Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོ་མེད་ན་འཛུམ་མེད།

Posted on 2015-11-152015-11-16 By ཁ་བརྡ 2 Comments on སོ་མེད་ན་འཛུམ་མེད།

རྟ་དབྱངས་ཀྱིས་བྲིས།

whiten-teeth-naturally-1024x692སོ་ཡི་ལྟག་ག་ན་འཛུམ་ཞིག་ཡོད་ལ། འཛུམ་གྱི་ལྟག་ག་ན་ཡག་ཞིག་ཡོད། སོ་མེད་ན་འཛུམ་མེད། འཛུམ་མེད་ན་ཡག་མེད། བོད་ཀྱི་ཁ་རྒྱུན་ལ། ཁའི་དུང་སོ་སུམ་ཅུ་མ་འཐོར་གོང་། ཟས་ཞིམ་པོ་ཡོད་ན་རང་གིས་ཟོ། ཞེས་བཤད་སྲོལ་ཡོད། ངས་དེ་རིང་འདི་ནས་བཤད་འདོད་པ་ཡང་སོའི་སྐོར་ཡིན། སོ་སུམ་ཅུ་ཡིན་མིན་གཉིས་ཀ་ལ། སོ་དཀར་པོའི་སོ་ཕྲེང་མ་འཐོར་གོང་། སོ་ཡག་བཙོག་གཉིས་ཀ་བདག་པོ་རྒྱོབས།

ཞེས་བཤད་ན་འདོད་པ་མ་ཟད། སོ་ཡི་ཕན་ནུས། སོ་ཡི་དགོས་མཁོ། སོ་ཡི་ཡོན་ཏན། ད་རུང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པ། བདེ་བ་དང་སྡུག་བསྔལ་ལ་འབྲེལ་བ་ཡོད་པ། ཡག་དང་རྣམ་པ་ལ་འབྲེལ་བ་ཡོད་པ། ད་དུང་སོ་སུམ་ཅུ་ཏག་ཏག་ཡོད་མེད་སྐོར་ལའང་ཅང་ཙམ་ཞིག་བཤད་ན། སོ་ནི་ང་ཚོར་མཚོན་ན་ཧ་ཅང་གི་གལ་ཆེན་གྱི་རང་བཞིན་ཅན་ཞིག་དང་། འཕྲོད་བསྟེན་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཡག་དང་རྣམ་པ་ལ་ཡང་མེད་དུ་མི་རུང་བའི་གྱོན་གོས་ལྟ་བུ་ཞིག་རེད།

དཔེར་ན་ཁ་ན་ཊའི་རྒྱབ་ཁབ་ནང་དུ་ལོ་གཅིག་ནང་ལ་སོའི་སྨན་ཁང་དུ་སོ་གཙང་མ་བཟོ་བར་བཟའ་མི་རེ་རེའི་ངོས་ནས་ཐེངས་གཉིས་རེ་འགྲོ་དགོས། གཙང་མ་བཟོ་ཐེངས་རེར་ཁ་སྒོར་༼ཁ་ན་ཊའི་སྒོར་མོ།༽ཉིས་བརྒྱ་ལྷག་ཡིན་ལ་བཟོ་ཡུན་དུས་ཚོད་སྐར་མ་ཞེ་ལྔ་རེད། ང་ཡང་ཉེ་ཆར་སོ་གཙང་མ་བཟོ་བར་ཕྱིན་པ་ཡིན། སོ་སྨན་པས་ཁ་སྒོར་ཉིས་བརྒྱ་དང་བདུན་བླངས་སོང་། སོ་སྨན་ཁང་དང་སོའི་སྨན་པ་ཧ་ལས་བ་མང་པོ་ཡོད་པ་རེད་ལ་སོའི་སྨན་པ་ལ་ཡང་ཡོང་འབབ་ཧ་ཅང་བཟང་། གཡག་ཤ་ལུག་ཤ་ཕག་ཤ་སོགས་བཟའ་སྐབས་ངེས་པར་དུ་སོ་མཁྲེགས་པོ་ཞིག་དགོས། སོ་མཁྲེགས་པོ་ཡོད་ན་ཤ་ཞིམ་པོ་ཟ་ཐུབ་པ་མ་ཟད། བྲོ་བ་ཡང་ཡག་པོ་མྱོང་ཐུབ། སོ་ལྡད་ཡག་པོ་མ་ཐུབ་པར་ཁྱུར་མིད་རྒྱབ་ན་ཕོ་བའི་ནང་དུ་མི་འཇུ་བར་ཕོ་བ་ན་ཡོང་གི་རེད།

བུ་དང་བུ་མོ་གང་རུང་ཞིག་ལ་ཞལ་རས་དང་གཟུགས་དབྱིབས་ཇི་འདྲ་མཛེས་པོ་དང་རྫིག་ཉམས་དོད་པོ་ཡོད་ན་ཡང་སོ་ཡག་པོ་མེད་ན་མཛེས་མ་དང་རྫིག་པོ་མི་ཟེར། མོ་གསར་ཞིག་གི་ཁ་ནང་ལ་སོ་འཇིགས་སུ་རུང་བ་ཞིག་སྐྱེས་ཏེ། མཆེ་བ་ཕྱིར་ཅུང་ཟད་འབུར་དུ་ཐོན་ཡོད་ན། བུ་མོ་དེ་བདུད་མོ་རེད་ཅེས་ཞེད་སྣང་བྱེད་སྲོལ་ཡོད། ཕོ་གསར་ཞིག་ལ་མཆེ་བ་ཆེན་པོ་དང་འབུར་ཙམ་ཡོད་ན་བདུད་རྒན་འཆོར་བཙོག་གན་ཟེར་གི་ཡོད། སོ་ནི་འུ་ཅག་གི་འཕྲོད་བསྟེན་ལ་མེད་དུ་མི་རུང་བའི་གལ་ཆེན་ནང་གི་དོན་ཆེན་ཞིག་དང་། མི་ཚེ་རིང་བོ་སྡོད་ཐུབ་ཀྱི་དབྱུག་རྟེན་ལྟ་བུ་ཞིག་ཡིན་ཕྱིར། སོ་མེད་ན་བདེ་ཐང་མེད། བདེ་ཐང་མེད་ན་ང་ཚོ་མེད།

ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་དུ་སོ་ན་བའི་སྡུག་བསྔལ་འདི་མྱངས་མེད་པའི་མི་ཞིག་ཕལ་ཆེར་མེད་པ་འདྲ། ཕལ་སྐད་ལ། སོ་འཁོད་ནད་ཀྱི་བཙོག་ཞིག་མེད། སོ་འཁོད་ནད་ལ་ཤི་ནི་མེད། ཟེར་སྲོལ་ཡོད་པ་ལ་བལྟས་ན། མགོ་ནག་བོད་ཀྱི་མགོ་ལ་སོ་ནད་ཀྱི་སྡུག་བསྔལ་འདི་མི་རབས་མང་པོར་མྱངས་དང་མྱོང་བཞིན་པ་ཤེས་སླ། འོན་ཀྱང་། ད་ནི་དུས་རབས་ཉི་ཤུ་རྩ་གཅིག་ཡིན་པ་དང་ཚན་རིག་གི་དུས་རབས་འདི་འདྲ་ལ་སླེབས་ཟིན་ན་ཡང་། འུ་ཅག་གིས་ད་རུང་སོ་ན་བའི་སྡུག་བསྔལ་འདི་མྱོང་བཞིན་ཡོད། ཡིད་སྐྱོ་དགོས་པ་ཞིག་ལ་ང་ཚོར་དཔལ་འབྱོར་ཞན་པ་དང་གཅིག སོ་ཡི་ཕན་ནུས་ཀྱི་ཡོན་ཏན་དབེན་པ་དང་གཉིས། རང་ཉིད་སྒྱིད་ལུག་གི་དབང་དུ་སོང་སྟེ་སོ་ལ་བདག་གཉེར་ལེགས་པོ་ཞིག་རྒྱག་མ་ཐུབ་པ་དང་གསུམ་གྱི་དབང་གིས་སྡུག་བསྔལ་འདི་མྱོང་དགོས་བྱུང་བ་རེད།

སོ་ལ་བརྟེན་ནས་ཟ་མ་མཁྲེགས་པོ་ཇི་འདྲ་ཞིག་ཡིན་ན་ཡང་ཟ་ཐུབ་པ་དང་། སོ་ལ་བརྟེན་ནས་ཟ་མ་ཞིབ་ཕྲ་རན་ཚོད་ཞིག་ཕོ་བའི་ནང་ལ་འབབ་ཐུབ་ཀྱིན་ཡོད་པས། སྐུ་ལུས་བདེ་ཐང་དང་སེམས་ཁམས་གསལ་ཐང་ཡང་འདི་ན་ཡོད། འོན་ཀྱང་། ཡིད་ཕངས་དགོས་པ་ཞིག་ལ་དཔལ་འབྱོར་ཞན་པའི་རྒྱལ་ཁབ་དག་ན་སྡུག་བསྔལ་འདི་ད་དུང་གནས་དང་གནས་བཞིན་ཡོད། དེའི་ནང་ནས་འུ་ཚང་གི་མགོ་ནག་བོད་མིའི་མགོ་ལ་སྡུག་བསྔལ་འདི་ཧ་ཅང་ལྕི། རྒྱུ་མཚན་ནི། སོའི་སྐོར་གྱི་ཤེས་བྱ་ཉུང་བ། སོའི་སྐོར་གྱི་ཕན་ནུས་ཤེས་མཁན་ཉུང་བ། ཐ་ན་སོ་ཡི་གྲངས་ཀ་ཏག་ཏག་ཅིག་ཀྱང་ཤེས་མཁན་དཀོན། དུང་སོ་སུམ་ཅུ་ཟེར་བའི་བཤད་རྒྱུན་འདིས། སོ་སུམ་ཅུ་ཐམ་པ་ཏག་ཏག་ཡོད་བསམ་གྱིན་ཡོད། སོ་སོས་ཤེལ་སྒོའི་ནང་ལ་བལྟས་ནས་རང་རང་གི་སྡིག་མཛུབ་དེ་རང་ཉིད་ཀྱི་ཁ་ནང་ལ་བསྐོར་ཏེ་ཚེམས་སོ་ལ་གྲངས་ཀ་ཏན་ཏན་ཏིག་ཏིག་ཞིག་བརྩིས་མྱོང་ཡོད་དམ། ཡག་པོ་ཞིག་གཟིགས་དང་། དོན་གྲུབ་རྒྱལ་གྱིས། “གྲལ་འགྲིག་པའི་རུ་དཔུང་དེ་ནི།” ཟེར་བ་བཞིན་ངོ་མ་ཧ་ལས་པ་དང་ཧོར་ཐོར་བ་ཞིག་མི་འདུག་གམ། ད་རུང་ཨ་མཚར་ཚར་དགུའི་ནང་ལ་ཚུད་ན་འཚམ་པ་ལ་ཨང་།

གཞན་དཔལ་འབྱོར་ཞན་པའི་རྒྱལ་ཁབ་དེ་འདྲའི་ནང་དུ་ད་དུང་སྲང་ལམ་དང་ཁྲོམ་ལམ་ན་སོ་འབལ་མཁན་ཡིན་ཟེར་མཁན་དེ་འདྲས་ལག་ལ་སྐམ་པ་རེ་བཟུང་སྟེ། སོ་སྲིན་གྱིས་ཟོས་ཡོད་པའི་མི་དེ་ཚོའི་ཁ་ནང་ལ་སྐམ་པ་བསྐོར་ནས་ཁོང་ཚོའི་སོ་རུལ་བ་དེ་ཚོ་འཛེར་མ་འབལ་འབལ་བྱེད་ཀྱིན་ཡོད་པའང་རིག་རྒྱུ་ཡོད། ཕྱིའི་རྒྱལ་ཁབ་ཁ་ན་ཊ་ལ་མཚོན་ན། སོ་སྲིན་གྱིས་ཟོས་ནས་ཕྱེད་ལ་ཐུག་ཡོད་ན་ཡང་མ་བཀོག་པར་སོ་སྲིན་གྱིས་ཟོས་པའི་ཁོག་སྟོང་ནང་དུ་དངུལ་འདྲ་བ་དང་། ཡང་ན་སོ་མདོག་ཅན་གྱི་རྫས་དེ་འདྲས་རིགས་སོའི་སྲིན་ཁུང་དེ་འགོག་པའམ་རྒྱོང་བཞིན་ཡོད།

འདི་དང་འབྲེལ་བ་ཡོད་པའི་སྒྲུང་ཐུང་ཞིག་བཤད་ན། བདག་གི་རྒྱ་གར་བའི་གྲོགས་པོ་ཞིག། ཁ་ན་ཊར་གསར་དུ་འབྱོར་བ་དང་། ཁོའི་སོ་གཅིག་ན་ནས་ཨར་མ་བརྟན་པར་སོ་གཅིག་བཀོག་དགོས་བྱུང་འདུག ཁོང་ལ་སྒོར་མོ་མང་པོ་མེད་ཕྱིར། སོའི་སྨན་ཁང་ལ་བསྟན་མ་ཐུབ། མཐའ་མ་དེར་ཁོ་རང་ལ་སོ་སྨན་ཁང་ཞིག་རིན་མེད་དུ་རག་ཡོད། འོན་ཀྱང་སོ་སྨན་པས་སོ་འབལ་མཁན་ཁོའི་ས་ཡིག་མ་བརྒྱབ་པར་རང་རང་ཚོད་ཚོད་ཀྱིས་བཀོག་མི་འདུག དེང་སང་ཁོས་སོ་རྫུན་ཞིག་འཛུགས་བསམ་ཡོད་ཀྱང་། བློ་ཡིད་ལས་འདས་པ་ཞིག་ལ་སོ་གཅིག་གི་རིན་གོང་ཁ་སྒོར་ཉིས་སྟོང་ཡིན་པས་ད་རུང་འཛུགས་ཐུབ་པ་མི་འདུག་ཟེར།

ཡ་སོ་བཅུ་དང་མ་སོ་བཅུ། བཅུ་གཉིས་ཉི་ཤུ་ཐམ་པ། ཡ་མགལ་ན་འགྲམ་སོ་གཉིས་གཉིས་བཞི། མ་མགལ་ན་ཡང་དེ་བཞིན་ཡིན། བཞི་གཉིས་བརྒྱད། ཉི་ཤུའི་སྒང་ལ་བརྒྱད་བཞག་ན་ཉི་ཤུ་རྩ་བརྒྱད་རེད། འགྲམ་སོ་གཉིས་ཀྱི་ཕུག་གམ། ལྟག་གའམ་ཡང་ན་མདུན་སོ་ནས་ཆེ་ལ་རིང་བའི་སོ་ཚང་མའི་ལྟག་རྒྱབ་ན་འགྲམ་སོ་ཞིག་ཡོད་པ་དེ་ལ། ལྷག་སོ། ཕུག་སོ། ཕག་སོ། བསམ་སོ། ཤེས་སོ། ད་རུང་ལྟག་སོ་དང་རྒྱབ་སོ་ཟེར་ན་ཅིས་མི་ཆོག སོ་ཚང་མའི་ལྟག་ག་ནས་སྐྱེས་པ་དང་སོ་ཚང་མའི་ལྟག་ག་ན་ཡོད། འོན་ཀྱང། དེའི་ནང་ནས་ཤེས་སོ་ཅི་ལྟར་བཏགས་པ་ཡང་གཤམ་ལ་རགས་ཙམ་ཞིག་འབྲི་ན་འདོད།

དབྱིན་ཇིའི་མིང་ཚིག་(wisdom tooth)ཟེར་བ་འདི་དུས་རབས་བཅུ་བདུན་ནང་ལ་བཏགས་འདུག ༼wisdom- བློ་གྲོས། ཤེས་པ། རྣམ་དཔྱོད། ཤེས་རབ་ཀྱང་ཟེར།༽ ༼tooth- སོ། ཚེམས།༽ ཚེམས་ནི་སོ་ཡི་ཞེ་ས། བོད་སྐད་ལ་ཤེས་སོ་ཞེས་བསྒྱུར་ན་འོས་ཤིང་འཚམ། འགྲམ་སོ་གསུམ་པ་མོ་དེ་ཤེས་སོ་ཡིན། མི་ལ་ལ་ཤེས་སོ་བཞི་སྐྱེ། ལ་ལ་གཉིས། ལ་ལ་གཅིག ལ་ལ་སྐྱེས་རུང་སོ་རྙིལ་འོག་ལ་གབ་ཅིང་འཛུལ་ཡོད་ཟེར། འདི་ནས་ཅུང་ཟད་འཕྲོས་པ། ང་ཚོའི་ཁ་རྒྱུན་ལ་མ་ཎི་དུང་ཕྱུར་བཏོན་པ་ལས་དུང་སོ་སྐྱེ་ཟེར་བ་ཞིག་ཡོད། མ་ཎི་དེ་འདྲ་མང་པོ་བཏོན་པའི་བྱིན་རླབས་ཀྱིས་ཡིན་སྲིད་མོད། དེ་འདྲ་གོ་མྱོང་བ་ལས་རིག་མ་མྱོང་།
དམིགས་གསལ་སོ་བརྟག་སྨན་པས་བརྗོད་པ་ཡིན་ན་ལོ་བཅོ་བརྒྱད་ནས་ཉི་ཤུ་རྩ་གཅིག ཡང་ན་བཅུ་བདུན་ནས་ཉི་ཤུ་རྩ་ལྔའི་ནང་དུ་ཕུག་སོའམ་ཤེས་སོ་འདི་སྐྱེ་བཞིན་ཡོད་ལ་སོ་ཚང་མའི་རྗེས་སུ་སྐྱེས་བ་དང་ཤེས་སོ་འདི་སྐྱེས་དུས་ཀྱི་གང་ཟག་གིས་བསམ་ཤེས་ཡོད་ཙང་ཤེས་སོ་ཞེས་བཏགས་པ་ཡིན་འདུག། འདིའི་ཕྱོགས་ལ་དབྱིན་ཇིར་མིང་གཉིས་མ་གཏོགས་མི་འདུག བོད་ལ་བདག་གིས་གོང་དུ་བགྲངས་ཡོད་པ་ལས་ད་དུང་དེར་མ་འདུས་པ་ཡང་ཡོད་སྲིད།

ཡ་རྐན་ཤེས་སོ་ལས་མ་རྐན་ཤེས་སོ་འདི་བཀོག་དཀའ་བ་འདུག ཤེས་སོ་འདི་འགྲམ་སོ་གཞན་དང་མི་འདྲ་བར་གཤག་བཅོས་བྱས་ཏེ་འབལ་དགོས། ལོ་ཉི་ཤུ་དང་སུམ་ཅུའི་ནང་ལོགས་ལ་བཀོག་སླ་བ་ཡོད་ཟེར། ལོ་ག་ཚོད་ཆུང་ན་དེ་ཚོད་ཀྱིས་སོ་རྙིལ་མཁྲེགས་པོ་ཆགས་མེད་པས། གཤག་བཅོས་སླ་བ་ཡོད་པ་དང་། ཨ་རིའི་ནང་ལོ་རེར་མི་ས་ཡ་བཅུས་ཤེས་སོ་འདི་བཀོག་བཞིན་ཡོད་འདུག། ཁ་ན་ཊའི་ནང་ལོ་བཅུ་བདུན་དང་བཅུ་དགུ་ཉི་ཤུའི་སྟེང་འགོག་གིན་ཡོད་ལ་མང་ཤོས་ཀྱིས་སྐྱེས་པ་དང་བཀོག་ཚར་བ་བྱེད་ཀྱི་ཡོད་འདུག

རྒྱལ་ཁབ་འདྲ་མིན་ནང་དུ་ཤེས་སོ་བཀོག་པའི་གོང་ཚད་ལ་གཞིགས་པའི་དཔེ་མཚོན་འགའ། ཁ་ན་ཊའི་ནང་དུ་ཤེས་སོ་ཞིག་བཀོག་ན་ཁ་སྒོར་250 རྒྱ་གར་ནང་དུ་ཤེས་སོ་ཞིག་བཀོག་ན་ཧིན་སྒོར- 5000 རྒྱ་ནག་ནང་དུ་ཤེས་སོ་ཞིག་བཀོག་ན་རྒྱ་སྒོར-150 ནས་ 1500 བྱིས་པ་ལོ་དྲུག་མན་གྱི་སོ་མ་ལྷུང་གོང་ལ་སོ་ཤི་ཤུ་ཐམ་པ་སྐྱེས་ཀྱིན་ཡོད། ཡ་མགལ་གྱི་མདུན་སོ་གཡས་གཡོན་ན་གསུམ་གསུམ་དྲུག་དང་། མ་མགལ་གྱི་གཡས་གཡོན་ན་གསུམ་གསུམ་དྲུག དྲུག་གཉིས་བཅུ་གཉིས་དང་། ཡ་མགལ་གྱི་འགམ་སོ་ཕན་ཚུན་ན་གཉིས་གཉིས་བཞི། མ་མགལ་ན་དེ་བཞིན་གཉིས་གཉིས་བཞི། བཞི་གཉིས་བརྒྱད། བཅུ་གཉིས་སྒང་ལ་བརྒྱད་བསྣན་ན་ཉི་ཤུ་ཐམ་པ་དང་། འགྲམ་སོ་བཞིས་བྱེད་ལས། ཟ་མ་འཐག་པ། མདུན་སོ་བཞི་དང་མཆེ་སོ་གཉིས་ཀྱི་བྱེད་ལས། ཟ་མ་ཕྱེད་གཤག་གཏོང་བ་དང་སོ་རྒྱག་པ་བཅས་ཡིན།

ཐོག་མ་རྨང་གཞིའི་སོའམ་བྱིས་སོ་ནི་ལོ་དྲུག་གི་སྟེང་དུ་རླག་འགོ་འཛུགས་ཀྱིན་ཡོད་པ་དང་། གཏན་འཇགས་ཀྱི་གོ་རིམ་ལྡན་པའི་སོ་འདི་དར་མའི་ངོ་བོར་མི་ལོ་བཅོ་ལྔའི་རིང་ཚད་ལ་འཕེལ་རྒྱས་རྩོམ་པའི་མགོ་ཚུགས་ཀྱིན་འདུག དེར་བརྟེན་འགྲམ་རུས་ནི་ན་ཚོད་དར་མའི་འགྲམ་རུས་ཀྱི་ངོ་བོར་བརྟན་པོ་རུ་སྐྱེས། ལོ་དྲུག་ནས་དགུ་བར་མདུན་སོ་དང་འགྲམ་སོ་དང་པོ་སྐྱེ་མགོ་ཚུགས་ཡོང་གི་འདུག ལོ་བཅུ་དང་བཅུ་གཉིས་ཀྱི་བར་དུ་འགྲམ་སོ་ཡི་མདུན་ན་ཡང་འགྲམ་སོ་འདྲ་བོ་ཆུང་ཆུང་གཉིས་ཀྱི་དང་པོ་དང་གཉིས་པ། མཆེ་སོའང་སྐྱེས། ལོ་བཅུ་གཅིག་ནས་བཅུ་གསུམ་བར་འགྲམ་སོ་གཉིས་པ་སྐྱེས་ཡོང་བ་དང་། འགྲམ་སོ་གསུམ་པ་ཤེས་སོ་ནི་ལོ་བཅུ་བདུན་ནས་ཉི་ཤུ་རྩ་གཅིག ཡང་ན་ཉི་ཤུ་རྩ་གཉིས་ནས་རྩ་ལྔ་བར་སྐྱེས་ཡོང་གི་ཡོད།

དང་ཐོག་གི་སོའམ་བྱིས་སོ་འདི་ཧ་ཅང་གལ་ཆེན་ཡིན། བྱིས་པ་ཆུང་ཆུང་ཚོར། བྱིས་པའི་སོ་སྨན་ཉོས་ཏེ། ཉལ་ཁ་དང་། ལངས་ཁ། ཟ་མ་ཟོས་པའི་རྗེས། ལྷག་པར་དུ་མངར་མོ་ཟོས་རྗེས་ངེས་པར་དུ་སོ་བཀྲུས་ན་བཟུང་། རབ་ཡིན་ན་བྱིས་པ་ལ་མངར་མོ་ཉུང་ཉུང་ཞིག་མ་གཏོགས་མ་སྤྲད་ན་ཡག་ཤོས་རེད། སོ་སྲིན་གྱི་ཟ་མ་དགའ་ཤོས་ཀྱང་མངར་མོ་ཡིན། མི་རྒན་ལ་ཡང་གོང་ལྟར་ཡིན་པའི་སྟེང་ལ་གཅིག་བསྣན་ན། སོ་གསེང་འཚེང་ཡོད་པ་དར་ཐག་གིས་མི་མེད་སར་གཙང་མ་བཟོ་བ་ལས་མི་ཡོད་སར་སོ་གསེང་དར་ཐག་གམ་དར་སྐུད་བརྒྱུས་ན་མི་མཛེས་པ་མ་ཟད། སོའི་གསེང་གི་ཟ་མ་འཛོར་པོའམ་སོ་རྩི་སོ་སོའི་མདུན་གྱི་མིའི་གདོང་ལ་འཐོར་སོང་ན་ངོ་ཚ་པོ་དང་འཚེར་པོ་ག་འདྲ་མི་འདུག

དང་ཐོག་གི་སོའམ་བྱིས་སོ་དེ་ལ་བདག་གཉེར་ཡག་པོ་ཞིག་བྱེད་ཐུབ་ན། སོ་རྗེས་མ་དེ་སྐྱེ་དུས་ཡག་པོ་འདུག་ཟེར། ཕ་མ་ཁ་ཤས་ཀྱིས་རང་གི་བྱིས་པའི་སོ་ལ་བདག་པོ་རྒྱག་མ་ཐུབ་པར་མངར་མོ་ཚད་མེད་སྤྲད་པ་དང་། སོ་མ་བཀྲུས་པར་སྣང་མེད་དུ་འཇོག་མཁན་ཡོད་པས། ཕྲ་སྲིན་སོ་ཡི་བར་གསེང་ལ་ལྷག་ཙང། སོ་སྲིན་ཆགས་ཏེ་སོ་སྲིན་གྱི་སོ་ལ་བུ་གའམ་ཁོག་སྟོང་བཟོས་པས། སོ་རུལ་བའི་དཀའ་ངལ་འདི་ན་ཡོད། སོ་བརྗེ་མེད་མཁན་ཞིག་གི་སོ་རུལ་ཡོད་ན་འབལ་བཞག་ན་བཟང་གི་ཟེར།

སོ་སྨན་པས་བཤད་པ་ལྟར་ན། སོ་གཉིས་པ་མོ་སྐྱེ་དུས་སོ་སྲིན་གྱིས་གཉེན་ཁ་མི་རྒྱག་པར་སོ་གསར་པ་བདེ་ཐང་ངང་སྐྱེ་བར་ཕན་ཐོགས་ཡོད་ཟེར། སོ་བཀྲུ་བའི་གོམ་གཤིས་བརྟན་པོ་ཞིག་འཇོག་ཐུབ་ན། ཕྲ་སྲིན་སྲིན་འབུ་ཡོང་བར་དཀའ། སོ་སྲིན་ཀྱང་ཡོང་ས་མེད། སོ་སྲིན་མེད་ན་སོ་ལ་ཨི་ཁུང་ངམ་ཁོག་སྟོང་ག་ལ་ཡོང་། གལ་སྲིད་ཁོག་སྟོང་ངམ་བུ་ག་འདྲ་སོའི་སྟེང་ལ་ཐོན་དང་ན། སོ་རྩ་བ་ནས་འབལ་རྒྱུ་ཡོད་པ་མ་རེད། སོ་ལ་རིན་ཐང་ཆེ་ལ་རིན་གོང་ཡང་ཆེ། དེ་ལས་སོ་ཁོག་སྟོང་གི་བུ་ག་ཡོངས་སུ་བརྒྱངས་བཞག་ན་རིན་གོང་ཁེ་པོ་རེད་ལ་ཟ་མ་བཟའ་དུས་ཀྱང་ཁྱེད་ལ་ཕན།

ཤེས་སོ་བཀོག་པའི་རྒྱུ་མཚན། ཤེས་སོ་ཡག་པོ་ཞིག་བཀྲུ་མ་ཐུབ་པའི་དབང་གིས། ཕྲ་སྲིན་སོ་གསེང་ལ་ལྷག་སྟེ་སོ་སྲིན་འཕེལ་ནས་སོ་ནད་བྱུང་བ་དང་སོ་རུལ་བ། འགྲམ་རུས་ན་བ། ཁ་རུལ་བྲོ་བ། མགོ་ན་བ། གཉན་ཚད་རྒྱས་པ། སོ་རྙིལ་སྐྲངས་ཏེ་སོ་རྙིལ་ལ་གཉན་ཁ་བརྒྱབ་ན་སོ་འཛིན་མི་ཐུབ་པར་ལྷུང་འགྲོ རྩ་ཕྲན་ལ་གཉན་ཁ་བརྒྱབ་སྟེ་སོ་རྙིལ་དམར་པོ་ཆགས་ནས་སོ་ཁྲག་འཛག་པ། ཤེས་སོ་འགྲམ་སོ་གཞན་དང་གདོང་ཐུག་བརྒྱབ་ནས་སྐྱེས་པའམ་ཧ་ཅང་གཅུར་ཏེ་སྐྱེས་པ་ཡིན་ན། མདུན་སོ་ཁ་ཐུག་མི་སྐྱེ་བར་ཕྲེད་སྐྱེ་བྱས་ན། མིག་ལ་མི་མཛེས། གད་མོ་དགོད་རྒྱུ་ཡང་དཀའ་ངལ་ཡོད་པས། སོ་མེད་ན་འཛུམ་མེད། འཛུམ་མེད་ན་ཡག་མེད། ཅེས་བཤད་པ་ཡང་དེ་ལ་ཐུག་ཡོད།

མཐར་ཤེས་སོ་མ་བཀོག་སྔོན་ལ་སོ་སྨན་པས་ཁྱེད་ཀྱི་ཤེས་སོ་ལ་གློག་པར་བརྒྱབ་སྟེ། སོ་རྙིལ་ལ་གཉན་ཁ་བརྒྱབ་ཡོད་མེད་དང་། སོ་རྙིལ་སྐྲངས་ནད་ཡོད་མེད། སོ་རྒྱག་དུས་འགྲམ་ཤ་བཙུར་གྱི་ཡོད་མེད་སོགས་ཀྱི་རྒྱུ་མཚན་ཡག་པོ་ཞིག་དང་། དཀའ་ངལ་མང་པོ་ཞིག་ཁྱེད་ལ་སྟོན་དགོས་པ་ལས། རང་རང་ཚོད་ཚོད་ཀྱིས་རྒྱུ་མཚན་གང་ཡང་མེད་པར་བཀོག་ན་ཕན་པ་ལས་གནོད་སྲིད། ང་རང་གི་ཤེས་སོ་ཡང་ཉེ་བའི་དུས་སུ་བཀོག་ཚར་ཡིན། ཉི་མ་གསུམ་ལ་ནང་ནས་ལྷོད་ལྷོད་བྱས། ཁུ་བ་རྐྱང་འཐུང་བ་ལས་ཟ་མ་ཚ་བོ་དང་མཁྲེགས་པོ་ཟ་མི་ཐུབ། དེ་དང་མཉམ་དུ་ཟུག་གཟེར་འཇོམས་བྱེད་ཀྱི་སྨན་ཞིག་དང་། གཉན་ཁ་མི་རྒྱས་པའི་སྨན་ཞིག་བཏུང་སྟེ། རས་སག་ཆུང་ཆུང་ཞིག་སོ་བཀོག་ཤུལ་ལ་བཞག དུས་ཚོད་ཕྱེད་ཀའི་ནང་དུ་བརྗེ་ལེན་བྱེད་དགོས་པ་དང་། ཆང་རིགས་འཐུང་མི་ཉན། ཐ་མ་འཐེན་མི་ཆོག དེ་ལས་ཞིབ་རྒྱས་སྨན་པས་ཁྱེད་ལ་བཤད་ངེས།
ད་རུང་དེར་མ་འདུས་པ་ཕན་པ་མང་པོ་ཞིག་ཡོད། གལ་སྲིད་ཁྱེད་ཀྱི་ཤེས་སོ་ཡིས་ཁྱེད་ལ་དཀའ་ངལ་འདྲ་བཟོས་དང་བཟོ་བཞིན་ཡོད་ན་འབལ་བཞག་ན་ཕན་པ་ཡང་མང་པོ་ཞིག་གོང་ན་བརྗོད་གསལ་ལྟར་ཡིན་པས། བཀྲ་ཤིས་བདེ་ལེགས་ཡོད།

འཕྲོད་བསྟེན།

Post navigation

Previous Post: མ་ངུ་དང་ཕ་རེ་སི། (བོད་འབྱོར།)
Next Post: <<དེང་རབས་སྙན་ངག་དེབ་ཚོམ།>>

Comments (2) on “སོ་མེད་ན་འཛུམ་མེད།”

  1. རྟ་བདུན་དབང་བོ says:
    2015-11-16 at 1:55 am

    རྟ་དབྱངས་ལགས་ཀྱིས་ཡག་པོ་བྲིེས་འདུག བོད་པ་ཚོས་རྟ་དབྱངས་ཀྱིས་གསུངས་པ་བཞིན་སོ་སོའི་སོ་ལ་ནམ་རྒྱུན་གཙང་སྦྲ་བྱེད་དགོས་རེད། སོའི་སྨན་པའི་སར་མ་མཐའ་ཡང་ལོ་རེར་ཐེངས་རེར་འགྲོ་དགོས་རེད། སོ་ན་རུང་མ་ན་རུང་སྨན་པའི་སར་གཙང་སྦྲ་དང་བརྟག་དཔྱད་བྱེད་ཀི་འགྲོ་དགོས་ལགས། །

  2. དགུ་ཚིགས་ཕོ་ཉ says:
    2015-11-16 at 1:33 pm

    ཡག་པོ་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme