཅས་བད་ཀན་ནད་གཞི་ཅན་གྱི་ཟས་སྐོམ་གྱི་རིགས་ཡིན་པས་བསྟེན་ན་བཟང་། སྤྱོད་ལམ་གྱི་ཐད་ནས་བད་ཀན་ནད་ཅན་གྱི་རིགས་ལ་གནས་དྲོད་སར་ལུས་ཀྱིས་རྩོལ་བཅག་བྱེད། སྨན་གྱི་ཐད་ལ། སྨན་གྱི་རོ་ནུས་ཀྱི་ཆ་ནས་ཚ་བ་དང་། སྐྱུར་བ། བསྐ་བ། རྣོ་བ། རྩུབ་པ། ཡང་བ་བཅས་་ཡིན་ལ་དེ་ཡང་སྦྱོར་བ་ལ་ཞི་བྱེད་དང་སྦྱོང་བྱེད་གཉིས་ལས། དང་པོ་ཞི་བྱེད་ལ་ ་རིལ་བུ་དང་ཏྲེས་སམ་མམ་ཕྱེ་མ་གཉིས་སུ་དབྱེ། ༡། བཙན་དུག་གིས་གཙོ་བོ་བྱས་པའི་རིལ་བུ་དང༌། ཁ་རུ་ཚ་ལ་སོགས་པའི་ཚ་སྣ་རྣམས་ཀྱི་རིལ་བུ་སོགས་གཏོང་། ༢། ཏྲེས་སམ་མམ་ཕྱེ་མ་ལ་སེ་འབྲུ་གཙོ་བོ་བྱས་པའི་ཕྱེ་མ་དང༌། ད་ལིས་གཙོ་བོ་བྱས་པ། གནོད་སྦྱིན་རྒོད་མ་ཁའི་(སྔོན་བྱུང་གཏམ་རྒྱུད་དང་སྦྱར་ཏེ་བཏགས་པའི་མིང་།)སྦྱོར་བའམ་ཀ་རཉྫའི་སྦྱོར་བ་དང༌། ཚ་བསྲེགས་ཀྱི་སྦྱོར་བ་དང༌། ཅོང་ཞི་བསྲེགས་པའི་ཐལ་སྨན་བཅས་གཏོང་། གཉིས་པ་སྦྱོང་བྱེད་ལ་སྐྱུགས་ཀྱིས་སྦྱོང་དགོས་ཤིང་། དེ་ལའང་དྲག་པོར་སྐྱུགས་པ་དང་། འཇམ་པོར་སྐྱུགས་པ་བཅས་གཏོང་། དཔྱད་ལ་དུགས་སམ་བསྲོ་བའི་རིགས་དང་མེ་བཙའ་སོགས་ཀྱིས་བཅོས་པར་བྱའོ།། 

ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༡༦ ། ཟླ་ ༡། ཚེས་ ༣༠། ཉིན།

ངོ་སྤྲོད།

Post navigation

Previous Post: བུ་མོ་སྒྲོལ་མ། ༼གླུ་གཞས།༽
Next Post: ཕེབས་སྐྱེལ་སྨྲེ་ངག

Comments (8) on “རླུང་མཁྲིས་བད་ཀན་གསུམ་གྱི་སྐོར་མདོར་བསྡུས་བརྗོད་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 7:16 am

    ་་་་་་་་་་ སྤྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་སྐྱེད་པར་གསུང་ཞིང་། དེའང་འདོད་ཆགས་ལས་རླུང་དང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན་བཅས་སྐྱེད་པར་བྱེད། ་་་་་་་་་་་་

  2. ཇུང་ཏོག་ says:
    2016-01-30 at 8:50 am

    བོད་སྨན་གྱི་བཅོས་ཐབས་ཚང་མ་སེམས་ཅན་གྱི་ཤ་ཁྲག་རུས་གསུམ་རེད་འདུག་ན་ནང་ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས་ཟེར་བ་དང་ཡོངས་འགལ་འདུག་ད་ནས་སྙིག་དོར་བཅུད་ལེན་གྱི་ལམ་ནས་
    ཡར་འཐོན་རྒྱལ་ཁབ་ཀྱི་སྨན་སྦྱོར་ལ་སློབ་སྦྱོང་
    གནང་ནས་བོད་མིའི་སྨན་སྦྱོར་ལ་ལེགས་སྐྱེས་འབུལ་ཐུབ་པའི་འགན་འཁུར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུང་ནས་བཞེས་དགོས་པ་མ་རེད་དམ་།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-30 at 11:27 am

    ་་་་བྱུང་།
    བོད་ཆོས་སེམས་ལ་ཕན་བྱུང་། །
    བོད་སྨན་ལུས་ལ་ཕན་བྱུང་། །
    སྨན་བླ་སྨན་པ་དྲན་བྱུང་། །
    སྔོན་མ་ན་བ་དྲན་བྱུང་། །

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-31 at 12:31 am

    གཡུ་སྒང་དགེ་འདུན་མཆོག་གིས་བོད་ཀྱི་སྨན་གཞུང་ལྟར་ལུས་ཁམས་འཕྲོད་བསྟེན་སྐོར་བྲིས་པར་དགའ་བསུ།
    རྩོམ་ཡིག་དག་པས་དགའ་བ་སྐྱེད་འོས་པ་ཞིག་ཏུ་སྣང་། འོན་ཀྱང་མིང་ཚིག་འགའ་ཤས་ལ་རྟོག་དཔྱོད་བྱེད་ན་བོད་སྐད་ལ་ཕན། དེ་ཡང་།
    ནད་སློང་སྐྱེན་པ། འདིའི་ནང་གི་སྐྱེན་པ་མགྱོགས་པའི་དོན་ཡིན་ན། རྩོད་པ་མི་དགོས།
    དབྱར་དུས་དགོང་དང་ཐོ་རངས་ལ་རླུང་ནད་ལྡང་། ཞེས་པ་འདིའི་ནང་གི་དགོང་ལ་སྨན་གཞུང་རྙིང་པ་དག་ན། སའི་ཡང་འཇུག་མེད་པ་འདུག་གམ། ཡོད་ན་བོད་་ལུགས་ཀྱི་དཔེ་ཆའི་སྐད་དག་དང་། དེ་དག་གཞིར་བཟུང་ནས་བྲིས་པའི་དག་ཡིག་རྣམས་དང་འགལ་ལོ།
    ་
    ་དུགས་རྒྱགས་པ་བཅས་ཀྱིས་བཅོས། འདིའི་ནང་གི་རྒྱགས་ཞེས་པར་རྒྱབ་ཞེས་ན། དཔེ་ཆའི་སྐད་དང་མཐུན།
    ནད་སློང་རྐྱེན། ཞེས་རྐྱེན་དང་སྐྱེན་ཞེས་བོད་ཀྱིས་ལུང་པ་འགའ་རེར་མ་གཏོགས། ར་ལ་ས་རྣམས་ཀྱི་ཟུར་སྒྲ་ཁ་སྐད་དུ་འཐོན་པར་མ་མཐོང་། འཐོན་ན། དཔེ་ཆར་མ་སྦྱངས་པ་ཞིག་གིས་ཀྱང་། ལྡངས་ཞེས་དག་པར་འབྲིའོ།

  5. གཡུ་སྒང་དགེ་འདུན། says:
    2016-01-31 at 11:10 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་མཆན་སྤེལ་བར་ཐུགས་རྗེ་ཆེ་ཞུ།
    ང་ལ་ཕན་ཐོགས་བྱུང་། ནད་སློང་སྐྱེན་པ། ཞེས་པ་མགྱོགས་པའི་དོན་རེད།
    དབྱར་དུས་དགོང་དང་ཐོ་རངས་ལ་རླུང་ནད་ལྡང་། ཞེས་པ་འདི་དགོང་དྲོའི་དགོང་ཡིན་པའི་ས་ཡོད་པ་མ་རེད་ཞུ་རྒྱུ།
    ་
    ་དུགས་རྒྱགས་པ་བཅས་ཀྱིས་བཅོས། ཞེས་པ་འདི་དུགས་རྒྱག་པ་ཞེས་འབྲི་དགོས་ཡང་འཇུག་ས་དེ་ནོར་བ་རེད། དགོངས་དག་ཞུ། རྒྱབ་མ་རེད་སྙམ།

    ནད་སློང་རྐྱེན། ཞེས་རྐྱེན་དང་སྐྱེན་ཞེས་བོད་ཀྱིས་ལུང་པ་འགའ་རེར་མ་གཏོགས། ར་ལ་ས་རྣམས་ཀྱི་ཟུར་སྒྲ་ཁ་སྐད་དུ་འཐོན་པར་མ་མཐོང་། འཐོན་ན། དཔེ་ཆར་མ་སྦྱངས་པ་ཞིག་གིས་ཀྱང་། ལྡངས་ཞེས་དག་པར་འབྲིའོ།

    འདིའི་ཚིག་དོན་ཏག་ཏག་ཅིག་ཧ་མ་གོ་བས་དགོངས་འགལ་མེད་པར་ཞུ། ཡིན་ནའང་ནད་སློང་རྐྱེན་ཞེས་ནད་སློང་བར་བྱེད་པའི་རྐྱེན་ལ་གོ་དགོས་པས་རྐྱེན་འདི་འབྲི་དགོས་པ་དང་། ནད་སློང་རྐྱེན་པ་ཞེས་ནད་སློང་བ་མགྱོགས་པའི་དོན་ཡིན་པས་སྐྱེན་འདི་འབྲི་དགོས། ལུང་པ་འགའ་རེར་ཞེས་པའི་ཚིག་དོན་དེ་དག་དང་འདིའི་བར་འབྲེལ་བ་དེ་འདྲ་མེད་པར་འདོད།

  6. གཡུ་སྒང་དགེ་འདུན། says:
    2016-01-31 at 11:11 pm

    ཡིག་ནོར་དང་ཚིག་སྦྱོར་བཅོས་མཁན་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 12:01 am

    རྒྱུད་བཞི་ལས།
    ་་་་་་་་་་་་ ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།། ་་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2016-02-01 at 12:08 am

    ཡང་།
    རྒྱུད་བཞི་ལས་གདོན་གྱི་སྐོར་ལ།
    ་
    སྨྱོ་དང་བརྗེད་བྱེད་ཕལ་ཆེར་གདོན་གྱུར་པས། །
    བསྐང་བཤགས་ཁྲུས་གཏོར་བདེན་བདར་ཞི་བའི་བསྟེན། །
    ཆུ་གཏོར་ཀླུ་ཆོག་གཏོར་མས་བྲིད་ལ་བཅོས། །
    ཐ་མ་དྲག་པོའི་ལས་ཀྱིས་མཐའ་རུ་བསྐྱལ། །ཞེས་གསུངསོ།། །།
    ཞེས་གསུངས་པ་འདི་ཡང་བོད་མིའི་ཆོས་དང་ལེགས་བྱང་གི་ཡིད་ཆེས་བྱ་སའི་གཞི་མ་ཅིག་ཀྱང་ཡིན་ངེས་པས་ཀུན་གྱིས་བསླབ་པ་ལ་རྟག་འགྲུས་གྱིས་ཤིག་གུ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme