Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལམ་རིམ་ཁྲིད་ཆེན་༡༨ ཀྱི་མཇུག་འབྲས།

Posted on 2016-01-232016-01-23 By ཁ་བརྡ 21 Comments on ལམ་རིམ་ཁྲིད་ཆེན་༡༨ ཀྱི་མཇུག་འབྲས།

unnamed-3—-ནམ་མཁའ།
 
ཁ་སང་དེ་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོད་ཚད་སེམས་འཚུབ་ཀྱི་ངང་བསྡད་ཡོད། དེ་ནི་གཞན་ཞིག་མ་ཡིན་པར་བོད་མི་ས་ཡ་དྲུག་གི་ཁོག་པའི་སྙིང་གཅིག་ཡོད་པ་སྟེ། སྤྱི་ནོར་༧གོང་ས༧མཆོག་གི་སྐུའི་འཕྲོད་བསྟེན་སྐོར་རེད། ༡༩/༡/༢༠༡༦ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཨ་རིར་སྨན་བཅོས་གནང་བར་ཕེབས།

གྷ་གྷལ་གནམ་ཐང་ནས་ཕེབས་ཁར་གསར་འགོད་པ་ཚོར། སྤྱིར་སྐུ་གཟུགས་བདེ་ཐང་ཡིན། ཡིན་ཡང་ཨ་རིའི་མ་ཡོ་སྨན་ཁང་དུ་བརྟག་དཔྱད་ཀྱིས་ན་ཚ་ཕྲན་བུ་ཡོད་ཚེ། སྨན་བཅོས་ཡག་པོ་གནང་གི་རེད་ཅེས་གསུངས་པ་དང་མཉམ་དུ། སྐུ་མདུན་གྱིས་སྐུའི་སྤྱན་ཤེལ་ཕུད་དེ་ངའི་མིག་ཅུང་ཟད་སྐྲངས་འདུག་ཅེས་གསར་འགོད་པ་ཚོར་སྤྱན་བསྟན་ཡོད་པ་དེ། གསར་ལམ་ཁག་དང་དྲ་ལམ་གང་སར་མཐོང་རྒྱུ་ཡོད་པས། བོད་མི་ཡོད་ཚད་ཀྱིས་སེམས་སུ་རྔམ་སྐྲགས་བྱུང་པ་དང་།

དེ་དང་རྐྱེན་བྱས་ཏེ་བཙན་བྱོལ་གཞུང་གིས་ཀྱང་། གནས་ཆུང་སྐུ་རྟེན་ལ་ལུང་བསྟན་ཞུས་ཏེ། ཞབས་རིམ་གང་ཞིག་སྒྲུབ་དགོས་མིན་ཞུས་པས།གནས་ཆུང་གིས་ཀྱང་ལུང་བསྟན་ཞིག་ཕེབས་ནས་ཞབས་རིམ་སྨན་བླའི་གཟུངས་བསྔགས་དང་རྒྱལ་བའི་གཟུངས་བསྔགས་གང་ནུས་སྒྲུབ་དགོས་བའི་བཀའ་ལུང་ཕེབས་རྗེས། ཆོས་རིག་ལས་ཁུང་གིས་ཀྱང་དེ་བཞིན་གསལ་བརྡ་ཛ་དྲག་གིས་བྱས་པ་རེད།
འདི་འདྲའི་ཛ་དྲག་གི་གསལ་བརྡ་བྱེད་མ་བྱས་བའི་སྔོན་ནས། འབྲེལ་ཡོད་སྲི་ཞུ་ལས་ཀྱི་སྣེ་མོ་ཚོས་གསན་ཡོད་ངེས་རེད། གལ་སྲིད་གསན་མེད་ཚེ། ༢༠༡༥ ལོའིཟླ་བ་༥ ཚེས ཉིན་༧གོང་ས༧མཆོག་གིས་རྒྱུད་སྟོད་གྲྭ་ཚང་ནས་གསུང་ཆོས་གནང་སྐབས། གསུང་ཆོས་ཉིན་མང་པོ་བསྟུད་ནས་བྱས་ན་ང་རང་ཐང་ཆད་ཀྱི་འདུག་ཅེས་ཞལ་ནས་དངོས་སུ་གསུངས་པ་རེད། འབྲེལ་ཐག་འདིར་ལྟོས་དང་གསལ་བོར་རྟོགས་ཐུབ།

༢༠༡༥ ཟླ་ ༥ ཚེས་ ༡༠ ཉིན་དཔལ་རྒྱུད་སྟོད་གྲྭ་ཚང་དུ་བཀའ་ཆོས་བཀྲིན་སྩལ་བ།https://www.youtube.com/watch?v=AnDlaXwz0XM&feature=share

༄༅།།ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༠ ཉིན་དཔལ་རྒྱུད་སྟོད་གྲྭ་ཚང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་…
YOUTUBE.COM

ཡིན་ན་ཡང་། གང་ཞིག་བཤད་དགོས་མིན་ཡང་མི་ཤེས་མོད། འོན་ཀྱང་ཕྲན་གྱིས་འདིར་བློ་ཕམ་པ་ཞིག་ལ།ཞེས་འབྲི་འདོད་སྐྱེས། རྒྱུ་མཚན་ནི། ༧གོང་ས་༧མཆོག་གིས་ཞལ་ནས་དངོས་སུ་ཆོས་འབྲེལ་ཉིན་མང་པོར་བསྟུད་ཚེ། ང་རང་གི་གཟུགས་པོ་ཅུང་ཟད་ཐང་ཀྱི་འདུག སྔོན་མ་ལོ་གཞོན་པའི་སྐབས་དང་ཅུང་ཟད་མི་འདྲ་བ་འདུག་ཞེས་གསུངས་པའི་ཚིག་དེ། གསུངས་ཆོས་རེ་སྐུལ་ཞུ་མཁན་དང་། འབྲེལ་ཡོད་ལས་ཀྱི་སྣེ་མོ་ཚོའི་རྣ་དབང་ལ་ལྕགས་ཁྲབ་གཡོགས་པ་ལྟར་སྣང་མེད་རྒྱ་ཡན་ཏུ་བཏང་སོང་སྙམ་པས།

ང་ཚོས་ཁ་ཕྱིར་འཁོར་ནས་ཟླ་གཅིག་གི་ཡར་སྔོན་ལ་ཕྱིར་བལྟས་ཏེ། བསམ་གཞིགས་བྱེད་དགོས་པ་ཞིག་ལ། དགུང་ལོ་༨༠ཕེབས་པའི་༧གོང་ས་མཆོག་༢༠༡༥ ལོའི་ཟླ་༡༢/ཚེས་༤ ཉིན། རྡ་ས་ནས་ཕེབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་ཚ་བའི་ལུང་པ་ཧོན་སོར་གཞི་ཆགས་ཀྱི་རྒྱུད་སྨད་གྲྭ་ཚང་དུ་ཕེབས། ཕྱི་ཟླ་༡༢ཚེས༨ནས་འགོ་བཙུགས་ཏེ་ཚེས་༡༢ བར་གསུངས་ཆོས་བསྩལ། དེ་ནས་སེ་ར་བྱེས་ཕེབས་ཏེ། ཚན་རིག་པ་དང་ལྷན་དུ་སེམས་དང་ཚེ་སྲོག་གི་བགྲོ་གླེང་ཉིན་བཞིའི་རིང་གནང་པའི་སྐབས། སྐུ་ཆམ་བཞེས་ཏེ་ཞལ་ཐུམ་གྱོན་ཡོད་པ་ཀུན་གྱིས་མཐོང་ཡོད་ངེས་རེད། ཡིན་ན་ཡང་། བར་གསེང་ནས་སྐུ་ངལ་གསོ་ཁོམ་ཙམ་ཡང་མེད་པར། རྙོག་འཛིངས་ཅན་གྱི་སེར་སྨད་སྤོ་འབོ་རའི་ཁང་ཚན་གྱི་སྒོ་འབྱེད་སོགས་གནང་བ་རེད།

སེམས་དང་ཚེ་སྲོག་གི་བགྲོ་གླེང་ཚར་མ་ཐག་བྱེས་ཀྱི་བཀྲ་ཤིས་ལྷུན་པོའི་འདུ་ཁང་གསར་བའི་སྒོ་འབྱེད་གནང་བ་དང་། དེའི་རྗེས་དེ་མ་ཐག་ཚད་མ་རྣམ་འགྲེལ་གྱི་ཞལ་ལུང་ཉིན་གཅིག་གནང་ཡོད། དེའི་རྗེས་ཀྱི་ཚེས༢༠ནས་འགོ་འཛུགས་གནང་སྟེ། ཚེས་༢༩ བར་ལམ་རིམ་ཁྲིད་ཆེན་༡༨ གྱི་འཕྲོ་ཤོག་ལྷེ་༥༠༠ ལྷག་ཡོད་པ་དེ་མཇུག་བསྐྱངས་ཏེ་ལམ་རིམ་ཁྲིད་ཆེན་༡༨ མཇུག་སྒྲིལ། ཚེས་༣༠/༣༡ ཉིན་གཉིས་རིང་བཀའ་གདམ་ཐིག་ལེ་༡༦ དབང་བསྩལ་བ་སོགས་ཀྱིས་ཉིན་གཅིག་ཀྱང་སྐུ་ངལ་གསོ་ཐུབ་མེད་པར།
ཕལ་ཆེར་ཟླ་བ་གཅིག་གི་རིང་དགུང་ལོ་༨༠ ཅན་གྱི་༧གོང་ས༧མཆོག་ལ། ཞལ་ལྕེ་སྐམ་རག་བར་དང་སྤྱན་སྐྲངས་རག་བར་དུ་གསུང་ཆོས་གནང་དུ་བཅུག་པ་དང་། མཇལ་འཕྲད་གནང་བ་སོགས་བྱས་ཏེ་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིན་པ་དེའི་འབྲས་བུ་ཁ་སང་དེ་རིང་གི་གནས་ཚུལ་འདི་བྱུང་བ་རེད།

ང་ཚོ་སེར་སྐྱ་སུ་ཡིན་ཡང་ཤེས་དགོས་པའི་དོན་གནད་གལ་ཆེན་ཞིག་ལ། ༧གོང་ས་མཆོག་ཐུགས་རྒྱུད་སྤྱན་རས་གཟིགས་ཡིན་ན་ཡང་། མི་ཡི་ཤ་ཚུགས་ཅན་དུ་ཕེབས་ཡོད་སྟབས། ང་ཚོ་ནང་བཞིན་སྐུ་ཐང་ཆད་ཀྱི་ཡོད་པ་དེ་རེད།

ཕྲན་གྱིས་འདིར་ཞུ་འདོད་པ་གཙོ་བོ་ཞིག་ནི། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་སྲི་ཞུ་ལས་མི་དང་། དགའ་ལྡན་ཕོ་བྲང་གི་སྲི་ཞུ་མི་སྣ་ཚོས་༧གོང་ས་མཆོག་གི་སྐུ་ངལ་གསོ་ཆེད། གསུང་ཆོས་ཞུ་སྐུལ་ཚོ་དང་། དེ་མིན་ནུབ་ཕྱོགས་ལུང་པའི་ཆོས་ཚོགས་འདྲ་མིན། ཚོགས་པ་འདྲ་མིན་གྱིས་མཛད་སྒོ་སོགས་སུ་གདན་འདྲེན་ཞུ་རྒྱུ་དེ་ཉུང་དུ་གཏོང་དགོས་བར་འདུག་སྙམ།

སྔོན་མ་དུས་རབས་ཉི་ཤུའི་ལོ་རབས་༩༠ ནང་། དམངས་གཙོ་གསར་ཤོག་ཐོག་དབྱིན་རྩོམ་པ་འཇམ་དབྱངས་ནོར་བུས་འདི་ལྟར་བྲིས་ཡོད་པ་ཞིག་དྲན་སོང་། ཁོ་རང་ལ་ངོ་ཤེས་ཐ་མག་ནག་པོ་འཐེན་མཁན་དབྱིན་ཅི་མགོ་སེར་ཞིག་ཡོད། དེས་ཁོས་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཚར་ཁ་ཤས་ཞུས་པ་ཡིན་ཟེར་པས། རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་ཡ་ལས་སླ་བོ་འདུག་ཟེར་བ་ལས། རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་ཡ་དཀའ་ལས་ཁག་པོ་འདུག་ལབ་ན། གཟི་བརྗིད་ཆེ་བ་འདུག་ཅེས་བྲིས་པ་ཡོད་པ་དེ་དྲན་སོང་།

ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར། ཕྱི་རྒྱལ་མི་རིགས་ཞིག་༧གོང་ས་མཆོག་ལ་མཇལ་ཁ་ཞུ་ཡ་དང་། བོད་མི་ཉམ་ཆུང་༧གོང་ས་མཆོག་ལ་མཇལ་ཁ་ཞུ་ཡ་གཉིས་ལས། ཕྱི་རྒྱལ་མི་རིགས་དེ་མཇལ་ཁ་ལས་སླ་བོ་སྒོ་ནས་རེག་གི་ཡོད། བོད་མི་ཉམ་ཆུང་དེས་རྡ་སའི་གངས་སྐྱིད་ནས་བཟུང་། སྒང་གི་དགའ་ལྡན་ཕོ་བྲང་བར་གྱི་རྐང་ལམ་ཀྱ་ཀྱོག་མང་པོ་བརྒྱུད་དགོས་པ་མ་ཟད། ད་རུང་དེ་ལྟར་བརྒྱུད་ནས་སོང་ཀྱང་༧གོང་ས་མཇལ་ཁ་རེག་ཡ་དཀའ་ལས་ཁག་པོ་རེད།

དེས་རྐྱེན་སྐབས་རེ་ཕྲན་གྱི་སེམས་ནང་འདི་འདྲ་ཡང་འཁོར་མྱོང་ཡོད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་དེ་ཚོང་རྟེན་བྱེད་པ་བཞིན། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་སའི་འབྲེལ་ཡོད་སྲི་ཞུ་ཁྲམ་པ་འགའ་ཤས་ཀྱིས་ཀྱང་ཚོང་རྟེན་འདྲ་བྱེད་ཀྱི་མེད་དམ་སྙམ་པའི་ཚོར་བ་ཡང་སྐྱེས་མྱོང་ཡོད། ཡིན་ཡང་འདི་ནི་ཕྲན་ལྟ་བུ་རྣམ་རྟོག་ལ་མཐའ་མེད་པའི་མི་ཞིག་བསམ་ཚུལ་ཡིན་པས་ཕོག་ཐུག་འགྲོ་མཁན་ཚོར་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།

སྤྱིར་བཏང་༧གོང་ས་མཆོག་གི་སྐུ་ངལ་གསོ་མིན་དེ་འབྲེལ་ཡོད་དགའ་ལྡན་ཕོ་བྲང་གི་སྲི་ཞུ་ལས་སྣེ་ཚོར་རག་ལས་ཡོད། ཡིན་ཡང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་ལས་ཁུངས་སོགས་ལ་ཡང་འོས་འགན་ཆེན་པོ་ཡོད་པ་གདོན་མི་ཟ་མོད། འོན་ཀྱང་ཁ་སང་དེ་རིང་སེང་གེ་བཀའ་ཤག་དང་། སྤེན་པ་གྲོས་ཚོགས་གཉིས་ཀྱི་བར་༼སྲིད་སྐྱོང་༽གི་རྐུབ་སྟེགས་འཕྲོག་རྩོད་ཀྱིས། ཁོ་གཉིས་ཀྱིས་རྭ་བརྡར་རེ་བྱས་ཏེ་རྭ་རྩེ་རུ་མེ་སྟག་མཆེད་ནས་འགྲོ་བཞིན་པའི་སྒང་ཡིན་སྟབས། ༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་དོ་ཁུར་བྱེད་མཁན་མི་དམངས་དཀྱུས་མ་ཚོར་ཆགས་པ་རེད།

སྔོན་མ་ལོ་ཤས་གོང་ལ། ཕྲན་གྱིས་༼ཏཱ་ལའི་བླ་མ་ངལ་གསོ་གནང་རོགས༽ཞེས་པའི་རྩོམ་ཐུང་ཞིག་བྲིས་སྐབས། བསམ་མེད་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ངལ་གསོ་མིན་ང་ཚོ་ལ་འགན་ཁུར་མེད་ཟེར་མཁན་ཡང་བྱུང་མོད། འོན་ཏེ། དེ་རིང་བསྐྱར་དུ་༧ཏཱ་ལའི་བླ་མ་སྐུ་ངལ་གསོ་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་ལ། འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཁྱེད་ཚོས་ཀྱང་རང་གི་མཛུབ་མོ་བཅུ་བོ་བྲང་ལ་སྦྱར་ཏེ།བསམ་གཞིགས་གནང་རོགས་ཞུ།
ཁྱེད་ཅག་གི་ཕ་མ་ལོ་༨༠ ཕེབས་དུས། ད་རུང་ཡང་རང་གི་ཁྱིམ་ཚང་གི་ཆེད་དུ་ལས་བཀོལ་བྱེད་རྒྱུ་ཡིན་ནམ། ང་ཚོ་ཆ་ཚང་གིས་ཁ་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་ཁ་གཡང་སྙན་མོ་སྒྲོག་མོད། འོན་ཀྱང་འབྲེལ་ཡོད་ལས་སྣེ་ཚོ་གཙོ་བྱས་ཏེ། སེར་སྐྱ་གཉིས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་སྐུ་ཚེ་བརྟན་པའི་ཐབས་ལམ་ཞིག་བཙལ་གྱི་མི་འདུག་སྙམ་པས།༧གོང་ས༧མཆོག་ལ་གསུང་ཆོས་རེ་སྐུལ་ཞུ་དང་།ཡར་མར་ཀུན་ལ་གདན་འདྲེན་ཞུ་རྒྱུ་དེ་ཉུང་འཕྲི་བྱེད་དགོས། ཞེས་འབོད་སྐུལ་ཞུ་བཞིན་ཡོད།

༢༣/༡/༢༠༡༦ ལ་ཡོ་རུབ་ནས་བྲིས།

བསམ་ཚུལ།

Post navigation

Previous Post: ཆོས་རྒྱམ་དྲུང་པའི་རྣམ་ཐར་འདི་གཉིས་བོད་ཡིག་ལ་བསྒྱུར་ཟིན་ནམ།
Next Post: ཚུལ་བློས་བཀའ་བརྒྱུད་པ་ལ་གདམས་པ།

Comments (21) on “ལམ་རིམ་ཁྲིད་ཆེན་༡༨ ཀྱི་མཇུག་འབྲས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-23 at 4:38 pm

    ཡག་པོ་བྲིས་འདུག་ལ་་་་ཞོར་དུ་བདེ་སྲུང་བཀའ་བློན་འཇོན་རྒྱུ་མེད་མཁན་དེར་འགན་ཅིག་ཡོད་མ་རེད་དམ། དེ་ཡང་གང་ན་ཉལ་སྡོད་ཡོད་དམ། གནས་ཆུང་གིས་ཆོ་མེད་ལུང་བསྟན་དེ་འདྲ་རྐྱང་པ་ལས་ཆུ་མ་ཡོང་གོང་ནས་རག་རྒྱག་མི་ཤེས་ཀི་་་་་ག་རེ་གནས་ཆུང་རེད་དམ།

  2. རྟེན་འབྱུང says:
    2016-01-23 at 4:49 pm

    ངོ་མ་རེད། འབྲེལ་ཡོད་ལས་བྱེད་ཚོས་གཟབ་གཟབ་གནང་ན་མ་གཏོགས། ཁྱེད་ཚོ་ལ་མི་མང་གིས་ངོ་རྒོལ་བྱེད་སྲིད། དེ་དུས་འགྱོད་ན་གླེན་པ་ཟེར་བ་ཆགས་པ་རེད། སོ་སོའི་ངོ་ཤེས་དང་མི་ཆེན་ངོ་ཆེན་ལ་མཇལ་ཁ་མང་པོ་རག་བདེ་བོ་འདུག་ཟེར་ནས་སྔ་མོ་ནས་རྙོག་གླེང་ཡོད་པ་ཞིག་རེད། མ་ཟད་མི་སུ་ཞིག་གིས་གསུང་ཆོས་འདི་འདྲ་ཞིག་གནང་རོགས་ཟེར་ནས་ཞུ་ཚར་ན་༧གོང་ས་མཆོག་གིས་མིན་མི་གསུང་བ་ཆོས་ཉིད་ལྟ་བུ་རེད། མཇལ་ཁ་ཞུ་སྐབས་ཀྱང་མི་ཧམ་པ་ཚ་བོ་ཚོས་སྐུ་མདུན་མཉམ་དུ་སྐུ་པར་སྒྲོན་ཆོག་པ་བྱས་ཟེར་ནས་ཞུ་སྐབས་མིན་མི་གསུང་བ་ལྟ་བུ་རེད། དེར་བརྟེན་འབྲེལ་ཡོད་ལས་བྱེད་ཚོས་རང་ངོས་ནས་མཇལ་ཁ་དང་། གསུང་ཆོས་ཞུ་ཆོག་མི་ཆོག མཇལ་ཁ་སྐབས་སྐུ་པར་སྒྲོན་རྒྱུར་དོ་བདག་རང་ངོས་ནས་ཞུ་མི་ཆོག་པ། ཡར་མར་ཕེབས་སྐབས་ལམ་ཁའི་གཡས་གཡོན་ནས་འཚང་ཁ་རྒྱག་ཏུ་མི་འཇུག་པ་ལ་སོགས་སྟངས་འཛིན་ནན་མོ་གནང་ན་མ་གཏོགས་མི་མང་གིས་ཁྱེད་ཚོར་ངོ་རྒོལ་རྒྱག་སྲིད། རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་གི་འགན་ཡོངས་རྫོགས་ཁྱེད་ཚོ་འབྲེལ་ཡོད་ལས་བྱེད་ཚོར་ཁོ་ན་ཡོད་པ་ཤེས་དགོས།

  3. ཚ་ཕྲུག་རྒྱལ། says:
    2016-01-23 at 6:13 pm

    རྒྱལ་བ་རིན་པོ་ཆེའི་མཛད་འཆར་དང་མི་སྣ་མཇལ་འཕྲད་་སོགས་ཀྱི་མཛད་འགན་གཙོ་བོ་དེ་དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པར་ཡོད། སྐབས་རེ་དགའ་ལྡན་ཕོ་བྲང་གི་མཛད་གཙོ་རྣམ་པ་དང་འབྲེལ་བ་ཡོད་མེད་ཀྱིས་མཛད་འཆར་སྒྲིགས་ཀྱི་ཡོད་ཚུལ་གོ་རྒྱུ་ཡང་འདུག།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-23 at 10:59 pm

    ནམ་མཁའ་ལེགས་ཀྱིས་རང་གིས་ཞེ་འདོད་ལེགས་པར་བྲིས་པར་དགའ་བསུ།
    ་
    བོད་པ་ཡོངས་ཀྱི་རྣམ་འདྲེན་རྒྱལ་བའི་དབང་པོ་ཞབས་པད་བརྟན་པའི་ཕྱིར་དུ། རྣམ་འདྲེན་ཆེན་པོ་གང་གི་བཞེད་པ་ལྟར་བོད་ཡིག་དག་པར་དགོས།
    རྔམ་སྐྲགས། ཞེས་པར་དཔྱད་པ་བྱས་པས། རྔམ་ཞེས་པ་འདོད་པའི་དོན་དུ་སྣང། འདོད་རྔམ། ལྟ་བུའོ།
    དེས་ན། དངངས་སྐྲག ཅེས་པ་དག་པར་འདོད།
    སྩལ་ཅེས་པར་བསྩལ་ཅེས་འབྲི་བ་ནི་བོད་ཀྱི་སྐད་ལ་གནོད། བདག་སོགས་ཀྱིས་བོད་སྐད་དང་བོད་ཀྱི་རིག་གཞུང་ལ་གནོད་པའི་བྱ་བ་ཞིག་བྱེད་ན། རྒྱལ་དབང་མཆོག་སྐུ་ཚེ་མི་བརྟན་པའི་རྒྱུར་འགྱུར།
    ་
    ༡༩༩༢ལོར་ལ་དྭགས་ནས་ཟངས་དཀར་བརྒྱུད་དྷ་སར་འབྱོར་ཏེ། སྐུ་སྒེར་དྲུང་ཡིག་ཆེན་མོ་གནས་བརྟན་རྟ་རྭར་བཅར་ཏེ། གཟིམས་ཆུང་མཇལ་ཀ་ཞིག་འོང་བར་ཞུས་ཀྱང་། དེ་འདྲ་འོང་བར་དཀའ་ངལ་འདུག་གསུངས། དུས་ཀྱིས་མི་ལྡང་བས། མི་མངས་མཉམ་མཇལ་ཁར་འགྲོ་ཆོག་པ་ཞུས་པས། དེ་རང་དགའ་གསུངས། དེ་བཞིན་སྐུ་མདུན་དུ་མཇལ་སྐབས་སུ། གང་བྱེད་ཀྱིན་ཡོད་ཅེས་གསུངས། བྱིན་རླབས་ཤོག་འཐུམས་མང་དུ་སྩལ་ཏེ། བདག་ལ་བྱིན་གྱིས་བརླབས་པརམཛད་དོ།

    ་

  5. བླ་མ། says:
    2016-01-23 at 11:31 pm

    སྟོན་པས་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ཚུལ་རྣམས་སྟོན་པའི་དོན་གྱི་ཕྱིར།།
    འདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་པ། །སྤྱན་རས་གཟིགས་དང་དངོས་སུ་དབྱེར་མེད་པ།།
    འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་ཞབས་པད་བསྐལ་རྒྱར་བརྟན་པར་ཤོག།

  6. རིན་ཆེན says:
    2016-01-24 at 2:23 am

    འབྲེལ་ཡོད་ལས་ཁུང་དང་ལས་མི་ཚོའི་སམས་སུ་རྒྱལ་བ་རིན་པོ་ཐད་ཀྱི་དྲན་གི་མ་རེད། ཁོ་རང་ཚོའུ་ཁེ་ཕན་ཆེད་དུ་གང་འདོད་དུ་གདན་འདྲེན་ཞུས་ཏེ།སྐུ་ངལ་སྤྲད་ཀི་ཡོད་པ་མཐོང་གསལ་རེད

  7. ནམ་མཁའ says:
    2016-01-24 at 3:59 am

    རྣམ་པ་ཚོ་ཕེབས་ནས་རྒྱབ་སྐྱོར་དང་འབྲེལ་བསམ་ཚུལ་རེ་གསུངས་བ་བཀའ་དྲིན་ཆེ།ལྷག་པར་རྒན་འཇམ་དཔལ་ལགས་ཀྱིས་ཞིབ་དག་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
    གྷ་གྷལ་གནམ་ཐང་ནས་སྤྱན་ཤེལ་ཕུད་དེ་སྤྱན་ཅུང་ཟད་སྐྲང་ཡོད་པ་དེ།བསྟན་ས་གསར་འགོད་པ་ཚོ་ཡིན་མོད།འོན་ཀྱང་བལྟ་མཁན་གཙོ་བོ་ང་ཚོའི་འབྲེལ་ཡོད་ལས་མི་ཚོ་ཡིན། བོད་ཀྱི་གཏམ་དཔེ་ལ་ཡང་།བཤད་ས་བུ་མོ་དང་།ཉན་མཁན་མནའ་མ་ཡིན་ཟེར་བའི་དཔེ་ལྟར་རེད། སྐུ་མདུན་གྱིས་ལོ་གཅིག་གི་གོང་ནས་བཟུང་།དུས་རྒྱུན་ཏུ་འཇར་མན་སྨན་པ་ཞིག་གིས་གསུངས་པའི་ཚིག ཁྱོད་ལོ༡༨མ་རེད།ཁྱོད་ལོ༨༠རེད་ཟེར་བའི་ཚིག་དེ་དུས་རྒྱུན་ཏུ་མི་དམངས་འཛོམས་སར་གསུངས་བཞིན་ཡོད།གསུངས་འདི་ནི་ང་ཚོས་ཉན་ཤེས་དང་གོ་ཤེས་བྱེད་དགོས་གལ་ཆེ། འབྲེལ་ཡོད་ལས་བྱེད་ཚོས་གང་གཟབ་ཀྱིས་སྐུའི་འཕྲོད་བསྟེན་ལ་བསམ་གཞིགས་གནང་རོགས།དེ་མིན་ཕྲན་ལྟ་བུ་མི་ཕལ་བ་བླུན་པོ་ཞིག་གིས་ཞུ་འདོད་ཀྱང་། འབྲེལ་ཡོད་ལས་བྱེད་ཚོས་གཡོ་སྒྱུའི་ལམ་གྱི་འགག་རྡོ་ཆེན་པོ་དག་གཏོར་མི་ཐུབ་པས།འདིར་དྲ་ཐོག་ཏུ་བཀོད་པ་ཡིན།སྤྱིར་བཏང་བྱས་ན་གནས་ཆུང་ལྟ་བུ་ཞིག་ལ་ལུང་བསྟན་ཞུ་དགོས་བ་མི་འདུག ང་ཚོས་མིག་གིས་མཐོང་གསལ་ལ་སྐུ་མདུན་ཐང་ཆད་ནས་ཡོད་པ་སུས་བལྟས་ཀྱང་ཤེས་ཐུབ། ད་རུང་ཨུ་ཚུགས་ཀྱིས་ལུང་བསྟན་འདྲ་ཞིག་ཞུས་ཏེ་ཞབས་རིམ་སྒྲུབ་པར་ཛ་དྲག་གསལ་བརྡ་རྒྱག་གི་ཡོད། ཞབས་རིམ་ངོ་མ་དེ་སྐུ་ངལ་གསོ་བར་བཅུགས་ཏེ།སྐུ་ལྷོད་ལྷོད་བྱས་ཏེ་བཞུགས་ན་དེ་ནི་ཞབས་རིམ་ཡག་ཤོས་རེད་སྙམ།

  8. རིན་ཆེན says:
    2016-01-24 at 4:08 am

    སྐུ་སྒེར་ཡིག་ཚང་གི་དཀོར་གཟན་དེ་ཚོས་རྒྱལ་བ་རིན་པོ་ཡི་སྐུའི་འཕྲོད་བསྟེན་དང་།སྐུ་ངལ་ལ་བསམ་བློ་གཏོང་གི་རེད་དམ།ཁོ་ཚོའི་བྲོ་ཁོག་རྒྱག་ན་མཛད་འཆར་གང་མང་མང་བཟོ་གི་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 4:36 am

    ནམ་མཁས།
    ་་་་་་་་་ ང་ཚོ་སེར་སྐྱ་སུ་ཡིན་ཡང་ཤེས་དགོས་པའི་དོན་གནད་གལ་ཆེན་ཞིག་ལ། ༧གོང་ས་མཆོག་ཐུགས་རྒྱུད་སྤྱན་རས་གཟིགས་ཡིན་ན་ཡང་། མི་ཡི་ཤ་ཚུགས་ཅན་དུ་ཕེབས་ཡོད་སྟབས། ང་ཚོ་ནང་བཞིན་སྐུ་ཐང་ཆད་ཀྱི་ཡོད་པ་དེ་རེད། ་་་་་་་
    ་་་་་་་་ འོན་ཀྱང་ཁ་སང་དེ་རིང་སེང་གེ་བཀའ་ཤག་དང་། སྤེན་པ་གྲོས་ཚོགས་གཉིས་ཀྱི་བར་༼སྲིད་སྐྱོང་༽གི་རྐུབ་སྟེགས་འཕྲོག་རྩོད་ཀྱིས། ཁོ་གཉིས་ཀྱིས་རྭ་བརྡར་རེ་བྱས་ཏེ་རྭ་རྩེ་རུ་མེ་སྟག་མཆེད་ནས་འགྲོ་བཞིན་པའི་སྒང་ཡིན་སྟབས། ༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་དོ་ཁུར་བྱེད་མཁན་མི་དམངས་དཀྱུས་མ་ཚོར་ཆགས་པ་རེད། ་་་་་་་་
    ་་་་་་་་་ ༧གོང་ས༧མཆོག་ལ་གསུང་ཆོས་རེ་སྐུལ་ཞུ་དང་།ཡར་མར་ཀུན་ལ་གདན་འདྲེན་ཞུ་རྒྱུ་དེ་ཉུང་འཕྲི་བྱེད་དགོས། ཞེས་འབོད་སྐུལ་ཞུ་བཞིན་ཡོད།
    ༢༣/༡/༢༠༡༦ ལ་ཡོ་རུབ་༼རོབ་༽ནས་བྲིས། ་་་་་་་་་་་་་

  10. རྒྱ་ཞིང་མྱི་དཀར། says:
    2016-01-24 at 8:05 am

    སྐད་ཆ་ངོ་མ་འདིར་བཤད་འདུག་བདེན་པ་རེད་༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་ཕྲན་བུ་ཞིག་ཀྱང་གནང་གི་མེད་པ་ཧ་ཅང་གི་གསལ་བོ་རེད་དེར་བརྟེན་ལས་ཀྱི་སྣེ་མོ་དག་གིས་ཐུགས་བསམ་རྒྱ་གང་ཆེ་ཞིག་གནང་དགོས་བ་ཧ་ཅང་གལ་ཆེ། ལྷག་པར་དུ་དགོན་སྡེ་གྲྭ་ཚང་གི་ལས་སྣེ་དང་བླ་སྤྲུལ་མཁན་པོ་དང་ཕྱག་མཛོད་སོགས་ཀྱིས་རང་ཉིད་སྒེར་ལ་ཁེ་ཕན་དང་མཚན་སྙན་ཞིག་ཐུགས་ལ་མི་དགོངས་རྒྱུ་གལ་ཆེ། མཛད་སྒོ་ཙག་ཙིག་གི་རིགས་འདི་ད་ཕྱིན་ཆད་ཁ་དྲོ་མེད་པར་བཟོ་རོགས།

  11. རྒྱ་ཞིང་མྱི་དཀར། says:
    2016-01-24 at 8:08 am

    གོ་ཐོས་ལ་ད་ལོ་ཡང་སྤྲུལ་སྐུ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་གོ་སྐབས་ཚང་མ་མེད་པར་བཟོ་འདུག་ཟེར།

  12. བསོད་ནམས། says:
    2016-01-24 at 8:56 am

    སྟོད་པ་བྲེ་སང་ཟེར་བའི་དྲུང་ཆེ་དེ་ཚོས་རྒྱལ་བ་རིན་པོ་ཆེ་དགོངས་པ་ལས་ལྡོག་པའི་དགའ་མ་དགའ་སྡུག་གི་ལས་ཀ་རྐྱང་བྱེད་ལེ་རེད།

  13. ལུང་རྟོགས། says:
    2016-01-24 at 9:06 am

    གཞན་སྦ་རེ་སྦུ་རེ་དེ་ཚོ་ཅང་མི་ཤེས། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གོང་ས་མཆོག་གི་དགུང་ལོའི་བབ་དང་བཏུན་ནས་མཛད་འཆར་ཉུང་འཕྲི་གནང་དགོས་པའི་དུས་ལ་བབ་འདུག

  14. ཐུབ་བསྟན་དཔལ་བཟང་། says:
    2016-01-24 at 11:33 am

    སྐུ་སྒེར་ཡིག་ཚང་ནང་ལྷག་བསམ་གངས་ལས་དཀར་བ་མང་དུ་ཡོད་ལ་་་་་་ཡང་༧གོང་ས་མཆོག་བེད་སྤྱོད་ཀྱིས་རང་དོན་སྐབས་འཚོལ་རུལ་སུངས་ཅན་ཡང་ཏན་ཏན་ཡོད་པ་་་་ཟུར་བལྟས་ལེབ་མཐོང་ཡིན་འདུག་པས་་་་་་ངེས་པར་བོད་པའི་སྤྱི་ཚོགས་ནང་ཁྲིམས་ཐོག་ནས་དགའ་ལྡན་ཕོ་བྲང་ལའང་ཞུས་དག་གཏོང་བའི་སྲོལ་བཟང་འཛུགས་དགོས་འདུག།

  15. ཅོག་མྱི། says:
    2016-01-24 at 11:38 am

    སངས་ཆོས་ཁྲིད་ཁྲིད་ནས་སངས་རྒྱས་ཀྱི་སྤྱན་ཡང་བསྙུན།
    བྱང་སེམས་གླེང་གླེང་ནས་སེམས་དཔའི་མགྲིན་པའང་མནངས།
    སྟོང་ཉིད་གསན་གསན་ནས་དགེ་འདུན་གྱི་རྣའང་འོན།
    བདག་འཛིན་མཆེད་མཆེད་ནས་ཁམས་གསུམ་དགེ་རྩའང་བསྲེགས།

  16. ཀརྡོ་གཉེར་ཕྱག་པ་ says:
    2016-01-24 at 11:48 am

    ༸གོང་ས་མཆོག་ངལ་གསོ་དགོས་པ་ལ་རྩོད་པ་མེད་ཀྱང་། ཅིག་ཅིག་མང་མང་གིས་འཇུག་འབྲས་ཡིན་མིན་ནི་ཤོད་མི་ཐུབ་བོ།།

  17. དགེ་འདུན་རྒྱ་མཚོ། says:
    2016-01-25 at 8:41 am

    ངས་བསམ་ན་༧་གོང་ས་མཆོག་གི་སྐུའི་བབ་དང་བསྟུན་ནས་གསུང་ཆོས་ཞུས་ཆོག་པ་ལས་ཀློག་འདོན་གྱི་རིགས་ཉུང་ན་བཟང་སྙམ། ང་རང་ཚོ་གྲོང་ཆོག་ལ་འགྲོ་མྱོང་བ་ཞིག་ཡིན་ན་ཤེས་ཀྱི་རེད། 
    རྔ་རྡུང་བ་ལས་ཡི་གེ་ཀློག་པ་དཀའ་ལས་ཁག་པོ་ཡོད་རེད། 
    རྗེས་མ་ནས་པོད་ཏི་མང་པོ་ཀློག་པ་དེ་ཚོ་བཞག་ན་བཟང་། གོ་ཐོས་ལ་ད་དུང་ཡང་དེའི་རིགས་མང་པོ་ཞུས་བཞིན་ཡོད་ཚོད་འདུག
    ཞུས་མཁན་ཚོས་ཧམ་པ་རི་འདྲ་ཞིག་ནས་ནས་མདུན་ལ་རྒྱུག་གིན་ཡོད་རེད་ལ། ༧གོང་ས་མཆོག་ཞུས་ཡ་བྱུང་སོང་ཟེར་ནས་ངོ་སོ་རི་འདྲ་ཞིག་ཁུར་ནས་འགྲོ་གི་ཡོད་རེད།
     དེ་ཚོས་དགོངས་པ་བཞེས་དགོས་ཀྱི་འདུག
    འགའ་ཤས་རང་དོན་ལ་ཐུག་དུས་སྙིང་རྗེ་དང་ངོ་ཚ་ཡ་ཁྱོན་ནས་མི་འདུག་་

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-01-25 at 10:34 am

    ༧གོང་ས་རྒྱལ་བའི་དབང་པོ་མཆོག་ཆོས་ཞུ་བ་པོ་ཡོངས་་ཀྱི་ས་གནས་སོ་སོར་ཞབས་སོར་སྔར་བཞིན་འགོད་ན་ལེགས། འོན་ཀྱང་ཆོས་གསུང་བའི་དུས་ཚོད་ཉུང་དུ་བཏང་སྟེ། དུས་ཚོད་སྐར་མ་ག་ཚོད་ཐུགས་འདོད་བཞིན་གསུང་བ་དང་། དེ་ཡང་སྐར་མ་༤༥་ལྷག་མི་གསུང་ཞིང་། གསུང་ཆོས་ཀྱི་འཕྲོས་དེ་གཞན་གཤེས་གཉེན་ཞིག་གི་མཇུག་སྐྱོང་ན་ལེགས།༧ གོང་ས་མཆོག་ཐུགས་འདོད་བཞིན་བཞིན་བཞུགས་ཁྲིར་བཞུགས་པའམ། གཟིམས་ཆུང་དུ་ཕེབས་པ་གང་ཡང་རུང་། དེ་མིན་༧གོང་ས་སྐུ་ལྷོད་མཛད་དེ་གནས་དབེན་པ་ཞིག་ཏུ་བཞུགས་ན་ཡང་། སྐུ་ཁམས་བཟང་དུ་ཕེབས་པའི་ངེས་པ་མེད། ལ་དྭགས་པའི་ཁ་དཔེར།
    ་
    མི་ཁུམས་པོ་ཤི།
    བྱ་ཁུམས་པོ་གསོན།
    ་
    བཤད་སྲོལ་ཡོད་པ་ལྟར་དངོས་སུ་བྱུང་བའི་གནས་ཚུལ་ཡང་ཡོད། ཨ་རི་ཡུལ་དུ་ཡང་། མི་ཞིག་གིས་བདག་ལས་གཡོལ་དུ་འགྲོ་ན། དངུལ་གྱིས་ལྟ་མི་ལྡང་བ་མེད། འོན་ཀྱང་ལས་མེད་ནང་དུ་སྡོད་པས་ལུས་པོ་འདི་འཕྲོ་བརླག་ལ་འགྲོ་ངེས། ཞེས་བཤད་པ། དེའི་ལས་གྲོགས་བོད་མི་ཚད་ལྡན་ཞིག་བརྒྱུད་ནས་ཐོས། གཞན་ཡང་། ཨ་རིར་ཕོ་མོ་གཉིས་ཀྱི་ནང་ནས་མོ་ཚེ་རིང་བར་སྡོད་ཟེར། མོ་ནང་ལས་ནས་ཡོལ་བ་མེད་པ་དུས་རྒྱུན་བྱེད་པའི་འབྲས་བུ་འདི། འདི་སྔར་གྱི་གནས་སྟངས་གནས་ལུགས་ཡིན། ད་ལྟར་གྱི་སྐབས་སུ་མོ་རྣམས་ཀྱང་ཕོ་བཞིན་ལས་ཁུངས་ཀྱི་ལས་བྱེད་པ་དང་། ལས་གཡོལ་དུ་འགྲོ་བ་ཡོད་པས། སྔར་ལྟར་ཕོ་ལས་མོ་ཚེ་རིང་པོ་ཡིན་མིན་བརྟག་དཔྱད་བྱེད་དགོས་སོ། ཞེས་བྲིས་ཡོད་པ་བཀླགས་། བོད་མི་ནང་ནས་ཕོ་མོ་གཉིས་ལས་གང་ཚེ་རིང་བ་ཡིན། དེ་འདྲའི་བརྟག་དཔྱད་མཛད་མྱོང་བ་རེ་ཡོད་དམ། ཞེས་འདྲི་བ་ལགས་སོ།

  19. ཁྱུང་སེ། says:
    2016-01-25 at 11:12 am

    མོ་རྣམས་ཚེ་རིང་བའི་རྒྱུ་མཚན་ནི། ཕོ་ཡི་སྙིང་བཅུད་རྣམས་འཕྲོགས་པར་བརྟེན་ཚེ་རིང་པོར་བསྡད་པ་རེད་བསམ། རྒན་ལ་དྭགས་ལགས་དེ་ངས་ཞིབ་འཇུག་བྱས་པའི་གྲུབ་དོན་ཡིན་ཞུ། འགྲིག་མེད་ན་དགོངས་འགལ་མེད་པར་མཁྱེན།

  20. པདྨ says:
    2016-01-25 at 11:58 am

    ནམ་མཁའ་རིན་པོ་ཆེ་བདེན་ཁི་ཡ།

  21. ཀརྡོ་གཉེར་ཕྱག་པ་ says:
    2016-01-25 at 12:09 pm

    མོ་རིང་།
    མོ་རྣམས་བག་མེད་ཉུང་བས་རིང་། །
    ཕོ་རྣམས་བག་མེད་མང་བས་ཐུང་། །
    ཕོ་ཐུང་།
    མོ་རྣམས་དུས་ཁོམས་དུས་མང་ལས་བྱས་རིང་། །
    ཕོ་རྣམས་ཆང་འཐུང་ཁ་པོ་ཆེ་བས་ཐུང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme