Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྨོན་ལམ་ཚིག་མཛོད་ཆེན་མོ༽སྒྲིག་མཁན་ཚོར་གསོལ་བ་འདེབས་པ།

Posted on 2015-12-282015-12-28 By ཁ་བརྡ 40 Comments on ༼སྨོན་ལམ་ཚིག་མཛོད་ཆེན་མོ༽སྒྲིག་མཁན་ཚོར་གསོལ་བ་འདེབས་པ།

བསྟན་འཛིན་རབ་དགའ།

monlam-grand-dictionaryསྨོན་ལམ་ཚིག་མཛོད་ཆེན་མོ་ཞེས་པ་དྲ་ལམ་ནས་བེད་སྤྱོད་གཏོང་ཐུབ་པ་བཟོས་པ་ནི། བཀྲ་ཤིས་པའི་བྱ་བ་ཞིག་དང་། རྗེས་སུ་ཡི་རང་འབུལ་དགོས་པའི་བྱ་བ་ཞིག་རེད། ཚིག་མཛོད་འདི་ཁ་པར་དང་གློག་ཀླད་ནས་བེད་སྤྱོད་བདེ་བ་དང་། མིང་བརྡའི་གྲངས་ཀ་དང་ཁྱབ་ཁོངས་གཉིས་ཀ་རྒྱ་ཆེན་པོ་རེད། སྒྲིག་སྟངས་སོགས་ཀྱི་ཆ་དེ་ལ་རྗེས་སུ་ཡི་རང་ཞུ་ཡི་ཡོད།
ཚིག་མཛོད་དང་དག་ཡིག་ཟེར་བའི་རྩ་དོན་གཅིག་ནི། ཡི་གེའི་དག་ཆ་མ་ནོར་བ་དགོས་པ་དང་། འགྲེལ་བཤད་མ་ནོར་བ་དགོས་པ་དེ་རེད། དེའི་ཐད་ནས་ད་དུང་ཡང་ཚིག་མཛོད་འདིར་མ་འདང་ས་དང་། མ་སྙོབས་ས་མང་པོ་ཞིག་ཡོད་པའི་མཐོང་སྣང་བྱུང་།

སྐད་འཕྲིན་བརྒྱུད་ལམ་ན། གསལ་བཤད་དང་སྦྲགས་ཡིག་སྣོད་ཀྱི་རྣམ་པ་ཅན་ཞིག་ཡོད་པའི་འགྲེལ་བཤད་སྤེལ་མུས་དེའི་ནང་ཡོད་པ་དང་ད་ལྟ་དྲ་ལམ་ན་ཁ་པར་དང་གློག་ཀླད་ནང་ཕབ་ལེན་ཆོག་ཆོག་ཏུ་ཡོད་པ་འདི་གཉིས་གཅིག་པ་ཡིན་མིན་ལ་ཐེ་ཚོམ་ཞིག་བྱུང་། གང་ལ་ཟེར་ན། དྲ་ལམ་ནས་ཕབ་ལེན་ཞུས་ཆོག་ཏུ་ཡོད་པའི་ཚིག་མཛོད་འདིའི་ནང་ནས་མིང་ཚིག་འགའ་ཞིག་གི་འགྲེལ་བཤད་བཀླགས་པར། འགྲེལ་བཤད་ནོར་འཁྲུལ་ཅན་དང་། ཡིག་ནོར་ཅུང་མང་ཙམ་འདུག

IMG_1637

དེ་དག་ནི་ཚིག་མཛོད་དུ་གང་གསལ་བ་འགའ་ཞིག་གམ་རང་ཉིད་ཀྱིས་གང་དྲན་དུ་བསྔོགས་ཤིང་བཀླགས་པའི་སྐབས་གང་མཐོང་བ་དེ་གཞི་ལ་བཞག་ནས་ཞུ་ཡི་ཡོད། འདི་དག་ལས་ནོར་མེད་པ་ཞིག་ཀྱང་མ་རེད། གཞན་འགའ་ཞིག་བཀླགས་པར་དེ་དག་གི་ནང་དུའང་ཡིག་ནོར་མེད་ན་འགྲེལ་ནོར་དང་། འགྲེལ་ནོར་མེད་ན་ཡིག་ནོར་ཅན་དུ་འདུག་པ་འགའ་ཞིག་མཇལ་བྱུང་། འདི་ལྟར་ཞུ་དོན་ནི། འོད་སྡེར་དང་རྣམ་པ་གཞན་དུ་ཡོད་པའི་ཚིག་མཛོད་དང་དྲ་ལམ་གྱི་འདི་གཉིས་གཅིག་པ་མིན་པར། པར་རྩ་འགྲེམས་ནོར་བྱུང་ཡོད་པ་ཡིན་ན། དྲ་ལམ་ནས་ཕབ་ལེན་ཞུས་ཆོག་པ་འདི་གང་མགྱོགས་བརྗེ་བོ་ཞིག་རྒྱག་རོགས་ཞུ་བ་དང་། གལ་སྲིད་ཕབ་ལེན་དང་རྣམ་པ་གཞན་དུ་ཡོད་པ་གཉིས་ཀ་གཅིག་པ་ཡིན་ན་ནི། ཞུས་དག་ཚད་ལྡན་ཅིག་གཏོང་དགོས་འདུག་ཅེས་ཞུ་ཡི་ཡོད།

IMG_1746

འདི་ནི། ད་ལྟའི་བེད་སྤྱོད་སྟབས་བདེ་འདི་དང་མཉམ་དུ། མ་འོངས་པ་ན་བོད་ཀྱི་སྐད་ཡིག་རྒྱུན་གནས་ལ་འདི་བས་ཕན་ཐོགས་ངེས་ཅན་འབྱུང་བ་དང་། རྣམ་པ་ཚོའི་ཕྱག་ལས་ཀྱི་གཟི་བརྗིད་ཆེ་རུ་འགྲོ་བར་བསམ་པ་ལས། ཁྱེད་ཅག་གི་གནང་སྟངས་ལ་མ་དགའ་བ་དང་། མ་གུས་པ་གང་ཡང་མིན། ང་ཚོས་གང་ན་ནོར་འཁྲུལ་ཡོད་པ་དེ་གླེང་ནས་ཡར་རྒྱས་བཏང་བ་ཡིན་ན། དེ་ནི་ང་ཚོར་དགོས་རྒྱུ་དེ་རེད་སྙམ་ནས་ཞུ་ཡི་ཡོད།
མ་གཞི་དེང་སྐབས་ཡིག་ནོར་སོགས་ཀྱི་ནོར་འཁྲུལ་གླེང་ན་ཡི་གེ་བ་འགའ་ཞིག་མ་དགའ་བ་ཆགས་འགྲོ་བའི་དུས་སྐབས་འདིར། ཚིག་མཛོད་འདིའི་ནང་ན་ནོར་འཁྲུལ་མང་ཙམ་གདའ་ཞེས་ཞུས་ན་འགའ་རེས་མི་དགའ་བ་བྱེད་སྲིད་ཀྱང་། ཚིག་མཛོད་འདི་དང་འབྲེལ་བའི་ལས་དོན་འཐུས་སྒོ་ཚང་བ་ཞིག་ཡོང་དགོས་ན། ང་ཚོས་བསམ་ཚུལ་འདོན་པ་དང་། ནོར་འཁྲུལ་ཡོད་ན་དེ་གསལ་འདོན་དང་། ཞུས་དག་ནན་འདྲོངས་རེ་གནང་བའི་རེ་འདུན་ཞུ་བ་ནི་ཁ་བཙུམ་ནས་འདུག་དགོས་པ་ཞིག་མ་རེད་བསམ་གྱིན་ཡོད།

ཚིག་མཛོད་ཟེར་བ་ནི། མ་ཤེས་པ་གང་ཞིག་འཚོལ་ས་དང་། མ་ངེས་པ་གང་ཞིག་སྟབས་བདེའི་ལམ་ནས་ངེས་པ་སྟེར་བའི་ཁྱད་ཆོས་ཅན་ཞིག་ཡིན་དགོས་པའི་ངོས་ནས། འགྲེལ་ནོར་ཡིག་ནོར་གཉིས་ཀ་མེད་པ་ཞིག་དགོས་པའི་ཆ་ནས་འདི་ལྟར་ཞུ་ཡི་ཡོད་མ་གཏོགས། ང་ཚོར་ཡིག་ནོར་མང་པོ་ཅན་གྱི་དེབ་དང་རྩོམ་ཡིག་སོགས་གཞན་གང་ཡང་མེད་པ་དེ་འདྲ་མ་རེད། དཔེར་ན། ནོར་གླིང་བོད་ཀྱི་རིག་གཞུང་ཁང་ནས་བསྒྲིགས་པའི་རྒྱལ་བའི་མཛད་རྣམ་དེབ་ཕྲེང་དང་པོ་ནས་དགུ་བ་བར་གྱི་དེབ་མཐུག་པོ་དེ་ཚོ་དཔེ་སྐྲུན་སྤུས་ཀ་ཧ་ཅང་ལེགས་པོ་རེད། ཡིན་ནའང་། ཡིག་ནོར་ཧ་ཅང་མང་པོ་རེད། དཔེ་མཛོད་ནས་དཔར་སྐྲུན་བྱས་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་ཡང་ཡིག་ནོར་དང་དོན་ནོར་ཧ་ཅང་མང་པོ་ཡོད་པ་ཞིག་རེད།

སྨོན་ལམ་ཚིག་མཛོད་ནང་ལ། ངས་བཙལ་བའི་མིང་བརྡ་དེ་ཚོའི་འགྲེལ་བཤད་ནོར་འདུག ཡིག་ནོར་འདུག་ཟེར་བ་གང་དྲན་བྱུང་རྒྱལ་དུ་ཞུ་ཡི་མེད། དུས་ཚོད་དང་བསྟུན་ནས་མཆན་གྱི་ནང་ལ་སྤེལ་ན་བསམ་སྟེ། འདིར་རེ་རེ་ནས་འབྲི་སྤེལ་གྱི་ངལ་བ་བྱས་མེད།
བཤུ་འབྲི་དང་རྩོམ་སྒྲིག་གང་བྱེད་ཀྱང་འགྲེལ་བཤད་དང་ཡི་གེ་མ་ནོར་བ་གལ་ཆེན་པོར་འདུག་སྟབས། འདི་ལྟར་རགས་བལྟ་ཞིག་བྱས་པའི་སྐབས་སུ་མིག་གིས་གང་མཐོང་བ་གཞི་ལ་བཞག་ནས་འདི་ལྟར་ཞུས་པ་ཡིན། མང་དུ་བཀླགས་ན་ཡིག་ནོར་ཡང་མང་དུ་མཐོང་རྒྱུ་འདུག་པ་ཞིག་རེད།
སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་དང་འབྲེལ་བ་ཡོད་པའི་མཁས་པ་དང་ཤེས་ཡོན་པ་ཚང་མར། ཚིག་མཛོད་སྤུས་དག་ཅིག་ཡོང་བར་རྣམ་པ་ཚོས་སྐུ་ངལ་མང་ཙམ་བསྐྱོན་རོགས། ཞུས་དག་ནན་འདྲོངས་རེ་ངེས་པར་ཐུགས་ལ་འདོགས་པ་གནང་རོགས་ཞེས་གསོལ་བ་འདེབས་པ་ལགས།

གསལ་བཤད།

Post navigation

Previous Post: ནེའུ་ཡོག་དང་ནེའུ་ཇར་སེའི་ས་གནས་བོད་ཀྱི་གཞོན་ལྷན་སྐོར།
Next Post: མང་གཙོ་ཕྱག་བསྟར་གནང་སྟངས་དེ་འདྲ་རེད།

Comments (40) on “༼སྨོན་ལམ་ཚིག་མཛོད་ཆེན་མོ༽སྒྲིག་མཁན་ཚོར་གསོལ་བ་འདེབས་པ།”

  1. ལྷ།བྱ་འཕུར་མ། says:
    2015-12-28 at 4:24 am

    རྒྱབ་སྐྱོར་ཡོད། ཨ་ཁུ་སྨོན་ལམ་ལགས་ཀྱིས་དེ་ལྟར་ཞིབ་དག་བྱེད་པའི་ཡིད་ཆེས་ཡོད་།

  2. ཁྱུང་སེ། says:
    2015-12-28 at 5:41 am

    སྨོན་ལམ་ཚིག་མཛོད་གསར་ཐོན་ལ་རྟེན་འབྲེལ་ཡོད་འོན་ཀྱང་འགྲོ་སོང་སྐུ་སྒེར་ཡིག་ཚང་ནས་བཏང།། ལས་ཀ་ཆོས་རྒྱུད་ཆོས་ལུགས་ལྔ་ཡི་དགེ་འདུན་པས་བྱས་མིང་སྨོན་ལམ་ཚིག་མཛོད་ཅེས་བཏགས་པ་དེར་གློ་བ་མ་བདེ།།

  3. ཇུང་ཏོག་ says:
    2015-12-28 at 6:09 am

    སྨོན་ལམ་ཚིག་མཛོད་དེ་བེད་སྤྱོད་གཏོང་ཤེས་མལན་་ཚོར་ཕན་ཐོག་ཆེན་པོ་འདུག་ འོན་ཀྱང་སྨོན་ལམ་བོད་ཡིག་གི་ཚིག་མཛོད་ཞེས་མིང་ལ་བསྒྱུར་ཐུབ་ན་དོན་དང་མཐུན་པ་ལས་དེ་མིན་གོ་རྒྱུ་མེད་པའི་སྨོན་
    ལམ་ཚིག་མཛོད་ཟེར་བ་དེ་མི་མང་ཞིག་གི་བློ་ལ་སྐད་ཡིག་གསར་པ་སྨོན་ལམ་ཟེར་བ་ཞིག་ཡོད་པར་ཡང་ངོས་འཛིན་བྱེད་སྲིད་པ་བཅས་

  4. པདྨ says:
    2015-12-28 at 6:40 am

    སྨོན་ལམ་ཚིག་མཛོད་ཆེན་མོ་ལ་དྭངས་བ་ཡོད་གང་ཡིན་ན་ཤེས་ཡོན་ཅན་བླ་རུང་མཁན་པོ་མཁས་དབང་འཇུ་བསྟན་ཞེས་པ་དེ་དགེ་ཆོས་ལས་ལྷག་གི་རྣམ་དཔྱོད་ཡོད་པར་གོ་ཐོས་ཡོད། ངོས་ནས་བསམ་ཆ་ནི་བོད་སྤྱི་ཕན་དུ་དམིགས་པ་ཡིན་ན་བོད་ཡིག་ཉིད་གྷུ་གྷུར་སྐད་ཡིག་བརྒྱ་ཕྲག་ཚོགས་པའི་ནང་དུ་བོད་ཡིག་འདི་ཞུགས་ཐུབ་ན་དགེ་མཚན་ཆེའོ།།

  5. ཏི་སི། says:
    2015-12-28 at 7:41 am

    ཨ་ཁུ་སྨོན་ལམ་ལགས་དང་གཞན་ཡང་ལས་གནས་ཚང་མ་ཚིག་མཛོད་འདི་བཞིན་གནང་བར་རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཞུ་ཡག་ཡིན། ཕྱག་ལས་རྒྱ་ཆེ་ས་མཛད་པར་ཕྲན་བུ་རེ་ནོར་སྲིད་པ་ཡིན་ནའང་ཡར་རྒྱས་ལ་ཐ་མེད་ད་དུང་ཤན་སྦྱར་ཚིག་གང་མང་མང་ག་ལེ་ཕྱག་ལས་གནང་འཆར་ཡོད་པ་ལ་བཀའ་དྲིན་ཆེ། ཉེ་ཆར་༧ སྐྱབས་མགོན་རིན་པོ་ཆེས་ཞིང་གཤེགས་རྩེ་སྤྲུལ་རིན་པོ་ཆེའི་མཚན་སྙིང་རྗེ་གསུང་ཡག་དེ་ནོར་དང་པོ་ཞུ་བ་པོ་ནོར་ཡིན་ནམ། ཡང་སུ་ནོར་ཡིན་ན་དེ་འངྲ་སྲིད་པ་རེད།

  6. སྲིན་པོ་རྫ་རྒན་ says:
    2015-12-28 at 7:54 am

    སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་ལ་ཡིག་ནོར་མང་པོ་འདུག འགྲེལ་བཤད་ནོར་འཁྲུལ་ཅན་དེ་འདྲ་ཡང་མང་པོ་རེད། འགྲེལ་བཤད་དང་ཡི་གེའི་དག་ཆ་གཉིས་ཀ་ལ་ཞུས་དག་ཡག་པོ་ཞིག་གནང་དགོས་པ་གལ་ཆེན་པོར་མཐོང་སོང་། སྐུ་ཞོགས་སྨོན་ལམ་གྱི་ལག་རྩལ་ལ་ཞུ་དགོས་པ་མི་འདུག འདིའི་མཉམ་པོར་ཚིག་མཛོད་ཕྱོགས་སྒྲིག་བྱེད་མཁན་ཚོས་ཞུས་དག་ཡག་པོ་ཞིག་གནང་མེད་པ་འདི་ལ་ཅུང་ཕངས་ཀྱིན་འདུག

  7. བྱང་ཆུབ་ལོ་མ། says:
    2015-12-28 at 8:12 am

    སྨོན་ལམ་ཚིག་མཛོད་ཆེན་མོ་ན། ཡིག་ནོར་ཡོད་པ་བདེན་པ་རེད། ཡར་རྒྱས་གཏོང་བའི་རེ་བ་ཡོད།

  8. ཇུང་ཏོག་ says:
    2015-12-28 at 9:15 am

    མེད་པ་ལས་ཡོད་ན་ཡག་གི་མ་རེད་དམ་།
    ནར་བ་ནོར་བ་རྒྱལ་པོའི་བུ་ལའང་ཡོང་།
    རྫར་བ་རྫེར་བ་རྩན་དན་ཤིང་ལའང་ཡོང་།
    སྨོན་ལམ་ཚིག་མཛོད་རེད་དམ་།
    སྨོན་ལམ་བོད་ཡིག་ཚིག་མཛོད་རེད་།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-28 at 10:04 am

    བོད་སྔ་རབས་པའི་སྐད་གཞིར་བཟུང་སྟེ་སྒྲ་གསར་པ་བཟོ་བ་དང་། བཟོས་ཟིན་པ་དག་ལ་ཞུས་དག་མཛད་ན། ཀུན་ལ་ཕན། དེ་མིན་སོ་སོའི་ཁ་སྐད་དུ་འཐོན་པ་དེ་གལ་ཆེ་བར་རྩི་བའི་ཁུར་ལྷུར་ལེན་ན། ག་ལ་རུང་། རྩོམ་ཡིག་འབྲི་བ་པོ་རང་གིས་ཀྱང་། ལྡང་ལ་འདང་ཞེས་བྲིས་པ་ནི། སྔར་གྱི་མཁས་པས་བྲིས་པའི་དཔེ་ཆའི་ཚིག་དང་འགལ་བར་མ་ཟད་བོད་ལྗོངས་སུ་ཡོངས་གྲགས་ཅན་གྱི་དག་ཡིག་ཟ་མ་ཏོག་ཏུ། སྟན་ལས་ལྡང་དང་འཁོབས་པའི་ལྡང་། ཞེས་དང་། ངག་སྒྲོན་དུ། ལྡང་ཚད་ལ་སོགས་ལར་བཏགས་དའོ། ཞེས་ཡོད་པ་དག་ལ་རྩི་དགོས་པ་མ་ཡིན་ན། ཇི་ཙམ་བཤད་པ་དང་། འབྲི་བ་ངལ་བའི་རྒྱུར་གྱུར་ཀྱང་། ངལ་བ་ལྷུར་ལེན་ཐུབ་ན་རང་ལ་ཕན་ནོ།
    ་
    ཕན་པར་སྨྲ་བ་དཀོན་པ་སྟེ།
    དེ་དག་པས་ཀྱང་ཉན་པ་དཀོན།
    ་
    ་སྔོན་ས་སྐྱ་པཎྜི་ཏ་ཆེན་པོའི་དུས་ལ་དེ་ལྟར་ཡིན་ན། དིང་སང་ནི་དེ་བས་ཀྱང་དུས་མ་རུངས་པའོ།

  10. དགའ་པོ། says:
    2015-12-28 at 12:16 pm

    གོང་གི་མཆན་འགོད་པོ་དག་གིས་གསུངས་པ་དང་། ལྷག་པར་དུ་བསྟན་འདྷིན་རབ་དགས་གསུངས་པ་དངོས་གནས་རེད། ཁྱབ་བསྒྲགས་བྱེད་སྐབས་ཚང་མ་འཇིགས་འཇིགས་དང་རྫིག་རྫིག་ཡོད། དོན་ལ་དཔྱོད་སྐབས་ཕལ་ཆེ་བ་གཟི་བརྗིད་ཁོག་སྟོང་རང་ཡིན་པ་ལྟར། འདིར་ཡང་དེ་ལྟ་བུ་རེད། ལས་ཀ་ཕལ་མོ་ཆེ་གྲྭ་ས་གྲྭ་ཚང་གིས་དགེ་འདུན་པ་ཚོས་ཞེན་ཁོག་གིས་སྒྲུབ། འགྲོ་སོང་དགའ་ལྡན་གྱིས་གནང་། དགེ་དང་མིང་ཚང་མ་སྨོན་ལམ་གྱིས་ཁྱེར། བོད་ཀྱི་ཚིག་མདྷོད་ཚང་མ་ཕྱོགས་སྒྲིག་བྱས་ཏེ་དེའི་སྟེང་གདན་སའི་གྲྭ་པ་ཚོས་ཅུང་ཟད་སྣོན་པས་བརྒྱབ་པ་ལ་སྨོན་ལམ་ཚིག་མདྷོད་ཟེར་ན། ཏོག་ཙམ་མ་བདེ་བ་ཅིག་འདུག་་་་་བོད་ནང་དུ་འགྲོ་སོང་དང་ཤེས་ཡོན་གཉིས་ཀ་སོ་སོས་བཏང་ནས་བསྒྲིགས་པ་ལ་ངོ་སོ་ཐོབ་ཀྱི་མེད། དགོངས་དག་ཞུ་བ་ཡིན་་་ནོར་ན།

  11. དགའ་པོ། says:
    2015-12-28 at 12:23 pm

    ཚིག་མདྷོད་ལ་ཡིག་དོན་གཉིས་ཀ་མ་ནོར་བ་ཞིག་དགོས་པ་གནས་ལུགས་རེད། དེང་སྐབས་ཤེས་ཡོན་ཡོད་མེད་གཉིས་ཀས་ཅིག་བསྒྲིགས་ཏེ་རང་གི་མིང་ཐོན་ཐབས་ལ་འབད་བརྩོན་བྱེད། འགྲོ་སོང་ཡང་གཞན་ནས་བཙལ། ནོར་འཁྲུལ་མང་པོ་འདུག་་་་་གང་མགྱོགས་བཟོ་ན་མ་གཏོགས་བོད་ཀྱི་ཤེས་རིག་ལ་གནོད་ས་རེད། དགའ་ལྡན་ཕོ་བྲང་གིས་འགྲོ་གྲོན་དང་འཚམས་པའི་སློབ་སྟོན་ཅིག་དགོས་ས་རེད། ལངས་ཤོར་ལ་ཕྱིན་ན་ཡག་པོ་མེད་པ་འདྲ།

  12. བསྟན་འཛིན་རབ་དགའ་ says:
    2015-12-28 at 1:33 pm

    ཞུ་ཡིག་འདི་བཀླགས་ནས་བསམ་ཚུལ་སྤེལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་༼འདང༽འདི་ནོར། ༼ལྡང༽འདི་དག་ཅེས་ཟེར་ཡང་། ངས་ནི་གཉིས་ཀ་དག་པར་འདོད་ཀྱི་ཡོད། ༼འདང་དང་མ་འདངས། ལྡང་མ་ལྡངས་དང་དོན་འདྲ།༽ཞེས་དག་ཡིག་དག་ན་གསལ་བ་འདི་འདྲ་བ་ནི་འདམ་ང་ཅན་དུ་འདོད་པ་ཡིན།

    དེ་བཞིན་དུ། ༼དིང་སང་༽དང་༼དེང་སང་༽གཉིས་ཀྱང་འདམ་ང་ཅན་དུ་འདོད་ཀྱིན་ཡོད། དགོངས་ཚུལ་ཡོད་ན་གནང་རོགས། བློ་སྐྱེད་འདུག་ན་ནོམ་དུ་ལེན་པ་ཡིན།

  13. བསྟན་འཛིན་རབ་དགའ་ says:
    2015-12-28 at 2:00 pm

    སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞེས་པའི་འགྲེལ་བརྗོད་ནང་།

    ཉེན་ཀོར་ལ་༼ཉེ་༽ཀོར།
    འཛུགས་སྐྲུན་གྱི་ལ་འཛུགས་སྐྲུན་༼ཀྱི༽
    གསེར་ཁྲིར་མངའ་གསོལ་ལ་གསེར་༼ཁྲི༽མངའ་གསོལ།
    སྨོན་ལམ་ཆེན་མོ་ལ་སྨོན་ལམ་༼ཆེ་༽མོ།
    སྟོད་ལུང་སྣང་རྩེར་ལྷ་བཟང་དམག་༼གི་༽མགུལ་བཅད་དེ་བཀྲོངས།
    གསུང་རྩོམ་ལ་༼གསུམ་༽རྩོམ་ཞེས་ཡིག་ནོར་དང་འགྲེལ་ནོར་གཉིས་ཀ་འདུག

    ལྷ་བཟང་དམག་༼གི༽མགུལ་བཅད་དེ་བཀྲོངས་ཞེས་པ་འདིས། སྡེ་སྲིད་ཀྱིས་ལྷ་བཟང་གི་དམག་བཀྲོངས་པ་ཞིག་སྟོན་པ་ལས། ལོ་རྒྱུས་རྣམས་སུ་གསལ་བ་བཞིན། ལྷ་བཟང་གི་དམག་གིས་སྡེ་སྲིད་ཀྱི་མགུལ་བཅད་ནས་བཀྲོངས་པ་མི་སྟོན། དེ་སྟོན་དགོས་ན། ལྷ་བཟང་དམག་༼གིས༽མགུལ་བཅད་དེ་བཀྲོངས་ཞེས་ངེས་པར་དུའང་བྱེད་སྒྲ་སྦྱོར་དགོས།

    ཡང་། དགེ་འདུན་ཆོས་འཕེལ་ཞེས་གཏགས་ནས་འགྲེལ་བཤད་བཀླགས་པར། དེའི་འགྲེལ་བཤད་ཀྱི་ནང་ན།༼ སིང་ག་ལའི་གནས་བརྟན་སྡེ་བའི་མདོ་དྷརྨ་པ་དཱ་ཞེས་བྱ་བ། ཆོས་ཀྱི་ཚིགས་སུ་བཅད་པ། ལེགས་སྦྱར་བང་མཛོད་སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་སོགས་བཞུགས༽ཞེས་བཀོད་འདུག འདི་དག་གིས་ཀྱང་དོན་ཁྱད་མཚར་རེ་སྟོན་པར་འདུག དཔེར་ན། ༼ལེགས་སྦྱར་བང་མཛོད་སུམ་རྟགས་ཀྱི་སྐོར་ཕྲན་བུ་༽ཞེས་པ་འདི་དགེ་ཆོས་ཀྱི་བརྩམས་ཆོས་གསར་རྙེད་ཅིག་རེད་དམ།

    ཚིག་མཛོད་ཕྱོགས་བསྡུས་གནང་མཁན་དང་རྩོམ་སྒྲིག་བྱེད་མཁན། ཞུས་དག་གནང་མཁན་རྣམ་པར། བསྐྱར་ཞིབ་ཅིག་གནང་བའི་རེ་འདུན་ཞུ་བ་ཡིན། ངོ་རྒོལ་བྱེད་ཀྱི་མེད། རེ་བ་ཞུ་ཡི་ཡོད།

  14. དགའ་པོ། says:
    2015-12-28 at 2:36 pm

    བསྟན་རབ་ཀྱིས་དཔྱད་པ་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུ། དཔྱད་པ་འདི་ལྟ་བུ་ངེས་པར་དུ་དགོས། དེ་མིན་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་གིས་མི་ཡོང་། ཚིག་མདྷོད་ཟེར་བ་དེ་ཚིག་དོན་གཉིས་སྤུས་དག་ལྷད་མེད་ཅིག་དགོས་པ་གནད་འགག་རེད། མི་རབས་རྒན་པར་ཁྱད་པར་དེ་ཙམ་མེད་ཀྱང་། གཞོན་སྐྱེས་རྣམས་ལོག་ལམ་ཁྲིད་ན་མི་བཟང་། བོད་ནང་གི་ཚིག་མདྷོད་ཚོ་དོན་དུ་མ་རེ་གཏོགས་སྤུས་དག་རེད། ཞུས་དག་བསྐྱར་མ་ཞིག་མགྱོགས་ནས་མྱུར་གནང་རོགས། བོད་མི་རིགས་རིག་གནས་དང་བཅས་པར་བསམ་ནས་ཞུས་པ་ཡིན།

  15. རྟ་བདུན་དབང་བོ says:
    2015-12-28 at 3:55 pm

    སྨོན་ལམ་ཚིག་མཛོད་ཐེངས་ཁ་ཤས་ཤིག་ལ་ཕབ་ལེན་བྱས་ཀྱང་ལེགས་གྲུབ་བྱུང་མ་སོང་། དྲ་གྲོགས་ཚོར་ལམ་སྟོན་ཡོད་ན་གསུངས་རོགས་ཞུ། ངས་དྲ་ཐོག་འདི་ནས་༼http://www.tibetanebook.com༽དེབ་མང་པོ་ཞིག་ཕབ་ལེན་བྱས་པར་དཀའ་ངལ་གང་ཡང་བྱུང་མ་སོང་། སྨོན་ལམ་དྲ་ཐོག་ནས་འདིའི་དྲ་ཐོག་བཞིན་ཕབ་ལེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ། །

  16. སྤོབས་པ་མཐའ་ཡས། says:
    2015-12-28 at 4:37 pm

    རྒན་སྨོན་ལམ་སོགས་ཀྱིས་ངལ་བ་ཁྱད་དུ་བསད་ནས་ལས་གཞི་འདི་འསྲ་བརྩམས་པ་ལ་གུས་བརྩི་དང་རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་། སྨོན་ལམ་ཡིག་གཟུགས་ཟེར་བ་དེ་དང་ཚིག་མཛོད་ཟེར་བ་སོགས་ཀྱིས་ང་ལ་ཕན་གང་ཡང་ཐོགས་མ་སོང་། སྨོན་ལམ་ཡིག་གཟུགས་དེ་ཡང་བེད་སྤྱོད་ཕབ་ལེན་ལམ་འགྲོ་ཡོང་ཁག་པོ་དང་། འདི་གློག་ཀླད་དུ་ཕབ་རྗེས་སུ་གློག་ཀླད་ཀྱི་ལས་གཞི་གཞན་འགག་པའི་སྐྱོན་ཡོང་བ་སོགས་ལ་བརྟེན་ནས་ངས་ནམ་ཡིན་ཡང་རྒན་སྨོན་ལམ་གྱི་ཐོན་རྫས་དེ་ཚོ་ཕྱིར་འདོན་བྱེད་དགོས་ཐུག་ཡོང་གིན་འདུག ཁོང་རང་གིས་ཟབ་སྦྱོང་སྤྲད་སྐབས་སུ་ཁོ་རང་གི་གློག་ཀླད་དུ་ལས་ཀ་ཏག་ཏག་བྱེད་ཀྱིན་འདུག་མོད་ངའི་གློག་ཀླད་ལ་ལས་ཀ་བྱེད་ཀྱིན་མི་འདུག གང་ལྟར་ཡང་མི་ཤུགས་རྒྱུ་ཤུགས་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་སོགས་ཡོད་མེད་ཀྱིས་གློག་ཀླད་ལས་གཞི་ཚད་ལྡན་བཟོ་ཐུབ་ཀྱིན་མེད་པ་ཡིན་ནམ་སྙམ།

  17. རྟ་བདུན་དབང་བོ says:
    2015-12-28 at 5:40 pm

    http://www.tibetanebook.com དྲ་ཐོག་འདི་ནས་འཕྲུལ་དེབ་བཞི་བཅུ་ལྷག་ཕབ་ལེན་བྱས་ཟིན། དངོས་གནས་ཕན་ཐོགས་ཆེན་པོ་བྱུང་སོང་། དྲ་བདག་སུ་ཡིན་ཀྱང་ཤེས་མ་སོང་ཡང་བདག་པོར་སྙིང་ནས་བཀའ་དྲིན་ཞུ་བ་ཡིན། གོང་ནས་སྤོབས་པས་གསུངས་པ་བཞིན་སྨོན་ལམ་དྲ་ཐོག་ནས་ཕབ་ལེན་བྱེད་རྒྱུ་ལས་སླ་བོ་ཞིག་མ་རེད། ཆ་རྐྱེན་ཞན་པས་ཡིན་སྲིད། དྲ་གྲོགས་ཚོར་གོང་གི་དྲ་ཐོག་དེར་སོང་དང་ཆོས་ལུགས་རིས་མེད་ཀྱི་འཕྲུལ་དེབ་མང་བོ་འདུག ཕབ་ལེན་བྱ་རྒྱུ་ཧ་ཅང་སྟབས་བདེ་རེད་འདུག ངའི་གློག་ཀླད་ཀུ་ཤུ་རྟགས་ཅན་ཡིན། དེའི་ནང་དུ་ཕབ་ལེན་བྱ་རྒྱུའི་ལས་སླ་བོ་རེད། །

  18. རིག་པའི་རྡོ་རྗེ། says:
    2015-12-28 at 7:25 pm

    ངས་དེ་སྔོན་ཚིག་མཛོད་དེའི་སྐོར་ལ་ཚིག་ཁ་ཤས་བཤད་ཤོར་བས་སྐྱོན་ལ་འཐོག་ནས་མགོ་བཀྱག་མི་ཕོད་པ་བཟོས་སོང་། ད་ནི་གང་ཡང་ཞུ་མི་ཕོད་ཀི ང་ཚོའི་ཁོར་ཡུག་ཆུང་དྲག་པས་བསམ་ཚུལ་བཤད་ས་མེད་ཀི

  19. རྒྱལ་མཚན། says:
    2015-12-28 at 8:07 pm

    ཐུགས་རྗེ་ཆེ་ཞུ།

  20. བྱང་ཆུབ་ལོ་མ། says:
    2015-12-28 at 11:35 pm

    རིག་པའི་རྡོ་རྗེས་བཤད་པ་དེར་ཡིད་ཆེས་མེད། ནོར་འཁྲུལ་ཡོད་ན་འདུག་ཅེས་ཞུ་མ་ཆོག་པ་དེ་འདྲ་ཨེ་ཡིན། ནོར་བ་ལ་ནོར་འདུག་ཅེས་ཞུས་ན། དེ་ལ་ནོར་མཁན་གྱིས་དགའ་བསུ་བྱེད་དགོས་པ་རེད་མ་གཏོགས། མགོ་བཀྱག་མི་ཕོད་པ་བཟོས་སོང་ལབ་ན། སྐད་ཆ་དེ་ལ་ཡིད་ཆེས་ཐུབ་མ་སོང་།

    ཚིག་མཛོད་ཅིག་ལ་མཚོན་ན། འགྲེལ་ལོག་དང་དག་ཆ་ནོར་བ་དེ་ལས་གཞན་གྱི་ནོར་འཁྲུལ་ཞིག་ཡོད་པ་མ་རེད། འགྲེལ་ལོག་དང་དག་ཆ་ནོར་བ་ཡོད་ཚར་དུས། ཚིག་མཛོད་ཀྱི་དགོས་དོན་མ་ཚང་བ་རེད། སྨོན་ལམ་ཚིག་མཛོད་སྒྲིག་མཁན་ཚོས་དང་པོར་ཚིག་མཛོད་ཀྱི་དགོས་དོན་སྐོར་ལ་དགོངས་པ་ཡག་པོ།ཞིག་བཞེས་མེད་པ་འདྲ། དེ་ལ་བརྟེན་ནས་དགོས་དོན་མ་ཚང་བ་འདི་བྱུང་བ་རེད་ཅེས་ཞུ་བ་ཡིན།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-29 at 2:11 am

    གློག་ཀླད་ཀྱི་བོད་ཡིག་བཟོ་བསྐྲུན་མཛད་པ་དེ་ཕན་ཐོགས་པས་བཀའ་དྲིན་ཆེ་ཞུ།
    བོད་ཡིག་ཏུ་སྔགས་ཡིག་རྒྱབ་དགོས་བྱུང་བ་ན། ཡི་གེ་མ་རྙེད་པ་དེ་དག་ནི་ཀི་གུ་ལོག་པ། ཐ་ཡིག་ལོག་པ། འགྲེང་བུ་གཉིས་བརྩེགས་དང་ན་རོ་གཉིས་བརྩེགས་བཅས་ཡིན། ཨཱེ་ཨཱོ་གཉིས་སྔགས་ཡིག་ལ་འབྲི་སྲོལ་མེད། བཟོ་སྐྲུན་པས་ཞུ་བ་འདི་གཟིགས་ཚེ། དེ་དག་བཟོ་སྐྲུན་འོང་བར་ཞུ་བ་ལགས་སོ།

  22. སྲིན་པོ་རྫ་རྒན་ says:
    2015-12-29 at 2:34 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཡི་གེ་དེ་དག་ནི་གློག་ཀླད་ནས་གཏབས་བདེ་བ་འབའ་ཞིག་རེད་ལགས། གཤམ་ན་གསལ་བ་ལྟར།

    ༼མྀ་ ཀྀ ཏྀ ཋཋཋ ཀཻ ཁཻ གཻ ཀཽ ཁཽ གཽ ༽

  23. སྲིན་པོ་རྫ་རྒན་ says:
    2015-12-29 at 3:03 am

    གཏབས་ གཏགས་སུ་བཅོས་སོ།།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-29 at 4:57 am

    ༼མྀ་ ཀྀ ཏྀ ཋཋཋ ཀཻ ཁཻ གཻ ཀཽ ཁཽ གཽ ༽

    རྣམ་དཔྱོད་ཡངས་པ་སྲིན་པོ་རྫ་རྒན་མཆོག
    ཡི་གེ་དེ་དག་བསྐུར་པར་བཀའ་དྲིན་ཆེ། ངའི་ངའི་བོད་ཡིག་འབྲི་སྟངས་དེ། ཝ་ལི་( Wylie) ཞེས་པའི་ལུགས་ལྟར་ཡིན་པས། དེ་ན་ཡི་གེ་དེ་དག་མེད་ཅིང་། ཥ་ཡིག ་ འོག་ཏུ་ཋ་ཡིག་འགོད་ན། ཇི་ལྟར་བྱ་དགོས། སྤར་གཞི་གཞོང་པ་གཞན་ཞིག་ན་ཡི་གེ་དེ་དག་ཡོད་འདུག་ཀྱང་། ལུགས་དེ་ལ་བདག་སྦྱང་མེད། བརྩེགས་མ་ར་མགོ་སོགས་དང་ཡ་བཏགས་སོགས་ཀྱང་དེར་འགོད་སྟངས་མ་ཤེས་ལགས།

  25. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-29 at 5:29 am

    བསྟན་འཛིན་རབ་དགའ་ ལེགས།
    འདང་ཞེས་པ་ལྡང་གི་འདོད་ན། དག་ཡིག་དེ་དག་ཏུ་ནན་ཏན་གྱིས་ལྡང་ཞེས་བྲིས་པ་ལ་དགོས་པ་གང་ཡང་མེད། བོད་སྐད་ཟུར་ཆག་ཚུལ་གཉིས་སུ་མཐོང་། ལྡང་ཞེས་པ་དང་ལྡོག་ཅེས་པ་སོགས་འོག་ནས་ཟུར་ཆག་སྟེ།་ལང་དང་ལོག་འདོན། གྲོགས་ཞེས་པ་སྟེང་ནས་ཟུར་ཆག་སྟེ། རོགས་ཞེས་སོགས་འདོན་ནོ།

  26. རིག་པའི་རྡོ་རྗེ། says:
    2015-12-29 at 7:21 am

    #20 བྱང་ཆུབ་ལོ་མ་ལགས་སུ།
    ངས་གོང་དུ་གང་ཡང་བཤད་མི་ཕོད་ཟེར་བ་དེ་ཨ་ཁུ་སྨོན་ལམ་སོགས་ཚིག་མཛོད་རྩོམ་སྒྲིག་ཚོགས་པར་ཟེར་གྱིན་མེད། གཞན་ཞིག་ལ་ཟེར་གྱིན་ཡོད། དེ་སྔོན་ངས་ཚིག་མཛོད་ཐོག་ལ་བསམ་ཚུལ་རེ་ཟུང་བྲིས་དུས། གཞན་དག་གིས། ཁོང་ཚོར་ཅི་ཡང་བཤད་མི་ཆོག ལྷག་པར་དུ་དྲ་ཐོག་ནས་བསམ་ཚུལ་འདོན་མི་ཆོག གལ་ཏེ་ནོར་བ་ཡོད་ན་ཚིག་མཛོད་ཚོགས་པར་སྒེར་ཐོག་ནས་ལྐོག་འབྲེལ་བྱོས། ད་ལྟ་སྨོན་ལམ་ཚིག་མཛོད་ཆེན་མོའི་སྙན་གྲགས་རྒྱས་བཞིན་པ་དང་། མི་མང་གིས་དགའ་བསུའི་མཐེ་བོང་སྒྲེང་བཞིན་པའི་སྐབས་འདིར། སྤྱི་ཚོགས་དྲ་བའི་ཐོག་བསམ་ཚུལ་བྲིས་པ་ནོར་འཁྲུལ་ཆེན་པོ་རེད། ཅེས་བཤད་མཁན་མང་པོ་བྱུང་བས་ཡིན། གསལ་བཤད་ཙམ་ཡིན་ལགས།

  27. ལྷག་བསམ། says:
    2015-12-29 at 12:17 pm

    ད་ལྟ་སྦས་པའི་དུས་ཚོད་མིན། དོན་དག་ཚང་མ་གསལ་བཤད་བྱས་ན། ཚང་མར་ཕན། ཇེ་གསལ་དུ་འགྱུར། ལེགས་པ་ནི་ལེགས་པ་དང་། མི་ལེགས་པ་ནི་ནམ་ཡང་མི་ལེགས་པ་ཡིན། མི་ལེགས་པ་མཐོང་བཞིན་དུ་མ་མཐོང་ཁུལ་གྱིས་བླུན་བསྟོད་བྱས་ན། ཕུགས་ལ་སྐྱོན་ཆེ། བོད་མིའི་ཁྲོད་ཞེན་ཁོག་དང་ལ་རྒྱ་ཡིན་སྙམ་པའི་གླེན་རྟགས་ཀྱིས་ཕུང་ལ་སྦྱོར་བ་ཤིན་ཏུ་མང་། རིག་པའི་རྡོ་རྗེ་ལྟ་བུ་མང་ཙམ་ཡོད་ན། དགའ་བ་ལ། ་་་་ཤེས་ཡོན་ཡོདཔ། ་་་རྣམ་དཔྱོད་ལེགས་པ། ་་་ལྷག་བསམ་ལྡན་པ། ་་་་བོད་ཞེན་ཆེ་བ། ་་་འདི་ལྟ་བུ་མང་ན་དགའ་བ་ལ། འོན་ཀྱང་། ཀླད་ལྗང་མགོ་མཁྲེགས་ཚོས་བཀག་ན་མི་ལེགས། ད་དུང་འགོག་ན། ཁས་ལེན་མེད་ཐག་ཆོད་ཡིན། ཅིས་ཀྱང་མགོ་ནས་མཇུག་བར་དུ་བཤད་ངེས།

  28. བྱང་ཆུབ་ལོ་མ། says:
    2015-12-29 at 12:22 pm

    རིག་པའི་རྡོ་རྗེ་ལགས་ཀྱིས་གསལ་བཤད་གནངས་པ་ཡག་བྱུང་། ཨ་ཁ་ཁ་བསམ་པ་ཞིག་བྱུང་། སྨོན་ལམ་ཚིག་མཛོད་ཡིག་ནོར་ཅན་འགྲེལ་བཤད་ནོར་འཁྲུལ་ཅན་དྲ་ལམ་དུ་སྤེལ་བས་མཚན་སྙན་གྲགས་ལ་གནོད་སོང་མ་གཏོགས། སྤྱི་ཚོགས་དྲ་ལམ་ནས་ཚིག་མཛོད་བེད་སྤྱོད་བྱེད་མཁན་ཚོས། འདི་ན་ནོར་འདུག དེ་འཁྲུལ་འདུག་ལབ་ན། དེས་སྨོན་ལམ་ཚིག་མཛོད་ཀྱི་མཚན་སྙན་གྲགས་ལ་ཅི་ཞིག་གནོད་དམ། གནོད་ངོ་མ་རྩོམ་བྱེད་མཁན་རྣམ་པ་དང་། ཞུས་དག་བྱེད་མཁན་རྣམ་པས་སྤུས་དག་ཅིག་མ་བྱས་པ་དེས་གནོད་ཀྱི་ཡོད་པ་རེད། ཚིག་མཛོད་འདི་མི་ཞིག་ཡིན་པའི་དབང་དུ་བཏང་ན། དང་པོ་ནས་གཟུགས་པོ་ནད་ཀྱིས་ཟིན་པ་ཞིག་རེད། ནད་པ་ཞིག་ལ་ནད་པ་རེད་ཅེས་ལབ་ན་དེས་ཚིག་མཛོད་ནད་པ་འདི་ལ་དམིགས་བསལ་གནོད་རྒྱུ་གང་ཡང་ཡོད་པ་མ་རེད།

  29. བསྟན་འཛིན་རབ་དགའ་ says:
    2015-12-29 at 12:27 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། གསལ་བཤད་གནངས་པ་ལ་ཐུགས་རྗེ་ཆེ་ཞུ། བོད་སྐད་ཀྱི་ཟུར་ཆག་སྟངས་འགའ་ཞིག་བསྟན་པ་འདི་ལས་བློ་སྐྱེད་ཐོབ་བྱུང་། གུས་བསྟོད་ཞུ་བ་ཡིན་ལགས།

  30. ལྷག་བསམ། says:
    2015-12-29 at 12:29 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལགས། དགུང་ན་མཐོ་ཡང་བོད་ཀྱི་ཤེས་རིག་ལ་ཐུགས་ཁུར་གནང་བ་ཤིན་ཏུ་ལེགས། ཡི་རངས་དང་བསྔགས་བརྗོད་ཞུ། ཐུགས་རྗེ་ཆེ། སྐུ་ཉིད་ལྟ་བུ་གཞོན་སྐྱེས་ཀྱི་གྲས་སུ་མང་ཙམ་ཡོད་ན། བསྟན་བཅོས་ལ་གྲགས་པའི་སྐད་དང་། གཞུང་ལུགས་སུ་གསལ་བའི་ཐ་སྙད་རྣམས་ཡུན་རིང་གསོན་ངེས་པའི་ཁར། ལ་དྭགས་པ་ཡང་རྒྱ་གར་བར་འགྱུར་དོགས་མེད་ཅིང་། རང་གི་ཕ་མྱེས་ཀྱི་ཤེས་རིག་ཀྱང་སྣང་མེད་དུ་འཇོག་མི་སྲིད། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་སྐད་དང་འགྲོ་ལུགས། ཆས་གོས་སོགས་གང་ཐད་ནས་འགྱུར་བཞིན་པ་འདིར་དགོངས་བཞེས་གནང་དགོས་ཚོད་དུ་མངོན། ཅིའི་ཕྱིར་དེ་དག་གིས་རྒྱ་གར་གྱི་འགྲོ་ལུགས་ལ་ལད་ཟློས་ཁོ་ན་བྱེད་པ་ཡིན་ནམ།

  31. རྟ་བདུན་དབང་བོ says:
    2015-12-29 at 1:54 pm

    དགེ་བཤེས་སྨོན་ལམ་ལགས་ལ་ཞུ་རྒྱུ། ཀུ་ཤུ་རྟགས་ཅན་མ་ལག་ཚད་གཞི། Mac Os 10.5/Os X 10.6/Os X 10.7 རྙིང་པ་འདི་འཇོག་དགོས་པའི་རྒྱུ་མཚན་གང་ཡིན། ད་ལྟ་གློག་ཀླད་རྙིང་པ་ཡིན་ཀྱང་ Mac Os 10.11 ཁ་སྐོང་བྱེད་ཐུབ་ཀྱི་ཡོད་པ་རེད། ངའི་གློག་ཀླད་ནང་དུ་ཚིག་མཛོད་ཕབ་ལེན་བྱེད་མི་ཐུབ་པའི་རྒྱུ་རྐྱེན་ནི་གློག་ཀླད་གསར་པ་ཡིན་པས་རེད་འདུག ཚིག་མཛོད་དེས་གཞན་ལ་ཕན་ཐོགས་པའི་བསམ་པ་ཡོད་ན་ཡར་རྒྱས་གཏོང་རོགས་ཞུ། ངའི་གློག་ཀླད་ནང་དུ་སྨོན་ལམ་ཚིག་མཛོད་འཇོག་འདོད་ཧ་ཅང་ཆེ། །

  32. བྱང་ཆུབ་ལོ་མ། says:
    2015-12-29 at 5:56 pm

    རང་ཉིད་ཀྱི་ལུང་པར་ཞེན་སེམས་ཆེ་བས་ཡིན་མིན་མི་ཤེས། དེ་རིང་གང་འདོད་ལྟ་བུར། སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་། མིང་ཚིག་གསུམ་གཏགས་ཏེ། འགྲེལ་བཤད་བཀླགས་པར། གསུམ་ཀའི་ནང་ན་ནོར་འཁྲུལ་འདུག སྨོན་ལམ་ཚིག་མཛོད་སྒྲིག་མཁན་ཚོས་གང་མགྱོགས་ལེགས་བཅོས་གནང་ན་ཡག་ས་རེད།

    1 ༼མཚོ་སྔོན་པོ་༽ཞེས་གཏགས་ནས་བཙལ་བར།

    བོད་མདོ་སྨད་ས་ཁུལ་གྱི་མཚོ་ཞིག་སྟེ། བོད་ཁམས་ཡོངས་ཀྱི་མཚོ་ཆེ་ཤོས་ཨང་དང་པོ་ཡིན། གནའ་གཏམ་གྱི་ནང་དུ། སྔོན་དུས་ཆུ་མིག་ཆུང་ངུ་ཞིག་༼གློ་བར་དུ་༽བརྡོལ་ནས་མཚོ་ཆེན་པོ་ཞིག་ཏུ་གྱུར་པ་དང་། མཐའ་སྐོར་གྱི་དུད་ཁྱིམ་ཁྲི་ཕྲག་གཅིག་མཚོའི་ནང་དུ་བསྣུབས་པའི་རྒྱུ་མཚན་གྱིས། མཚོ་ཁྲི་ཤོར་རྒྱལ་མོ་ཞེས་མིང་ཐོགས་པར་བཤད་པ་དང་། ཡང་། དཔེ་རྙིང་ལ་ལ་ན། མཚོ་ཁྲི་བཤོས་སམ། མཚོ་ཁྲི་བཤོར་ཞེས་འདོད་རྒྱལ་གྱི་མིང་ཡིན་པར་གསུངས།

    ༼གློ་བུར་༽ལ་༼གློ་བར༽་ཞེས་ནོར་འདུག

    2 ༼རྐང་ཚ་༽ཞེས་གཏགས་ནས་བཙལ་བས། ༼རྐང་ཚ་དཀོན་མཆོག་དོན་ཡོད༽ཅེས་པ་ཞིག་མངོན་བྱུང་། དེའི་འགྲེལ་བཤད ལ།

    རབ་བྱུང་བཅུ་གསུམ་པའི་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་མདོ་སྨད་དྭ་ནའི་མདོར་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་གཤེགས། དགུང་ལོ་བཅུ་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ཡབ་རྗེ་དྷྭ་ཛ་ལས་རབ་ཏུ་བྱུང་། རྡོ་རམས་པ་འཇམ་དབྱངས་ལས་བསྡུས་གྲྭ་ནས་གཞུང་ཆེན་རྣམས་ལ་ཐུགས་བརྩོན་མཛད། ༼སྨོན་ལམ་འབྱམས་པ་༽དང་། རྡོ་རམས་པའི་མཚན་བཏགས་བཞེས། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། ཐུན་དྲུག་རྣལ་འབྱོར་གྱི་ཁྲིད་གསན་རྗེས་ཆག་མེད་བསྐྱངས། རྒྱུད་པ་གྲྭ་ཚང་དུ་སྔགས་གཞུང་དང་ཆོ་ག་ཕྱག་ལེན་རྣམས་སྦྱངས། དགོན་གསར་རབ་རྒྱས་གླིང་གི་ཁྲིར་བཞུགས། འཆད་ཉན་ ལོ་བཞིའི་རིང་བསྐྱངས། བྲག་དཀར་ཁྲིར་ལོ་གསུམ་རིང་རྒྱུད་ཀྱི་འཆད་ཉན་སྤེལ་བཞིན་བཞུགས། ཤིང་ལས་ཁའི་ཁྲི་ལ་ལོ་གཉིས་བཞུགས། ཆོས་འཁོར་སྒར་གསར་དུ་བཞུགས་ནས་མཚན་ཉིད་བཙུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲིར་བྱོན། ལོ་ལྔའི་རིང་འཆད་ཉན་དང་གཏོང་སྒོ་ཡར་ལྡན་དུ་བསྐྱངས། དོན་གཉིས་པ་ རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་དགུ་པ་ཡིན། ཞེས་འདུག

    ༼སྨོན་ལམ་འབྱམས་པ༽་ཟེར་བ་ཡིན་རྒྱུ་མ་རེད། ༼སྨོན་ལམ་རབ་འབྱམས་པ༽ཟེར་དགོས་པ་ཡིན་རྒྱུ་རེད།

    3 ༼ཚེ་ཏན་ཞབས་དྲུང་༽ཞེས་གཏགས་ནས་བཙལ་བར། འགྲེལ་བཤད་ལ།

    རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་མདོ་སྨད་རྨ་ཆུའི་འགྲམ་དུ་ཡབ་ཡང་ཙེའམ་བློ་བཟང་བཀྲ་ཤིས་དང་། ཡུམ་ལྷ་མོ་ཐར་༼གཉིས་ཀྱི་འཁྲུངས།༽ དགུང་ལོ་བདུན་པར་རབ་བྱུང་བསྒྲུབས་ཏེ་ཆོས་སྒོར་ཞུགས། འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན། རིག་གནས་སྤྱི་དང་། བྱེ་བྲག་པོད་ལྔའི་གཞུང་ལ་ཐོས་བརྩོན་མཛད། མཁས་གྲགས་བོད་ཁམས་ཡོངས་ལ་ཁྱབ། སྒྲ་རིག་པ་བསླབས་པའི་ཀུན་བཤད་ཀྱི་མཚན་ལ་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་གསོལ། ཞེ་གསུམ་པར་ཕྱི་ལོ་ ༡༩༥༣ མཚོ་སྔོན་རྩོམ་བསྒྱུར་རྒྱུན་ལྷན་གྱི་འགན་ཁུར། སྒྱུར་རྩོམ་མང་དུ་གནང་། མཚོ་སྔོན་ཞིང་ཆེན་མི་དམངས་རྒྱུན་ལས་ལྷན་ཁང་གི་གཞུང་ལས་ཁང་གི་ཚོགས་གཙོ་གཞོན་པའི་འགན་ཁུར། ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང། རིག་གནས་གསར་བརྗེའི་ནང་དུ་བཙོན་ལའང་བཞུགས། རེ་བརྒྱད་པར་ཕྱི་ལོ་ ༡༩༧༨ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སླར་ཡང་དགེ་རྒན་མཛད། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་༼ཧུའུ་ཀྲང་༽གཞོན་པ་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་༼ཨུ་ཡོན།༽ ཀྲུང་གོ་མི་རིགས་སྐད་རིགས་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང་། སྐུ་ཚེ་གང་བོར་མི་རིགས་སློབ་གསོའི་ལས་འགན་མཛད་ནས་དུས་འདའ་བར་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ཕྱི་ལོ་ ༡༩༨༥ ལོའི་ཟླ་བ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་།  ལོ་རྒྱུས། དམ་ཆོས། བསླབ་བྱ། སྐར་རྩིས། སྙན་ངག སུམ་༼རྟག༽་དག་གསུམ། ལཉྫ་དང་ཝརྟུའི་མ་ཕྱི་བཅས་ཆོས་ཚན་ལྔ་བཅུ་ལྷག་བཞུགས།

    ༼གཉིས་ཀྱི་འཁྲུངས་༽ཡིན་རྒྱུ་མ་རེད༼གཉིས་ཀྱི་སྲས་སུ་འཁྲུངས༽ཡིན་རྒྱུ་རེད།
    ༼སུམ་རྟག་དག་གསུམ༽ཡིན་རྒྱུ་མ་རེད༼སུམ་རྟགས་དག་གསུམ༽ཡིན་རྒྱུ་རེད།

    ༼ཧུའུ་ཀྲང་༽ ༼ཨུ་ཡོན༽ སོགས་རྒྱ་སྐད་ཀྱི་ཐ་སྙད་རིགས་བེད་སྤྱོད་བྱས་འདུག དགའ་ལྡན་ཕོ་བྲང་གིས་རྫོང་ལ་ཞན་སོགས་རྒྱ་སྐད་ཀྱི་ཐ་སྙད་རིགས་བེད་སྤྱོད་མ་གནང་ཞེས་གསལ་བསྒྲགས་ཤིག་སྤེལ་ཡོད་བསམ་སོང་། འདི་དག་དམིགས་བསལ་ཡིན་ན་ནི་གང་ཤེས།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-30 at 4:21 am

    ལྷག་བསམ་ལེགས་ལ་ཞུ་ན། ང་ལ་དྭགས་སུ་མ་སླེབས་པར་ལོ་ཤས་སོང་། བོད་ཀྱི་ཆོས་སྐད་མི་ཉམས་པའི་ཕྱིར། མི་རྣམས་ཀྱིས་བོད་སྐད་གསར་ཤོག་ཀློག་དགོས་པར་གལ་ཆེ་བར་མཐོང་། དེའི་མཐུན་རྐྱེན་དུ་སློབ་གྲྭ་ཆེན་པོ་ཞིག་ནས་རྒན་ཡོལ་ཕོགས་གང་ཐོབ་བཏང་། ༧གོང་ས་མཆོག་གིས་ལོ་སྔོན་མར་གསར་ཤོག་སྒོ་འབྱེད་རྟེན་འབྲེལ་མཛད། གསར་ཤོར་དེར་ལ་དྭགས་གྲོང་ཡུལ་གྱི་སྐད་བོད་སྔ་རབས་པ་དང་མཐུན་པས་བཀོལ་དགོས་བཤད་ཀྱང་། དིང་དུས་བོད་སྐད་ཤན་ཞུགས་ཏེ། ཕྱུང་ལན་དང་པོ་ཟེར་དགོས་པ་ལས་འདོན་ཐེངས་དང་པོ། ཞེས་དང་། དུས་འཁོར་དབང་ཆེན་ལན་སོ་གསུམ་པ་ལ་དྭགས་གྲོང་ཡུལ་པས་གོ་སླ་ཡང་། ཐེངས་སོ་གསུམ་པ་ཞེས་པ་བཀོད་ཡོད་པར་མཐོང་།
    ་
    རྒྱལ་ཁམས་ཆུ་ཡིས་གང་ན།
    རྡོ་ལེབ་སྐམ་པོ་ག་ལ་ལུས།
    ་
    ཞེས་པའི་ཁ་རྒྱུན་ལྟར་རོ། ལ་དྭགས་གྲོང་ཡུལ་པས་དགེ་བ་སྒྲུཔ་པ་ལྟར་ས་གནས་གཞན་དུ་ཡོད་པའི་བོད་པ་དང་བོད་རིགས་དག་གིས་ཀྱང་སྒྲུབ་དགོས་ཞེས། ༧གོང་ས་མཆོག་གིས་གསུང་གཤད་སྩལ་པ་དག་བོད་ཀྱི་གསར་ཤོག་ཏུ་ལན་དུ་མར་བཀླགས།
    བདག་གིས་བོད་ཀྱི་ཆོས་སྐད་དང་ལུགས་སྲོལ་ཅུང་ཟད་ཤེས་པའི་འབྲས་བུར་རྒྱ་རིགས་དུ་མས་བོད་སྐད་སྦྱོང་ཞིང་། རྒྱ་ནག་ཏུ་བསྐྱོད་དགོས་ཞེས་རྒྱ་རིགས་གྲྭ་པ་དག་གིས་མགྲོན་འབོད་ཡོད་ཀྱང་ལྟ་དགོས་པ་ཡིན་ནོ།

  34. ལྷག་བསམ། says:
    2015-12-30 at 10:24 am

    མཁས་པའི་དབང་པོ་རྒན་འཇམ་དཔལ་ལགས་ལ་གྲོས་སུ་འདེབས་པ་མ་བཅོས་སེམས་ཀྱི་དྲང་གཏམ།
    ཐད་ཀར་ཞུས་ན།
    ༡། ལྷག་བསམ་ལེགས་ལ་ཞུ་ན། ཞེས་པ་ནོར།
    བཅོས་ན།
    ལྷག་བསམ་”ལགས་”ལ་ཞུས་ན། ཞེས་བཅོས།
    ༢། མི་རྣམས་ཀྱིས་བོད་སྐད་གསར་ཤོག་ཀློག་དགོས་པར་གལ་ཆེ་བར་མཐོང་། ཞེས་པ་ནོར།
    བཅོས་ན།
    ་་་་་ཀློག་དགོས་”པ་”ཞེས་བཅོས།
    ༣། དིང་དུས་་་་
    དེ་རིང་དང་སང་ཉིན་བསྡུས་པ་ལ། གཉིས་ཏེ། “དེ་”དང་”སང་”ལ་གཙོ་བོར་བསམས་ཏེ། དེ་གཉིས་བསྡུས་པ་དེང་སང་། “དེ་རིང་”དང་”སང་”གཉིས་ལ་གཙོ་བོར་བསམས་ཏེ། དིང་སང་། གཉིས་ཀ་ཡང་སྔོན་གྱི་ལུགས་ཡིན་པས་གཉིས་ཀ་འཐད།
    ༤། རྒྱལ་ཁམས་ཆུ་ཡིས་གང་ན། རྡོ་ལེབ་སྐམ་པོ་ག་ལ་ལུས།
    དག་བཅོས།
    རྒྱལ་ཁམས་ཆུ་ཡིས་གང་ན། རྡོ་ལེབ་སྐམ་”པོར་”ག་ལ་ལུས། ཞེས་བཅོས།
    ༥། སྩལ་པ་ཞེས་པ་བྱ་ཚིག་གི་ངོ་བོར་ཡོད་པས། སྩལ་”བ་”ཞེས་ཟེར་དགོས། མིང་གི་ངོ་བོ་ཤས་ཆེ་ན། པ་བྲིས་ཀྱང་ཆོག
    ༦། ལྟ་དགོས་པ་ཡིན་ནོ།
    འདི་ལ་གཉིས། དང་པོ་ནི། “བལྟ་”འབྲི་དགོས། གཉིས་པ་ནི། རྫོགས་ཚིག་གི་མཐར་ཉིས་ཤད་འཐོབ “ནོ།།”
    རྒན་འཇམ་དཔལ་མཆོག་ལ་ཞུ་རྒྱུར། ཁོ་བོ་རྨོངས་པའི་དབང་གིས། མཁས་དབང་མཆོག་གི་ཐུགས་དགོངས་དང་འགལ་ན་བཟོད་པར་གསོལ་ལོ།།

  35. རང་བྱུང་རིག་པའི་རྡོ་རྗེ says:
    2015-12-30 at 11:01 am

    རྒན་ལ་དྭགས་་ལགས་ནས་གཞན་གྱི་བརྡ་གསར་བཀོལ་དུས་ཡིག་ནོར་རུ་ངོས་འཛིན་བྱེད་ཀི་རེད། འོན་ཀྱང་ཁོང་གིས་མིང་ཚིག་ནོར་ལ་དོ་སྣང་མི་བྱེད། སྐད་གསར་གཅིག་བཀོལ་ན་དེ་ལ་དགག་པ་རྒྱག་ངེས་ཡིན། ཁོང་སྐད་གསར་ལ་ཐུགས་མཉེས་པོ་ཡོད་པ་མ་རེད། །

  36. ཁྱུང་སེ། says:
    2015-12-30 at 11:34 am

    རྒན་ལ་དྭགས་ལགས་་་བཀའ་དང་བསྟན་བཅོས་ནང་དུ་མ་གསལ་བའི་ཡཇ་གེ་འབྲི་སྟངས་ཞིག་ཡོད་ན་དེ་ནོར་བར་རྩི། དེ་ལས་ཀྱང་དག་ཡིག་གསར་བསྒྲིགས་ཚད་མར་བརྩི་གི་རེད།། ཡིན་ནའང་ཁོང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་ཆེན་པོ་གནང་མཁན་གྱི་མི་བུ་ཞིག་རེད།།

  37. ལྷག་བསམ། says:
    2015-12-30 at 1:14 pm

    རྒན་ལ་དྭགས་འཇམ་དཔལ་ལགས་ནི། གདོན་མི་ཟ་བར་མཁས་པ་ཞིག་ཡིན་ཚོད་དུ་སྣང་ཡང་། པ་དང་བའི་སྐོར་ལ་ཐུགས་རྒྱ་ཆུང་ཞིང་གཟིགས་རྒྱ་ཤིན་ཏུ་དོག་པ་འདྲ། ལྷག་པར་དུ་བྱ་ཚིག་དང་མིང་གི་རྣམ་དབྱེའི་སྤུ་རིས་འབྱེད་པའི་མཁྱེན་རྒྱ་ཨེ་ཡོད་སྙམ། བོད་ཀྱི་གནའ་བོའི་བརྡ་སྤྲོད་དང་ཡུལ་སྐད་བྱེ་བྲག་པ་ལྷན་ཅིག་བསྲེས་པ་གངས་ཅན་པའི་བརྡ་སྤྲོད་སྨྲ་བ་སི་ཏུ་དང་ནུབ་བཞུགས་མཁས་པ་རྒན་འཇམ་དཔལ་ལགས་ལྟ་བུ་དང་། མི་ཤེས་བཞིན་དུ་དེ་དག་གི་རྗེས་སུ་སློབ་ཅིང་དེ་དག་དང་རྗེས་སུ་མཐུན་པར་འདོད་པ་དུ་མ་ཡོད་པར་སྣང་བས། དེ་རྣམས་ལ་གསལ་འདེབས་ཤིག་ཞུ་འདོད། དེ་ནི། བྱ་ཚིག་གི་ཤན་ཤིན་ཏུ་ཆེ་བ་ལ། བ་དང་། མིང་གི་རྣམ་པ་མངོན་པར་གསལ་བ་ལ། པ་འབྲི་བ་དབུས་ཀྱི་འགྲོ་ལུགས་ཡིན། འོན་ཀྱང་། པ་བའི་འགྲོ་སྟངས་ལ། ཁམས་པ་དག་ནི་པ་ཁོ་ན་སྤྱོད་པ་དང་། དབུས་པ་དག་ལ་ངག་སྲོལ་ཙམ་ལས་སྒྲིག་སྲོལ་ངེས་གཏན་འཕེར་བ་ཞིག་མེད། གལ་ཏེ། སྔོན་གྱི་མཁས་པའི་རྗེས་སུ་འབྲངས་ཏེ། “ག་ད་བ་ས་ན་མ་པ།།” ཞེས་དང་། “ང་འ་ར་ལ་མཐའ་མེད་བ།།” ཞེས་པ་ལྟ་བུའི་གདེང་ཐོན་པ་ཞིག་ཡོད་ན་ནི། ཅི་མི་སྙམ་པར་ཁྱེད་ཅག་ལེགས་སོ་ཞེས་ཞུ་རྒྱུར་མི་དཀའ་ཡང་། དེ་ལྟ་བུ་མེད་པར་ཡུལ་ལུང་ཁུག་ཀྱོག་གི་ཞེན་པ་ཨ་འཐས་སུ་བྱེད་པར་ཡིད་རྟོན་ནམ་ཡང་མི་ཐུབ། “དགོངས་དག་ཞུ།”
    གཞན་ཡང་། འདང་དང་ལྡེང་སོགས་ལ་དབྱེ་འབྱེད་བྱེད་པར་ཡང་ཁས་ལེན་ནམ་ཡང་བྱེད་མི་ཐུབ། ཁྱོད་ཀྱི་ལྡེང་བདེན་ན། ངའི་འདང་མི་བདེན་པའི་རིགས་པ་དང་གཏན་ཚིགས་ཅི་ཞིག་ཡོད། ལུང་ཙམ་ང་ལ་ཡང་མང་ཙམ་བགྲང་དུ་ཡོད།
    དེ་མཚུངས། ཟློག་དང་ལྡོག ལོག་གསུམ་ལ་ཁྱད་པར་དང་ཞིབ་ཆའི་སྤུ་རིས་གསལ་བར་འབྱེད་དུ་ཡོད་པ་ལ་ཡང་དགོངས་བཞེས་མེད་པར། གྱ་ཚོམ་དུ་སྨྲ་བ་ནི་ཀྱེ་ཧུད་ཙམ་ལས་གཞན་ཞུ་མི་འདོད།

  38. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-30 at 10:02 pm

    ལྷག་བསམ་ལེགས་དང་། རང་བྱུང་རིག་པའི་རྡོ་རྗེ་ལེགས། ཁྱུང་སེ་ལེགས་བཅས་བྲིས་ཡོད། དེ་ལ་ཁུངས་འཐད་ལྡན་ཞིག་ཡོད། རིམ་པས་ཁྱེད་མཁས་པ་དག་དང་མཉམ་དུ་རྩོད་དགོས། དེ་ཡིས་བདག་དང་གཞན་གི་བློ་རྒྱས་པ་ལ་ཕན་ནོ། ད་ལྟ་ལོང་མེད། རྗེས་སུ་ཞུ་ངེས་སོ།

  39. བྱང་ཆུབ་ལོ་མ། says:
    2015-12-31 at 4:53 am

    སྨོན་ལམ་ཚིགས་མཛོད་ཆེན་མོ་ནི་ག་ཚད་བསྔོགས་ན་དེ་ཚོད་་ཀྱི་ཡིག་ནོར་དང་འགྲེལ་ནོར་མང་པོ་མཇལ་རྒྱུ་འདུག

    ༼ཤར་སྐལ་ལྡན་རྒྱ་མཚོ་༽ཞེས་པར་འགྲེལ་བཤད་བརྒྱབ་པའི་ནང་ལ། རབ་བྱུང་བཅུ་པའི་མེ་ལུག་ཕྱི་ལོ་ ༡༦༠༧ ལོར་མདོ་སྨད་རེབ་གོང་རྒྱལ་ཐང་ཞེས་པའི་ཡུལ་དུ། ཡབ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། ཞེས་བྲིས་འདུག་ཀྱང་། ད་ཡོད་རེབ་གོང་དང་འབྲེལ་བའི་ལོ་རྒྱུས་རྣམས་སུ་ཡུམ་གྱི་མཚན་ལ་ནག་ཡུ་བཟའ་སྙིང་མོ་དཔལ་ཞུ་ཞེས་གསལ་འདུག་པ་བདེན་རྒྱུ་རེད་འདོད།

    འགྲེལ་བཤད་དེར། སྐལ་ལྡན་ཚོགས་གཉིས་སུ་(གསིལ)་ཞེས་ཡིག་ནོར་དང་། ཆོས་སྡེ་དེ་(ལ)་ཆོས་སྲིད་གཉིས་ཀས་ལེགས་པར་བསྐྱངས་ཞེས་དགོས་མེད་ཀྱི་ལ་སྒྲ་ཞིག་བཅུག་འདུག་པའི་འགྲེལ་བཤད་འདི་(རྨ་ལྷོའི་དམངས་སྲོལ་རིག་གནས)་ཞེས་པ་ནས་བཤུས་འདུག དེའི་ནང་ནོར་མེད་པ་འགའ་ཞིག་ནོར་བཅུག་འདུག ནོར་བ་འགའ་ཞིག་ནོར་བ་རང་བྱས་ནས་བཞག་འདུག

  40. ལུང་རྟོགས། says:
    2016-01-04 at 6:59 am

    གློག་ཀླད་ནང་ལ་མི་ཤེས་ཀྱང་ཀུ་ཤུ་ཁ་པར་དང་ཨ་ཡི་ཕེ་སྒྲི་ནང་ལ་ལེགས་པར་བེད་སྤྱོད་གཏོང་ཐུབ་ཀྱི་འདུག ཡིག་ནོར་དང་དོན་ནོར་ཡོད་ན་བསམ་འཆར་འདོན་ལོས་ཆོག འོན་ཀྱང་སྐུ་སྒེར་གྱིས་དཔལ་འབྱོར་བཏང་སྨོན་ལམ་གྱིས་དཀའ་ལས་རྒྱབ་ནས་བོད་ཡིག་ལ་ཞབས་འདེགས་བླ་མེད་ཅིག་ཞུས་པ་འདིར་བཟང་པོའི་ངོ་སོ་མེད་ན། ཚིག་མཛོད་ལ་ཁོང་གི་མིང་བཏགས་པ་ཙམ་ལ་མ་རང་བ་བྱེད་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་ལ། མི་དེའི་རིགས་ཀྱིས་སོ་སོས་བོད་སྐད་ཡིག་ལ་ཞབས་འདེགས་ཅི་ཞིག་སྒྲུག་ཡོད་ལྟ་ཙམ་བྱས་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme