Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་རྗེ་གདན།

Posted on 2015-12-272015-12-27 By ཁ་བརྡ No Comments on རྡོ་རྗེ་གདན།

དགེ་འདུན་བསྟན་འཛིན།

 
“ཨ་མ་ལགས། རྡོ་རྗེ་གདན་གང་རེད། གདན་མང་པོ་འདུག་ཨང་།” དྭངས་ཤིང་གཙང་བའི་བྱིས་པའི་སྐད་དེས་ང་རང་རྨི་ལམ་སབ་སིབ་ལས་རབ་ཏུ་དཀྲོགས། ངས་མིག་གདངས་ནས་བལྟས་པ་ན། བྱིས་པ་ཞིག་གིས་གཡོན་ཕྱོགས་ཀྱི་རྡོའི་ར་བའི་ཕྱི་རོལ། བྱང་ཆུབ་ལྗོན་ཤིང་གི་འོག་ན་ཡོད་པའི་གདན་དེ་དག་ལ་ལྟ་བཞིན་ཨ་མར་འདྲི་བཞིན་འདུག
“ཕར་མ་ལྟ། ཚུར་ལྟོས་དང་། འདི་རེད།” ཨ་མས་གཡས་ཕྱོགས་ཀྱི་མཆོད་རྟེན་སྟོན་བཞིན་དེ་སྐད་སྨྲས།
“གདན་ག་བར་འདུག ངས་མཐོང་གི་མི་འདུག” བྱིས་པ་དེའི་མིག་ལས་ལྷད་མེད་པའི་འོད་མདངས་མངོན་ཞིང་། སྐད་གདངས་ནི་ཧ་ཅང་སྙན་ལ་འཇེབས་པ་ཞིག་རེད།

ང་སྔ་པོ་ལངས་ཏེ་མཐོང་གྲོལ་མཆོད་རྟེན་ཆེན་མོའི་ནང་ལོགས་སུ་སྡོད་ས་ཞིག་རག་པའི་རེ་བ་བཅངས་ནས་སོང་། འོན་ཀྱང་། ནང་ལོགས་ནི་དད་ལྡན་རྣམས་ཀྱིས་སྔ་ས་ནས་བཟུང་ཟིན་འདུག །དེར་བརྟེན། ང་བྱང་ཆུབ་ཤིང་གི་འོག་ཏུ་བསྡད་ནས་ཐེ་ལན་པ་དེ་དག་དང་ལྷན་ཏུ། མིག་བཙུམས་ནས་སེམས་ཀྱི་ཁ་ལོ་ལེགས་པའི་ཕྱོགས་སུ་ཅུང་ཟད་ཅིག་བསྒྱུར་བའི་ཐབས་ལ་འབད།
འདི་ནི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་རྩོད་མེད་ཡིན་པས་བྱིན་རླབས་ཡོད་མེད་ལ་དོགས་པ་མེད་མོད། ངའི་སེམས་ལ་གནས་ཀྱི་བྱིན་རླབས་གཏན་ནས་ཞུགས་མ་ཐུབ་པ་འདྲ་སྟེ། ཅུང་ཟད་བསྒྲིམས་ན་གཉིད་བྲོ་ཞིང་། གློད་ན་བྱས་མྱོང་བ་དང་མ་མྱོང་བ། འབྱུང་སྲིད་པ་དང་མི་སྲིད་པའི་བྱ་དངོས་སྣ་ཚོགས་ཡིད་ངོར་འཚངས་ནས་འོངས། གཉིད་དུམ་ཞིག་ཁུག་ནས་རྨི་ལམ་སབ་སིབ་ཅིག་རྨི་བའི་སྐབས་སུ་བྱིས་པ་དེའི་སྐད་གོ་བ་ན། ངའི་གདོང་ལ་ཆུ་གྲང་མོ་ཁྱོར་བ་གང་བྱོས་པ་ལྟར་གཉིད་རྦད་དེ་སངས།

“འདི་མཆོད་རྟེན་རེད་ཨང་། གདན་ཕ་གིར་འདུག །ཕར་ལྟོས་དང་་་་་” བྱིས་པ་དེས་མཆོད་རྟེན་ལ་ལྟ་བཞིན་ཨ་མས་བཤད་པ་ལ་ཡིད་མ་མགུ་བའི་རྣམ་འགྱུར་དང་བཅས་དེ་ལྟར་བརྗོད་ཅིང་། སླར་ཡང་གཡོན་ཕྱོགས་སུ་འཁོར་ནས་བཞུགས་གདན་དེ་དག་ལ་མཛུབ་མོ་ཀེར། སྐབས་དེར་ངས་ཀྱང་ཞིབ་ལྟ་ཞིག་བྱས། བྱིས་པས་མཛུབ་མོ་འཛུགས་པའི་ཕྱོགས་སུ་བཞུགས་གདན་ཤིན་ཏུ་དཀར་ཞིང་གཙང་བ་ཞིག་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས་པར་གྲགས་པའི་རྡོ་རའི་དྲ་མིག་གི་བར་གསེང་ནས་ལྷང་ངེར་མངོན།
“ཨ་མ་ལགས། ལྟོས་དང་། ཕ་གིར་འདུག །ངས་མཐོང་བྱུང་།” བྱིས་པ་དེས་གདན་དཀར་གཙང་མ་གཙང་རྐྱང་དེ་མཛུབ་མོས་སྟོན་བཞིན་སྨྲས།
“ཨ་ལེ། གདན་ཡག་པོ་ཞེད་པོ་ཅིག་འདུག །ཡིན་ནའང་། རྡོ་རྗེ་གདན་འདི་རེད། ཕ་གི་མ་རེད།” ཨ་མས་བུས་བསྟན་པའི་གདན་ལ་ལྟ་ཙམ་བྱས་ཤིང་སླར་ཡང་ལག་གཡས་པས་མཆོད་རྟེན་སྟོན་བཞིན་དུ་སྨྲས།

“རེད་རེད། རྡོ་རྗེ་གདན་ཕ་གི་ན་ཡོད་མ་རེད། འདི་རེད། འདི་་་་” ལག་པ་གཡས་པས་མ་ཎི་འཁོར་ལོ་སྐོར་ཞིང་། གཡོན་པར་ཀུ་ཤུའི་ཁ་པར་འཁྱེར་བའི་བླ་རྒན་ཞིག་གིས། མཆུ་ཏོ་མཆོད་རྟེན་གྱི་ཕྱོགས་སུ་གཅུས་ནས་བྱིས་པ་དེར་གོ་བསྐོན་བྱས། ཕར་བལྟས་ཚོད་ལ། བླ་རྒན་དེས་བྱིས་པ་འདི་རྡོ་རྗེ་གདན་ལ་སླེབས་ནས་ད་དུང་རྡོ་རྗེ་གདན་ངོ་མ་ཤེས་པ་ནི་ཅི་འདྲའི་ཕངས་པ་ལ་ཨང་སྙམ་ཞིང་ཡོད་པ་འདྲ།

“ཨ་མ་ལགས། འདིར་ཤོག་དང་། རྡོ་རྗེ་གདན་འདིར་འདུག །ངས་རག་བྱུང་།” བྱིས་པ་དེ་དེ་མ་ཐག་རྡོ་ར་བརྒལ་ནས་གདན་དཀར་གྱི་སྟེང་ན་ཙོག་པུར་བསྡད་འདུག །ཨ་མ་འཚུབ་ཆ་ལང་བཞིན། “ཨ་ཙི། དེ་བླ་མ་བཞུགས་ས་རེད། ང་ཚོ་འདྲ་བོ་སྡོད་ས་མ་རེད། ཚུར་ཤོག” ཟེར་བཞིན་བྱིས་པའི་ཕྱོགས་སུ་རྒྱུགས་ཤིང་ལག་པར་འཇུས་ནས་འཐེན། ཨ་མས་མདུན་དུ་འཐེན་ཞིང་བྱིས་པས་ཕྱི་མིག་ལྟ་བཞིན་ཨ་མའི་རྗེས་སུ་འབྲངས། མ་བུ་གཉིས་སྐོར་ལམ་གྱི་མི་ཚོགས་ཁྲོད་དུ་ཡལ།
ང་ཞོགས་ཇ་འཐུང་དུ་འགྲོ་ཞོར་ལ་ད་གིན་གྱི་གདན་དེའི་ཉེ་སར་ཕྱིན་ནས་ཞིབ་ལྟ་ཞིག་བྱས། དེ་ནི་དྲི་མས་མ་གོས་ལ་ཡིད་དུ་འོང་བ་ཞིག་རེད། གདན་དེས་ཡིད་འཕྲོགས་པ་ནི་ང་རང་ཁོ་ན་མིན་པ་འདྲ། མི་མང་པོས་ང་དང་འདྲ་བར་གདན་དེ་ལ་ལྟ་བཞིན་འདུག

ཕྱེད་ཡོལ་ཙམ་ལ་ང་སླར་ཡང་མཆོད་རྟེན་ལ་འབྱོར། ལོ་མ་ཞིག་ལྷུང་ཨེ་ཡོང་སྙམ་པའི་རེ་བ་ཆེན་པོས་བྱང་ཆུབ་ལྗོན་པའི་འོག་ཏུ་བསྡད། སྐྱ་སེར་དང་ཕོ་མོའི་དབྱེ་བ་མེད་པར་མི་ཤིན་ཏུ་མང་པོས་རང་རང་གི་འདོད་མོས་ལྟར། གསོལ་འདེབས་དང་སྨོན་ལམ་སྐྱོར་བཞིན་འདུག །ཁོ་ཚོའི་ཆ་ལུགས་དང་སྐད་རིགས་མི་འདྲ་ཞིང་། འདོན་ཆོག་དང་དབྱངས་རྟ་མི་གཅིག་མོད། ཁོ་ཚོ་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། རང་གིས་སྐྱོར་བཞིན་པ་དེ་གཞན་གྱི་རྣ་ལམ་དུའང་བསྒྲག་པའི་ཆེད་དུ། སྒྲ་སྒམ་ཆེན་པོ་འགའ་རེ་བཞག་ཡོད་པ་དེ་རེད།

དེ་ལས་ཀྱང་ཡ་ང་བ་ཞིག་ནི། ལྗོན་པའི་སྟེང་ན་བག་ཡངས་སུ་གནས་པའི་བྱིའུ་དཀྲོགས་པར་མ་ཟད། མཆོད་རྟེན་གྱི་ཉེ་འཁོར་ན་རྒྱུ་བའི་ཁྱི་ཚོགས་དངངས་པར་བྱེད་པའི་རོལ་མོའི་སྒྲ་སྐད་རེད། སྒྲ་སྐད་དེའི་ནང་དུ་རྔ་སྐད་ཡོད་ལ་དུང་དང་རྒྱ་གླིང་། སྦུབ་དང་སིལ་སྙན། ཐ་ན་མི་རྐང་གླིང་བུའི་སྒྲ་ཡང་འདུས་ཡོད། ཁོ་ཚོས་རྔ་གོག་དང་གྱེར་སྔགས་ཀྱི་སྒྲ་ལ་བརྟེན་ནས་སྣང་སྲིད་ཟིལ་གྱིས་གནོན་པར་འདོད་པ་འདྲ། ཁོ་ཚོས་འཇིག་རྟེན་ན་རང་ཉིད་ཀྱི་སྒྲ་སྐད་ལས་གཞན་ཅི་ཡང་གོ་རྒྱུ་མེད་ན་འདོད་པ་འདྲ།

ང་ནི་ཁྲོམ་ཆེན་པོ་ཞིག་གི་དཀྱིལ་ལ་སླེབས་པའི་སྣང་བ་སྐྱེས་ཤིང་། མགོ་བོ་ཡང་ཅུང་ཟད་ན་བས་ཕྱི་རོལ་ཏུ་ཕྱིན་ནས་དབེན་པ་ཞིག་ཏུ་བསྡད་དགོས་སྙམ་ཡང་། བྱང་ཆུབ་ལྗོན་ཤིང་གི་ལོ་མ་ཞིག་ཐོབ་པའི་རེ་བས། མྱུར་དུ་ལང་སྙིང་མ་འདོད་པར་དེ་མུར་ལུས།

དུས་ཚོད་ནི་དེ་ལྟར་ཟད་ཅིང་འཛད། མི་ཚོགས་རང་སར་ལོག་ཅིང་ཟིང་ཟིང་འུར་འུར་གྱི་སྒྲ་ཡང་རང་སར་ཞི། ངས་དེའི་བརྒྱུད་རིམ་ཡིད་ལ་མི་དྲན། གང་ལྟར། ལྗོན་ལོ་མ་རག་པར་ཕངས་སེམས་སྐྱེ་བཞིན་ཕྱི་སྐོར་ལ་འགྲོ་བར་བརྩམས། འགྲོ་ཞོར་ལ་ད་ནངས་ཀྱི་གདན་དེ་ལ་ལྟ་ཙམ་བྱས། དེའི་སྟེང་དུ་སུ་ཞིག་བསྡད་པ་ཡིན་ནམ། མི་གཅིག་མ་ཡིན་པར་འགའ་ཞིག་བསྡད་པ་ཡིན་ནམ། གང་ལྟར། ནག་ནོག་གི་དྲི་མས་ཡོངས་སུ་སྦགས་འདུག །

བརྩམས་སྒྲུང་།

Post navigation

Previous Post: འོས་ཤོག་རེ་རེ་མེ་མདའ་ལྟར་དུ་བཟུང་།
Next Post: སོག་པོ་སྟག་ཁྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme