Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་རྗེས་དྲན།

Posted on 2015-12-222015-12-22 By ཁ་བརྡ 18 Comments on ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་རྗེས་དྲན།

དཔལ་དགྱེས་པ་རྡོ་རྗེ།

༄༅།།༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་རྗེས་དྲན་དཔག་བསམ་ལྗོན་བཟང་ཞེས་བྱ་བ།

ན་མོ་གུ་རུ་ཨ་བྷྱ་ལཀྵྃ་ཀ་ར་ཡེ།
གཉུག་སེམས་ཆོས་སྐུའི་ངོ་བོ་གདོད་མའི་མགོན་པོ།།
རིགས་བདག་ལོངས་སྐུའི་རང་བཞིན་རྡོ་རྗེ་སེམས་དཔའ།།
གང་འདུལ་སྤྲུལ་སྐུའི་ཐུགས་རྗེ་པདྨ་འབྱུང་གནས།།
དབྱེར་མེད་ཡིད་བཞིན་ནོར་བུ་སྙིང་ནས་དྲན་ནོ།།
རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ས་སྤྱོད་ཞིང་ཁམས།།
གནས་ཆེན་རི་བོ་རྩེ་ལྔར་རྗེ་ཉིད་མཇལ་བས།།
རབ་དགའི་དད་པའི་འདབ་སྟོང་གསར་དུ་བཞད་པ།།
ནམ་ཡང་བརྗེད་དུ་མེད་པའི་དྲན་པ་བརྟས་སོ།།

unnamed

འཕགས་ཚོགས་འཁོར་གྱི་བསྐོར་བའི་ཆོས་རྗེ་དམ་པས།།
བཀའ་གཏེར་མན་ངག་བདུད་རྩིའི་ཆོས་ཆར་ཕབས་ནས།།
སྐལ་བཟང་སློབ་ཚོགས་སྨིན་གྲོལ་བདེ་ཆེན་བཀོད་པའི།།
ཟབ་གསང་དྲན་པ་ནམ་མཁའ་སྒོ་འཕར་ཕྱེས་སོང་།།
བཟང་སྤྱོད་དུང་སྨོན་ཆེན་མོ་ཐོག་མར་འཚོགས་སྐབས།།
ལས་ཉོན་བདུད་བཞི་བཅོམ་པའི་གོ་ཆ་བགོས་ཏེ།།
བསྟན་འགྲོར་ཕན་བདེ་མཛད་པའི་བྱང་ཆུབ་སེམས་བསྐྱེད།།
ཡབ་གཅིག་འཇམ་དཔལ་དཔའ་བོིའི་ཐུགས་དམ་དྲན་བྱུང་།།
མདོ་ཁམས་རི་བོ་རྩེ་ལྔར་ཆོས་ཀྱི་གྲོང་ཁྱེར།།
བཤད་སྒྲུབ་ཕྲིན་ལས་དུས་བཞིའི་ནམ་ཟླ་ངོམས་ཚེ།།
ཆོས་ཀུན་རྩ་བ་བསླབ་གསུམ་རྒྱ་མཚོས་ཕྱུག་པའི།
རྣམ་དག་དགེ་འདུན་སྡེ་གཉིས་དཔལ་ཡོན་དྲན་བྱུང་།།
འཛམ་གླིང་གོ་ལ་ཟླུམ་པོར་ཆོས་འཁོར་བསྐོར་ཅིང་།།
དུས་གསུམ་མཁྱེན་པའི་ལུང་བསྟན་གསལ་བོར་གནང་སྟེ།།
ཀུན་མཁྱེན་བླ་མ་དམ་པ་རྒྱལ་ཚབ་བཞགས་ནས།།
བདེ་ཆེན་ཞིང་དུ་ཕེབས་པའི་འདས་རྟགས་དྲན་བྱུང་།།
བསྟན་པ་བུ་གཅིག་རྒྱུད་པའི་དམ་ཚིག་ཕྱག་རྒྱས།།
ནམ་ཡང་འབྲལ་བ་མེད་པའི་ཐུགས་དམ་མཛད་ནས།།
འདི་ཕྱི་བར་དོར་འདྲེན་པའི་ཡིད་བཞིན་ནོར་བུ།།
བདེ་ཆེན་ཞིང་གི་མགོན་པོ་སྙིང་ནས་དྲན་བྱུང་།།
དྲན་པའི་ཡེ་ཤེས་གཏེར་ཆེན་རྡོ་རྗེ་བདུད་འཇོམས།།
སྣང་སྲིད་དབང་དུ་བསྡུད་པའི་པདྨ་རྒྱལ་པོས།།
འགྲོ་ཀུན་ཕན་བདེའི་སྨིན་གྲོལ་དངོས་གྲུབ་གནང་ནས།།
རྒྱལ་དབང་ཉིད་དང་དགོངས་པ་དབྱེར་མེད་སྨོན་ནོ།།

ཞེས་པ་འདི་ཡང་རབ་གནས་ཤིང་ལུག་མགོ་ཟླའི་དཀར་ཕྱོགས་བཟང་པོ་གསུམ་པ་འམ་དགུན་ཉི་ལྡོག་མཐར་ཐུག་གི་ཉིན་ནས་བཟུང་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་ཀྱི་སྐབས་སུ་གང་དྲན་དད་གུས་སྙིང་གི་རྗེས་དྲན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ཚོགས་གྲལ་ནས་མགོན་པོ་གང་གི་སློབ་བུ་ཐ་ཤལ་བ་དཔལ་དགྱེས་པ་རུ་འབོད་པས་གསོལ་བ་འདེབས་པར་དགེའོ།། །།

སྙན་ངག

Post navigation

Previous Post: ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། པེ་ཅིན་གྱི་བོད་པ།
Next Post: ཆང་གིས་བཟི་སོང་བའི་ངའི་ཕ་ཡུལ།

Comments (18) on “༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་རྗེས་དྲན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 11:56 pm

    ་་་་ མགོན་པོ་གང་གི་སློབ་བུ་ཐ་ཤལ་བ་དཔལ་དགྱེས་པ་རུ་འབོད་པས་་་་་་་་་

  2. BONPO says:
    2015-12-23 at 9:29 am

    སྟོད་གོས་སྔོན་པོ་མནབས་པའི་ཆོས་རྗེ་མཇལ་བ་དང་པོ། །

  3. པདྨ says:
    2015-12-23 at 10:51 am

    བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ།།
    ཨ། །
    འཁོར་འདས་ཆོས་ཀུན་ཀ་དག་རིག་པའི་ངང་། །
    རང་གདངས་མ་འགག་ཡེ་ཤེས་འོད་ལྔའི་ཀློང་། །
    ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ལ། །
    རྣམ་པ་སྐྱབས་གཅིག་ཡིད་བཞིན་ནོར་བུ་ཉིད། །
    དཀར་གསལ་མཛེས་འཛུམ་པཎྜི་ཏ་ཡི་ཆས། །
    ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་བསྣམས། །
    ཞབས་གཉིས་སྐྱིལ་ཀྲུང་འོད་ཟེར་མུ་མེད་འཕྲོ། །
    རང་སྣང་དག་པའི་རྒྱན་དུ་ལམ་མེར་གསལ། །
    གསོལ་བ་གདབ་པ་ནི།
    གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ༑ ༑
    འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །
    འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
    དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས༑ ༑
    ཅི་ནུས་བསགས།
    མཐར་ནི་བླ་མ་འོད་ལྔའི་ཐིག་ལེར་གྱུར། །
    རང་གི་སྤྱི་བོ་ནས་ཞུགས་སྙིང་དབུས་ཐིམ། །
    རྒྱལ་ཀུན་ཡེ་ཤེས་གཅིག་འདུས་བླ་མ་དང་༑ ༑
    སྐལ་བ་མཉམ་པའི་བྱིན་རླབས་ཐོབ་པར་བསམ། །
    ཞེས་བློ་འདས་ཆོས་སྐུའི་ངང་དུ་མཉམ་པར་བཞག དེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ཟླ་༦ཚེས་༢༥དུས་སུ་གངས་ལྗོངས་སྨྲ་བའི་དབང་ཕྱུག་སྤྲུལ་བའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོས་རང་དང་སློབ་ཚོགས་ཡོངས་ལ་ཕན་པའི་ཕྱིར་དུ་འདི་འདྲ་ཞིག་དགོས་ཞེས་སྐུལ་མ་མཛད་པའི་དེ་མ་ཐག་རིག་སྟོང་འཇམ་པའི་དབྱངས་ཀྱི་རང་སྒྲ་རྩོལ་མེད་དུ་ཤར་བ་བཞིན་མཁས་བཙུན་གྲུབ་པའི་དབང་ཕྱུག་སྤྲུལ་ལུང་རྟོགས་རྒྱ་མཚོས་ཡི་གེ་པ་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་མཁའ་དབྱིངས་འཇའ་སྤྲིན་འཁྱིལ་བའི་དབེན་ཁྲོད་ནས་སྤེལ་བ་དགེ། །།
    མ་རྩོམ་འདིར་འདུག
    https://www.zine.la/article/5858da0c93b711e4b6a300163e023006/

  4. བཀྲིས། says:
    2015-12-23 at 3:10 pm

    ཆོས་རྗེ་ཁོང་བན་བོན་གཉིས་ཀར་ཉམས་ལེན་གནང་མཁན་ཡིན་པ་ཐོས། དེར་བརྟེན། ད་ལྟ་བླ་རུང་སྒར་ལ་ཡང་བོན་གྱི་བརྟེན་ཁང་དང་གསུང་འབུམ་སོགས་བཞུགས་ཡོད་ལ། དེ་དག་ལ་སློབ་སྦྱོང་ཡང་བྱེད་བཞིན་ཡོད། ངོ་མ་རིས་མེད་གཙང་མ་ཞིག་རེད་ལགས། བླ་མ་མཁྱེན། ཆོས་རྗེ་ཡིད་བཞིན་ནོར་བུ་མཁྱེན། བན་བོན་བསྟན་པ་ཉི་ཟླ་ལྟར་གསལ་བའི་སྨོན་ལམ་འདེབས།

  5. པདྨ says:
    2015-12-23 at 4:07 pm

    ངོས་ཀྱི་གྲོགས་མོས་འདི་ལྟར་འདས་མཆོད་དང་གསོལ་འདེབས་བྱས་འདུག
    http://papa.me/post/p7j3u0cb?from=groupmessage&isappinstalled=0

  6. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 12:26 am

    ་་་་་་་་ ཆོས་རྗེ་ཁོང་བན་བོན་གཉིས་ཀར་ཉམས་ལེན་གནང་མཁན་ཡིན་པ་ཐོས། ་་་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 12:29 am

    བོད་སྔ་རབས་པས། བོན་པོ་མུ་སྟེགས་མ་ཡིན་ན་ཡང་། བོན་པོ་ནང་པ་ཡང་མིན་ཟེར་བ་ཞིག་ཤོད་སྲོལ་ཡོད་པ་རེད། ད་ནི། རིས་མེད་ཀྱིས་ངང་ལ་དད་དམ་འོ་ཆུ་འདྲེས་པ་ལྟར་གྱུར་པའམ། ཡང་ན། རང་ལུགས་ལྟ་བཟོ་མེད་པར་གྱུར་པ་གང་ཡིན་ཆ་མ་འཚལ་ལོ།། །།

  8. རང་ཤར་རིག་གྲོལ་རྩལ says:
    2015-12-24 at 1:51 am

    བོན་པོ་ཚོ་ཐུབ་པའི་རྗེ་འབྲངས་མིན་ཟེར་ན་འགྲིག་གི་རེད། བོན་པོ་ནང་པ་མིན་ཟེར་ན་རྒྱུ་མཚན་ཡང་དག་གང་ཡང་མེད་པ་རེད། བོན་པོའི་ལུགས་ལ་སྐྱབས་འགྲོ་ཐུབ་པའི་ལུགས་དང་གཅིག་མཚུངས་ཡོད། དེའི་ཕྱིར་བོན་རང་ལུགས་ལ་བོན་པོ་ནང་པ་ཡིན་མིན་གྱི་བཤད་སྲོལ་སྔར་ཡང་བྱུང་མྱོང་མེད་ལ་ད་ལྟའང་མི་འབྱུང་། བོན་པོ་ནང་པ་ཡིན་མིན་དང་། བོན་དཀར་བོན་ནག་གི་ཐ་སྙད་འདི་དག་གྲུབ་མཐའི་ཆགས་སྡང་གིས་བྱུང་བ་ཞིག་ལས་བོན་ལུགས་ལ་མིང་ཙམ་ཡང་མི་གྲགས་སོ། དེང་དུས་ཀྱི་བོན་པོ་ཚོར་གསར་རྙིང་གཉིས་ཡོད་པ་བདེན་པ་རེད། གསར་མའི་ཆོ་ག་མང་པོ་ཞིག་རྙིང་མ་དང་ཧ་ཅང་མཐུན་པོ་འདུག འོན་ཀྱང་རྙིང་ཆོས་དག་ཐད་གར་བོན་གསར་དུ་བསྒྱུར་བ་ཞིག་མ་ཡིན། བོན་གསར་གྱི་གཏེར་སྟོན་རྣམས་གུ་རུའི་རྣམ་སྤྲུལ་ཤ་སྟག་རེད། དེའི་སྟོབས་ཀྱིས་གཏེར་སྟོན་དེ་དག་གི་དགོངས་པའི་རྩལ་ལས་ཐོན་པའི་བོན་རྣམས་རྙིང་ཆོས་དང་ཆ་འདྲ་བའི་ཆོ་ག་མང་པོ་ཞིག་བྱུང་བ་རེད། །

  9. རང་ཤར་རིག་གྲོལ་རྩལ says:
    2015-12-24 at 2:03 am

    བོན་པོ་དང་རྙིང་མ་གཉིས་ནི་གང་ནས་བལྟས་ཀྱང་ལྟ་སྤྱོད་གཅིག་པ་རེད། ཕན་ཚུན་ལ་མཐུན་་སྒྲིལ་ལེགས་པོ་དགོས་རྒྱུ་གལ་ཆེན་རེད། ཡིན་ཡང་ཅོལ་ཆུང་ཁ་ཅིག་གིས་ཆོས་ཁ་ལ་འཁྱེར་དེ་ཆགས་སྡང་གིས་ཕན་ཚུན་དཀྲུགས་ཀྱི་ཡོད་པར་སྣང་ངོ་། དགེ་ལུགས་དང་བཀའ་རྒྱུད་གཉིས་ནི་ཆོས་རྒྱུད་གཅིག་པ་ལྟ་བུ་རེད། ཡིན་ཡང་ཆོས་ཁ་ལ་འཁྱེར་ཏེ་ཆབ་སྲིད་ཀྱི་དབང་གིས་ཕན་ཚུན་ལ་གསོད་རེས་བྱས་པའི་ལོ་རྒྱུས་སྦས་མི་ཐུབ་པ་ལྟ་བུ་བྱུང་བ་རེད། འདི་དག་ཚང་མ་ཆབ་སྲིད་ཀྱི་དབང་ཤུགས་ཁོ་ན་ལས་མ་འདས་སོ། །

  10. རང་ཤར་རིག་གྲོལ་རྩལ says:
    2015-12-24 at 2:12 am

    མཚུངས་མེད་ཆོས་རྗེ་ཨོ་རྒྱན་གཉིས་པ་ཡིས། མདོ་སྔགས་རྫོགས་གསུམ་ཆོས་འཁོར་བསྐོར་ནས་ཀྱང་། དཔག་མེད་གདུལ་བྱ་ཐར་བའི་ལམ་ལ་བཀོད། འདྲེན་མཆོག་དམ་པ་ཁྱོད་ནི་སྙིང་ནས་དྲན། །

  11. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 3:02 am

    ་་་་་་་་་ དེང་དུས་ཀྱི་བོན་པོ་ཚོར་གསར་རྙིང་གཉིས་ཡོད་པ་བདེན་པ་རེད། ་་་་་་་་་

  12. པདྨ says:
    2015-12-24 at 5:45 am

    ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་དང་།།
    རྡོ་རྗེ་འཆང་ཆེན་སྐུ་མདོག་སྔོན་པོ་དང་།།
    སངས་རྒྱས་སྨན་བླ་སྐུ་མཆོག་སྔོན་པོ་དང་།།
    གུ་རུ་སྨན་བླ་ནམ་མཁའི་མདངས་འཛིན་སོགས།།
    སྔོན་པོ་ཚང་མ་མ་མཐོང་སྙིང་རྗེའི་གནས།།
    ཀླུ་གྲུབ་སྙིང་པོའི་ནབས་སྟོད་སྔོན་པོ་དང་།།
    མཁན་ཆེན་ཞི་འཚོའི་སྟོད་འགག་སྔོན་པོ་གསོལ།།
    ཞི་བ་ལྷ་སོགས་རྒྱལ་གར་རྒྱལ་སྲས་རིགས།།
    ནང་གོས་སྔོན་པོ་ཡིན་པར་ཡོངས་གྲགས་ལ།།
    ཕྱོགས་ཞེན་རང་བཟོས་མ་མཐོང་ཤིན་ཏུ་མང་།།
    གུ་རུ་པདྨ་མཐིང་གོས་སྔོན་པོ་གསོལ་ལགས།།
    སྣ་ནམ་བེེ་རོ་ནམ་སྙིང་གསང་རས་སྔོན།།
    ཨ་ཏི་ཤ་དང་ས་པན་ཆོས་རྗེ་དང་།།
    རོང་ཟོམ་ཆོས་རྗེས་སྟོད་གོས་སྔོན་པོ་གསོལ།།
    མདོར་ན་བློ་ཁབ་མིག་ལས་དྭོགས་པ་དག་ལ་ཕན་དུ་རེ་ནས་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་ཆོས་ཀྱི་གྲགས་པའི་གསུང་ལ་བདེན་ཁ་སྟེར་བ་ཙམ་མོ།།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 5:52 am

    ཀླུ་སྒྲུབ་གོས་སྔོན་མཐོང་བ་འཁྲུལ་བའི་མིག །
    ཞི་འཚོའི་སྟོད་འགག་མཐོང་བ་བླུན་པོའི་རྟགས། །
    ཨ་ཏི་ས་པན་་རང་མདོག་མཚུངས་བསྒྲུབས་པ། །
    བོད་ཕྲུག་བླུན་རྨོངས་མཐོང་རྒྱ་ཆུང་བའི་རྟགས། །

  14. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 6:14 am

    རང་དད་མེད་ལ་གཞན་དད་དམོད་ལ་གོམས། །
    བཅུ་དྲུག་པ་ལ་ཀརྨ་ནག་རིལ་ཟེར། །
    རང་མིང་ཚེ་བརྟན་འབྲི་རྒྱུར་བརྗེད་ནས་ནས། །
    ཚེ་ཏན་བྲིས་པ་བླུགས་པདྨའི་རིགས། །
    བདེན་པའི་མིག་བྲལ་ཕྱོགས་ལྷུང་རྒྱ་མི་འདྲ། །

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 6:15 am

    ཚེ་ཏན་བྲིས་པ་བླུན་པོ་པདྨའི་རིགས། །

  16. ཁྱུང་སེ། says:
    2015-12-24 at 6:57 am

    http://tibettimes.net/ལོ་ངོ་ས་ཡ་བཞིའི་སྔོན་ག/

  17. ཁྱུང་སེ། says:
    2015-12-24 at 6:57 am

    པདྨ་དང་སྤོབས་མཐའ་སོགས་ལ་ཕུལ།།

  18. པདྨ says:
    2015-12-24 at 7:07 am

    གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཚེ་ཏན་ཞབས་དྲུང་མཆོག་ནི་མཚོ་སྔོན་ཞིང་ཆེན་ཤུན་ཧཱ་རྫོང་གི་རྒྱ་ནག་མཁར་མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི(༡༩༡༠)ལོའི་ཟླ་བ༤ཚེས༢༢ཉིན་ཡབ་གཡང་ཙེ་འམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། དམ་པ་འདི་ཉིད་ཀྱི་རིགས་རུས་ཆི་སབྲང་ཐད་རང་རྣམ་ལས“བདག་གི་མེས་པོ་གོང་མ་རྣམས་ནི་རིགས་གཞན་གྱི་རྩི་དང་མ་འདྲེས་པའི་རྒྱ་ནག་གི་རིགས་ཡིན་ཞིང་། བདག་གི་ཕ་ནས་བཟུང་རྒྱ་བོད་ཀྱི་རིགས་འདྲེས་མ་ཅན་དུ་གྱུར་པ་མ་ཟད། ང་རང་ནི་སྐད་ཡིག་སྒོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྱེད་པའི་དབང་དུ་བཏང་ན་བོད་ཀྱི་རིགས་སུ་གཏོགས”ཞེས་དང་། “མའི་མཆེད་ཁུངས་ནི་རྒྱ་ནག་རི་བོ་རྩེ་ལྔ་དང་ཁད་ཉེ་བའི་ཧྲན་ཤི་ཐའི་ཡོན་གྲོང་ཁྱེར་ཆེན་པོའི་བཟང་སྨན་སྣ་ཚོགས་འཚོང་མཁན་ཞིག་རིམ་གྱིས་ས་འདིར་སླེབས་ནས་གཞིས་ཆགས་པ་ཞིག་གི་རྒྱུད་ཡིན”ཞེས་གསུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཞྭ་དམར་པཎྜི་ཏས་མར་མེའི་བརྟག་པ་ལ་བརྟེན་ནས་ཚེ་བརྟན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་མཚན་བློ་བཟང་ཆོས་འཕེལ་དུ་གསོལ། དེ་རྗེས་སྐུ་ཚེ་འདིའི་དགེ་བའི་གཤེས་བཉེན་དང་པོ་རྗེ་ངག་དབང་ཆོས་འཚིན་ལས་ཀློག་བསླབ། དགུང་ལོ་བདུན་ལ་ཕེབས་པ་མེ་འབྲུག(༡༩༡༦)ལོར་མཐུ་བ་དགོན་པའི་མཚམས་ཁང་བསམ་གཏན་ཕོ་བྲང་དུ་རྗེ་གསེར་རིའི་མ་ཎི་འཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་གསུམ་གྱི་སྡོམ་པ་དུས་གཅིག་ཏུ་ཞུས་ཤིང་མཚན་དུ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་དགུ་པ་ས་རྟ(༡༩༡༨)ལོ་ནས་དབུ་བཙགས་ཏེ་དགེ་བའི་བཤེས་གཉེན་བློ་བཟང་ཟླ་བ་རྒྱུན་བཅར་གྱིས་བླ་མ་མཆོད་པ་སོགས་ཆོས་སྤྱོད་ཀྱི་འདོན་ཁག་རིམ་གྱིས་གསན་སྦྱོང་མཛད། ལོ་དེར་གློ་བུར་དུ་ཡབ་བསྙུན་གཞིས་རྐྱེན་ཏེ་སྐུ་ཚེ་མ་ཟིན་པས་ཡུམ་ལ་ཐུགས་གསོའི་ཆེད་དུ་ཕེབས་ཏེ་སྐབས་ཤིག་རིང་གཟིམ་ཁང་དུ་བཞུགས། དེ་རྗེས་སླར་ཡང་མཐུ་བ་དགོན་དུ་ཕེབས་ནས་འདོན་ཆ་རྣམས་བློ་འཛིན་གྲུབ་རྗེས་རྒྱན་འཇུག་གཉིས་ཐུགས་འཛིན་མཛད། དེ་ནས་རིམ་བཞིན་ཀློག་པའི་སློབ་དཔོན་རྗེ་ངག་དབང་ཆོས་འཛིན་དཔལ་བཟང་པོའི་དྲུང་ནས་བསྡུས་གྲྭའི་ཁ་དོག་དཀར་དམར་སོགས་ཀྱི་རྟགས་གསལ་ཁྱབ་བརྡ་གཏོང་ལུགས་ཀྱི་རིག་པ་རྣམས་བསླབ་པའི་དབུ་ཚུགས། དེ་རྗེས་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་དྲུང་ནས་ལམ་གཙོ་རྣམ་གསུམ་སོགས་མདོ་སྔགས་ཀྱི་ཕྱག་དཔེ་མང་པོའི་བཀའ་ཁྲིད་ཐོབ། དགུང་ལོ་བཅུ་བཞིར་ཕེབས་པ་ཆུ་ཕག(༡༩༢༣)ལོ་ནས་བཟུང་སྟེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་སྙན་འགྲེལ་དབྱངས་ཅན་འགྱེས་གླུ་གཙོ་བོར་གྱུར་པའི་སྙན་ལག་གི་དཔེ་བརྗོད་ཁག་སློབ་འཁྲིད་ཞུས། དེ་ནས་ཡོངས་ཟཛིན་རིན་པོ་ཆེའི་དྲུང་ནས་གཞུང་ཆེན་མངོན་མཛོད་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་དང་། ཀུན་རིག་སོགས་སླགས་ཕྱོགས་ཀྱི་ཕྱག་དཔེ་རྣམས་ཀྱི་དབང་ལུང་བཤད་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་ཆ་ཚང་ལེགས་པར་གསན། དགུང་ལོ་ཉི་ཤུར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ(༡༩༢༩)ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས་གསང་སྟོན་མཛད་དེ་དགེ་བའི་བཤེས་གཉེན་གྲངས་བཅུ་ཚོགས་པའི་དབུས་སུ་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་དུ་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ། དགོང་ལོ་ཉེར་ལྔར་ཕེབས་པ་ཤིང་ཁྱི(༡༩༣༤)ལོར་གཙོ་བོར་ཉིད་ཀྱི་བཤེས་གཉེན་དམ་པའི་གསུང་དཔོད་རྣམས་དཔར་བརྐོ་བྱ་རྒྱུར་དམིགས་ཏེ་མཐུ་བ་དགོན་དུ་པར་རྐོའི་གྲྭ་ཚང་ཞིག་གསར་འཛུགས་གནང་། དགུང་ལོ་སོ་བརྒྱད་ལ་ཕེབས་པ་མེ་ཕག(༡༩༤༧)ལོ་ནས་བླ་མ་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་སོགས་ཀྱི་བཤད་ལུང་གི་ཆོས་རྒྱུན་སྤེལ་གནང་མཛད། དེ་ནས་རིམ་བཞིན་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་བསྐྱངས། དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ(༡༩༥༣)ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བཞེས་ཤིང་སྒྱུར་རྩོམ་གྱི་མཛད་པ་གནང་བ་མང་། ཀྲོའུ་ཙུང་ལིས་སྒོས་སུ་ཆོག་མཆན་གནང་བའི་གོ་གནས་ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་བཞེས། དགུང་ལོ་ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་པོའི་དགེ་རྒན་མཛད། དེ་རྗེས་གེ་སར་སྒྲུང་གི་བསྟན་བཅོས་པར་འགོད་ལེགས་སྒྲིག་ཞུས་དག་གང་དགོས་གཏོང་རོགས་དང་སྦྲགས་ཞིང་ཆེན་མི་རིགས་སློབ་གྲྭར་སྐྱེས་རབས་སོ་བཞི་པའི་སྟེང་ནས་སྟོན་པའི་རྣམ་ཐར་རྣམས་སྣ་ལག་གི་གཞུང་འགྲེལ་དང་འབྲེལ་ཏེ་སློབ་ཁྲིད་གནང་། དགུང་ལོ་ལྔ་བཅུར་ཕེབས་པ་ས་ཕག(༡༩༥༩)ལོར་གལ་ཆེའི་ཡིག་ཆ་འགའ་རེ་སྒྱུར་རྩོམ་དང་ཞུས་དག་གི་དོན་དུ་མི་རིགས་དཔེ་སྐྲུན་ཁང་གིས་རེ་འདུན་བཞིན་པེ་ཅིང་དུ་ཕྱག་ལས་གནང་བར་ཕེབས་ཏེ་དེར་མཁས་དབང་དམུ་དགེ་བསམ་གཏན་དང་ལྷན་དུ་ཁང་མིག་གཅིག་ནང་ཟླ་གསུམ་ཙམ་བཞུགས་ཚུལ་རང་རྣམ་ལས་གསལ། དགུང་ལོ་ང་བཞིར་ཕེབས་པ་ཆུ་ཡོས(༡༩༦༣)དམ་པ་ཉིད་ཀྱི་ཡུམ་ཆེན་སྐུ་ཚེའི་འཕེན་པ་རྫོགས། དགུང་ལོ་ང་དྲུག་བཞེས་པ་ཤིང་སྦྲུལ(༡༩༦༥)ལོའི་ལོ་མཇུག་ནས་རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་ཚུགས་ཏེ་ཉེས་མེད་ཉེས་འགེལ་གྱིས་ཟི་ལིང་ནན་ཐའན(南滩)བཙོན་ཁང་དུ་ལོ་ངོ་བཅུ་གཉིས་ལྷག་ཙམ་བཞུགས་དགོས་བྱུང་། དགུང་ལོ་རེ་དགུ་བཞེས་པ་ས་རྟ(༡༩༧༨)ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་སྟེ་བཙོན་འགྲོལ་བྱུང་རྗེས་ནུབ་བྱང་མི་རིགས་སློབ་གྲྭ་ནས་རེ་སྐུལ་ཞུས་པ་བཞིན་ཕེབས་ཏེ་སློབ་མ་ཀུན་ལ་མི་ཤེས་པའི་མུན་པ་སེལ་བའི་བློ་གྲོས་ཀྱི་སྣང་བ་གང་ལ་ཅི་འདོད་དུ་བསྩལ། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ(༡༩༨༡)ལོར་ནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་སློབ་མ་རྣམས་ལ་སྣེ་འཁྲིད་མཛད་དེ་དབུས་གཙང་ཕྱོགས་སུ་ཕེབས་ནས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་གནས་གྲགས་ཆེའི་གྲས་མང་ཆེ་བར་ཕེབས་པ་མ་ཟད། རིག་གཞུང་རྟོགས་ཞིབ་དང་སྙན་སྒྲོན་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། སྐུ་ཙེ་གཅིག་རིང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་མཐར་དགུང་གྲངས་དོན་དྲུག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་གླང(༡༩༨༥)ལོའི་ཟླ་བ༦པའི་ཚེས༣༠ཉིན་གྱི་ཞོགས་པའི་ཆུ་ཚོད༥དང་སྐར་མ༥༠ཐོག་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། དམ་པ་འདི་ཉིད་སྐུ་འཚོ་བཞུགས་སྐབས་ཀའན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཀའན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང་ཡོད། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་། ལོ་རྒྱུས། དམ་ཆོས། བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫ་དང་ཝརྟུའི་མ་ཕྱི་སོགས་ལེ་ཚན་ལྔ་བཅུ་ལྷག་ཡོད་པ་དེ་དག་ཕྱོགས་བསྡུས་ཀྱི་ལྕགས་པར་མ་དེབ་ལྔར་དབྱེ་སྟེ་མེ་ཡོས(༡༩༨༧)ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་ཡོད། གཞན་ཡང་དམ་པ་འདི་ཉིད་ཀྱི་མཛད་རྣམ་ཞིབ་ཙམ་གཟིགས་འདོད་ན་གོང་གསལ་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་པོད་དང་པོའི་ནང(མཉམ་མེད་ཤཱཀྱའི་དབང་པོའི་རྗེས་ཞུགས་པ་འཇིགས་མེད་རིག་པའི་བློ་གྲོས་རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩི)ཞེས་བྱ་བར་གཟིགས་པར་འཚལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme