ཨེ་མ་ཧོ།
ན་མོ་གུ་རུ་བྷོ་ཏྲ་ས་ཏྭ་ཡེ།
བཙན་པོའི་དཔུང་ཟུང་གཅོད་པའི་གནམ་ལྕགས་ཀྱི་རལ་གྲི།།
དཔའ་བོའི་སྙིང་རྩ་བསྲེག་པའི་རང་གསོད་ཀྱི་དབལ་འབར།།
དགྲ་བགེགས་མི་བཟད་འཁྲབ་པའི་གཡོ་སྒྱུ་ཡི་ཆོ་འཕྲུལ།།
དྲང་བདེན་མི་ལ་བརྒལ་བ་སྙིགས་དུས་ཀྱི་རང་མཚན།།
དཔལ་འབྱོར་ལོངས་སྤྱོད་མཐོང་ན་བསྟན་པ་དང་ར་ཤ།
ཞི་བདེའི་སྨོན་ལམ་བརྗོད་པ་རག་དུང་གི་དཔེ་མཚུངས།།
ནོར་སྐྱོང་མིང་ཆེན་འཛིན་རྣམས་ཀླུ་གདོན་གྱི་ན་ཚས།།
འཛམ་གླིང་ནད་མུག་གང་བས་གྲུབ་འབྲས་ཤིག་ཡོད་དམ།།
ཐར་འདོད་ངེས་འབྱུང་བྲལ་བ་རྟགས་ཙམ་དུ་འཛིན་པ།།
བྱམས་བརྩེ་འགྲོ་ལ་དམིགས་པའི་སྙིང་རྗེ་ནི་དབེན་ཞིང་།།
སྣང་སྲིད་དག་སྣང་རབ་འབྱམས་རྒྱལ་འགོང་ལ་གོམས་དུས།།
དཀར་ཕྱོགས་རྒྱལ་བའི་གཟི་འོད་ཉམས་པ་རྣམས་གཟིགས་སམ།།
ཁྲམ་པ་ཧམ་ཆེན་དཔོན་པོ་མགོ་འཕང་ཉིད་མཐོ་ཞིང་།།
ཉམ་ཆུང་ཆོས་པའི་དབུ་རྣ་གཡོ་ཟོལ་གྱིས་གཏམས་ནས།།
གཟུར་གནས་རིན་ཐང་དབེན་པའི་གླིང་ཀ་འདི་མཐོང་ཚེ།།
གུ་ཡང་རང་མལ་དབུས་སུ་སྐྱིད་ཉལ་ཞིག་འདོད་ཐལ།།
སྙིགས་ལྔའི་རྒུད་ཚོགས་ཞེས་པ་ཕྱི་རོལ་ན་མི་འདུག།
ཡང་གསང་སེམས་ཉིད་ཞི་བདེའི་གནས་མལ་དུ་ཞུགས་དང་།།
འདི་ཕྱི་བར་དོ་སྐྱིད་པའི་མཆོག་གསུམ་གྱི་ཞིང་ཁམས།།
ཀུན་བཟང་བདེ་ཆེན་རྒྱལ་པོའི་ལོངས་སྤྱོད་ལ་རོལ་ཅིག།
ཅེས་པ་འང་རབ་གནས་ཤིང་ལུག་མགོ་ཟླའི་དཀར་ཕྱོགས་དགའ་བ་དང་པོར་མཆོག་སྤྲུལ་བསྟན་འཛིན་རྡོ་རྗེས་སྐུལ་ངོར་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་ཆེན་ཁང་ནས་ཤྲྰི་ཨེ་མ་ཧོས་བགྱིས་པར་དགེའོ།། །།
་སྙན་ངག་ལ་ཞེན་པའི་མི་བུས།།
ཡོད་ཚད་ལ་དགོས་མཁོ་མེད་པའི།།
གནད་དོན་ཏུ་རྩིས་ནས་བཤད་པ།།
ཨེ་མ་ཧོ་གཏམ་དེ་བདེན་སོང་།།
སྙན་པོ་ཐམས་བཅས་སྙན་ངག་མིན་།
སྙན་པོའི་གསེབ་ཏུ་གོ་རྒྱུ་མང་།
སྙན་ལ་འཇུག་ན་སྙན་ངག་སློབ་།
སྙན་ངག་ཚིག་དོན་འཁྲུགས་མི་ཉན་།
བོད་ཀྱི་བཙན་པོའི་གད་རྒྱངས། །
བོད་ས་ཀུན་ལ་ཁྱབ་ཡོད། །
བོད་ཀྱི་ཆོས་དད་ལེགས་བྱང་། །
བོད་ས་ཀུན་ལ་ཁྱབ་ཡོད། །
བོད་ཀྱི་སྐད་ཡིག་གོམས་བཟང་། །
བོད་རིགས་ཀུན་གྱིས་སློབས་དང་། །
བོད་ཀྱི་ཆོས་སྲིད་ལ་རྒྱར། །
བོད་རིགས་ཀུན་གྱིས་འབུངས་དང་། །
སྲོང་བཙན་སྤྱན་རས་གཟིགས་ལྟར། །
ཆེ་བསྟོད་བྱས་པ་ནང་བཞིན། །
སྲིད་སྐྱོང་སྲོང་བཙན་བཞིན་དུ། །
སུ་འོས་འོས་འཕེན་གནོངས་དང་། །