Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ལེགས་གྲུབ་བྱུང་བ།

Posted on 2015-10-222015-10-22 By ཁ་བརྡ 2 Comments on རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ལེགས་གྲུབ་བྱུང་བ།

མཁོ་གཏོང་བ། སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས།

དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་མཇུག་བསྡོམས་ལེགས་གྲུབ་བྱུང་བ།

ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༣ ནས་དབུ་འཛུགས་ཞུས་པའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཉིན་དགུའི་རིང་དགེ་ལུགས་པའི་མ་དགོན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཏེ་ཚེས་༢༡ ཉིན་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་མགྲོན་ཁག་དང་གོ་སྒྲིག་ཚོགས་ཆུང་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས། བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དང་། ཤར་བྱང་གི་མཁན་པོ་གཉིས། དེ་བཞིན་རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དགེ་བཤེས་དང་། མཁན་པོ། སློབ་དཔོན་རེ་རེས་བགྲོ་གླེང་དང་འབྲེལ་བའི་མྱོང་ཚོར་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐོག་དགོངས་འཆར་གནང་ཡོད་པ་རེད།

1 copy

དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་མཇུག་བསྡོམས་དང་འབྲེལ་བའི་གཏམ་བཤད་ཞུས་པའི་སྙིང་པོར། ད་རེས་ཀྱི་བགྲོ་གླེང་འདི་ཚད་དང་ལྡན་པ། དོན་སྙིང་ཡོད་པ། དུས་བབ་ཀྱི་དགོས་མཁོ་དང་འཚམས་ཤིང་ཕུན་སུམ་ཚོགས་པ་ཞིག་བྱུང་སོང་བ་དང་། དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞན་ཕན་རླབས་ཆེན་གྱི་དགོངས་གཞི་དང་། སྤྱི་སྨན་ཡང་དག་པའི་ལམ་སྟོན་དང་། གོ་སྒྲིག་ཚོགས་ཆུང་གིས་རེ་འདུན་དང་འབོད་སྐུལ་ཞུས་པ་ལྟར་ཆོས་བརྒྱུད་ཆེན་པོ་དག་གི་དབུ་ཁྲིད་བླ་ཆེན་རྣམ་པས་ཕྱར་གྲུ་མཉམ་འདེགས་ཀྱི་རླབས་ཆེན་སྤྱི་དགེའི་མཐུན་འགྱུར་གྱིས་ཁོངས་སོ་སོ་ནས་ཚད་དང་ལྡན་པའི་མཁན་པོ་དང་། དགེ་བཤེས་སློབ་དཔོན་བཅས་བསྐོ་གཏོང་གནང་བ་དང་། ཁོངས་སོ་སོའི་མཁས་པ་ཚོས་ཀྱང་གོ་སྒྲིག་ཚོགས་ཆུང་གིས་སྔོན་ཕུལ་རྩོམ་གཞི་དག་ལ་བཀའ་བསྟན་གྱི་ཁུངས་དང་ཆོས་བརྒྱུད་སོ་སོའི་མཁས་པ་ཚོའི་བསྟན་བཅོས་དང་ཡིག་ཆའི་ལེགས་བཤད་དག་ལ་གཟིགས་རྟོག་གིས་ཉམས་ཞིབ་རྩོམ་ཡིག་ཚད་ལྡན་དུས་ཐོག་འབྱོར་དོན་ལྟར་དཔྱད་རྩོམ་ཕྱོགས་བསྒྲིགས་དཔར་བསྐྲུན་གྱིས་ཚོགས་བཅར་བ་ཚོར་འགྲེམས་སྤེལ་ཞུས་པ་དང་།

དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས།

དེ་ཡང་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའམ་ཚད་ཆེན་དུ་གྲགས་པ་དང་དེའི་དཀའ་འགྲེལ་ཀཱ་མ་ལ་ཤཱི་ལས་མཛད་པ་གཞིར་བཟུང། ཕྱི་རོལ་པའི་ལྟ་གྲུབ་སྨྲ་བ་ཚོས་བདག་གི་འདོད་ཚུལ་དང་། བདག་ལ་སྔ་ཕྱི་འདོད་མིན་དང་། དེས་ལས་འབྲས་མྱོང་མིན། དེ་བཞིན་བྱེ་བྲག་པའི་ཚིག་དྲུག་གི་དོན་འཇོག་ཚུལ་སོགས་ཧ་ཅང་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་བགྲོ་གླེང་གནང་བ་དང་། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཐོག་རྒྱ་བོད་ཀྱི་ཌཱིཀ་སྤྱི་དང་ཡིག་ཆ་སོ་སོའི་རིགས་པའི་གསང་ཚིག་རྣམས་སྦ་གསང་མེད་པར་བགྲོ་གླེང་ལྷུག་པོ་དང་། འཁྲུགས་ཆ་དོད་ཅིང་མཁས་པའི་རྣམ་འགྱུར་མངོན་པར་གསལ་ཞིང་། ཡིད་འཕྲོག་པ་དང་། དངོས་གནས་དྲང་གནས་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་དཀྱིལ་འཁོར་གདན་གྲལ་གཅིག་ཏུ་འཛོམས་ཏེ་མཐར་ཐུག་གི་ལྟ་བའི་སྐོར་ལ་རྣམ་དཔྱོད་རིགས་འཕྲུལ་གཅིག་ལས་གཅིག་ལྷག་པ་ལྟ་བུའི་ཉམས་འགྱུར་མངོན་པ་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོའི་ལྟ་གྲུབ་རྣམས་སངས་རྒྱས་སུ་བགྲོད་པའི་ལམ་དུ་དགོངས་པ་གཅིག་མཐུན་དུ་གཞོལ་ཞིང་འབབ་ཀྱི་ཡོད་པ་དེ་སྔོན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་པ་ལྟར་ཆགས་ཀྱི་ཡོད་སྐོར་དང་། མ་འོངས་པར་ཁོངས་སོ་སོ་ནས་རིས་མེད་བགྲོ་གླེང་འདི་འདྲ་བསྐོང་ཚོགས་ཐུབ་ན་དགོས་ཕན་ཆེ་སྐོར་འབོད་སྐུལ་ཞུས་པ་སོགས་བགོ་གླེང་འདི་ཕུན་སུམ་ཚོགས་ལྔ་ལས་གྲུབ་ལུགས་གཏམ་བཤད་དང་།

དེ་བཞིན་གཡུང་དྲུང་བོན་གྱི་དགེ་བཤེས་ཤེས་རབ་བློ་གྲོས་ལགས་ནས་བགྲོ་གླེང་འདིར་སོ་སོའི་ཆོས་བརྒྱུད་ནས་གསུངས་པ་ཙམ་ལ་ཆ་མ་བཞག་པར་འདིར་ཕེབས་ཆོས་བརྒྱུད་ཁོངས་སོ་སོའི་མཁས་པ་ཚོས་ལྟ་གྲུབ་གསུངས་ཡོང་དུས་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་དང་། དད་གུས་སྐྱེ་འོས་པ་ཞིག་ཆགས་སྐོར་དང་། ལས་གཞི་འདི་འདྲ་བ་དེ་༸རྒྱལ་བའི་བརྟན་བཞུགས་དངོས་གནས་དེ་ཆགས་ཡོད་སྐོར་དང་།
རྙིང་མའི་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་འོག་ཚད་ཆེན་དེ་བཞིན་སྔ་འགྱུར་རྣམ་གྲོལ་གླིང་གི་སློབ་ཚན་ནང་བཞག་ཡོད་པ་དང་། ཞི་བ་འཚོའི་དབུ་མ་རྒྱན་ཡང་དེ་བཞིན་ཡིན་སྐོར་དང་། མ་ཟད་རྗེ་རིན་པོ་ཆེའི་དབུ་མ་རྒྱན་གྱི་ཟིན་བྲིས་སོགས་དགེ་ལུགས་པའི་ཕྱོགས་ལ་འདིའི་སྐོར་ཡིག་འཇོག་མང་པོ་ཡོད་པ། མ་འོངས་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིས་མེད་མཁས་པའི་བགྲོ་གླེང་འདྲ་ཚུགས་ཐུབ་ན་དགེ་མཚན་ཆེ་སྐོར་དང་།

ས་སྐྱའི་མཁན་པོ་ཆོས་དབྱིངས་རྡོ་རྗེ་ལགས་ནས་ད་རེས་ཀྱི་ལྟ་གྲུབ་ཀྱི་མཁྱེན་ཡོན་གོ་རྟོགས་སྤེལ་རེས་གནང་བ་འདི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོ་ཆོས་ལུགས་རིས་མེད་ལ་བཤད་སྒྲུབ་ཀྱི་འཇུག་པའི་སྐྱ་རེངས་ལྟ་བུ་ཞིག་བྱུང་ཡོད་ལུགས་དང་། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་གདུལ་བྱའི་དབང་གིས་བརྡ་ཆད་ཐ་སྙད་མི་འདྲ་བ་ཅུང་ཟད་རེ་བྱུང་ཡོད་པ་མ་གཏོགས་དོན་གྱི་གནད་འབབ་ས་གཅིག་པ་ཆགས་ཀྱི་ཡོད་སྐོར་དང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ང་ཚོ་ཡང་འཛམ་བུ་གླིང་སྤྱིའི་ལྟ་གྲུབ་སྨྲ་བའི་ཤེས་ཡོན་པའི་སྡེ་ཚན་ནང་མཉམ་ཞུགས་གནང་ཐུབ་པའི་གོ་སྐབས་ལེན་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང་།
བཀའ་བརྒྱུད་མཁན་པོ་འཕྲིན་ལས་རྣམ་རྒྱལ་ལགས་ནས་རིས་མེད་ཆོས་བརྒྱུད་ཁག་གི་ལྟ་གྲུབ་ཀྱི་གོ་རྟོགས་སྤེལ་རེས་བྱེད་པའི་བགྲོ་གླེང་འདི་ལྟ་བུ་ནི། རྗེ་མི་ལས། ནོར་ཟང་ཟིང་གི་ཞབས་ཏོག་བདག་ལ་མེད། །ཕ་བླ་མའི་ཞབས་ཏོག་སྒྲུབ་པས་འཇལ། །ཞེས་གསུངས་པ་ལྟར་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཡིན་སྐོར་དང་།

1
རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་མཉམ་བཞུགས་གནང་མཁན་རྣམས་ཀྱི་ལྷན་པར།

བྱང་རྩེ་མཁན་རིན་པོ་ཆེ་ནས། དེ་སྔོན་བོད་ལ་ཆོས་བརྒྱུད་ཚོ་ཕན་ཚུན་འབྲེལ་མེད་ལྟ་བུ་སྡོད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལས་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་གདན་གྲལ་གཅིག་ཏུ་འཁོད་ནས་བགྲོ་གླེང་བྱེད་རྒྱུ་བྱུང་བ་ཡང་མི་རིགས་གཞན་ལ་མེད་པའི་རླབས་ཆེན་དབུ་ཁྲིད་འདིའི་བཀའ་དྲིན་ཡིན་སྐོར་སོགས་དང་།

ཤར་རྩེ་མཁན་རིན་པོ་ཆེ་ནས། དང་པོ་ཚོགས་དུས་འདི་འདྲ་ཚོགས་མ་མྱོང་ཙང་སེམས་འཚབ་ཀྱང་བྱུང་མོད་། ད་རེས་དངོས་གནས་དྲང་གནས་བགྲོ་གླེང་ཚད་མཐོ་བོ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དོན་དང་ལྡན་པ་ཞིག་བྱུང་བ་དང་། མ་འོངས་པར་ཡང་རང་ལྟ་མཆོག་འཛིན་གྱི་གཞན་དབང་དུ་མ་སོང་བར་ད་དུང་ཡིན་ནའང་ཁོངས་སོ་སོ་ནས་འདི་འདྲ་ཚོགས་ཐུབ་ན་དགེ་མཚན་ཆེ་སྐོར་དང་། དེ་བཞིན་རྒྱལ་ཁབ་དང་མི་རིགས་གཞན་གྱི་ཆོས་པ་ཚོ་དང་མཉམ་དུ་ཡང་གཞུང་ཆེན་ཁག་དང་། ལྟ་གྲུབ་དང་འདུལ་བའི་ཉམས་ལེན་སོགས་ཀྱི་སྐོར་ལ་རིས་མེད་ཀྱི་བགྲོ་གླེང་གནང་ཐུབ་ན་ལེགས་སྐོར་གསུངས་པ་དང་། དགེ་བཤེས་ཐོན་ཚར་ན་ཡང་དཔེ་ཆ་བལྟ་རྒྱུ་གལ་ཆེན་ཡིན་པ་དང་། གཏམ་དཔེ་ལ། དགེ་བཤེས་ཕ་རྒན་ཆགས་པ་ལོ་གསུམ་ཡིན། །ཕ་རྒན་དགེ་བཤེས་ཆགས་པ་མི་ཚེ་ཡིན། །གསུངས་པ་ལྟར་དཔེ་ཆ་རྒྱུན་རིང་མ་བལྟས་ན་གང་ཤེས་ཚང་མ་བརྗེད་འགྲོ་བ་སོགས་ཀྱི་སྐོར་གསུང་བཤད་གནང་བ་དང་།

འབྲས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་ནས། དེ་སྔོན་ཆོས་བརྒྱུད་ཚོ་ཧ་ཅང་འབྲེལ་བ་མེད་བསྡད་པ་ལྟ་བུ་ཡང་དེང་སང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་བའི་བཀའ་དྲིན་ལས་ཆོས་བརྒྱུད་ཚང་མ་རྡོག་ལ་བསྒྲིལ་ནས་ཡོང་གི་ཡོད་པ་དང་། དེ་ཧ་ཅང་གལ་ཆེན་ཡིན་པ། ཆོས་བརྒྱུད་རྡོག་ལ་མ་བསྒྲིལ་ན། ཆོལ་ཁ་ཕན་ཚུན་རྡོག་ལ་བསྒྲིལ་མི་ཐུབ་པ་དང་། བོད་མིའི་བདེན་དོན་འཐབ་རྩོད་ལ་ནུས་པ་ཐོན་དགོས་ན་ཆོས་བརྒྱུད་ཕན་ཚུན་ཆིག་སྒྲིལ་དགོས་པ་དེ་གལ་ཆེན་ཡིན་པས་ཚང་མས་ཐུགས་གཟབ་གནང་དགོས་སྐོར་གསུང་བཤད་གནང་བ་དང་། ཚོགས་བཅར་བ་ཚང་མས་ད་རེས་ཀྱི་བགྲོ་གླེང་གི་མགོ་མཇུག་བར་གསུམ་གྱི་གོ་སྒྲིག་ཚགས་ཚུད་པོ་དང་། དོན་དང་ལྡན་པ། གསར་གཏོད་ཀྱི་རྣམ་པ་འདི་ལྟ་བུ་རེ་གནང་ཐུབ་ན་དགེ་མཚན་ཆེ་སྐོར་གསུང་བཤད་གནང་བ་དང་།
མཇུག་ཏུ་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་གཞོན་སྒོ་མང་མཁན་རིན་པོ་ཆེ་ནས་ཚོགས་བཅར་བ་ཚང་མར་ཐུགས་རྗེ་ལེགས་གསོལ་གྱི་དོད་ན་བཟའ་རེ་གསོལ་སྩལ་གནང་བ་དང་། རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་པ་དང་ཚང་མ་མཉམ་དུ་སྐུ་པར་བསྒྲོན་ཏེ། གསོལ་ཚིགས་ཀྱི་དགའ་སྟོན་གནང་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཞི་ཅིན་ཕེན་གྱི་ལྟ་སྐོར་ལ་ངོ་རྒོལ་བྱེད་ཀྱིན་པའི་ཟུར་གཅིག
Next Post: འོས་བསྡུའི་སྐོར་གྱི་གླེང་གཞི་འགར་དོགས་འདྲི་ཞུས།

Comments (2) on “རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ལེགས་གྲུབ་བྱུང་བ།”

  1. ཡོ་བསྲང་། says:
    2015-10-22 at 11:51 am

    བགྲོ་གླེང་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ།

  2. གནམ་ལྕགས་རྡོ་རྗེ། says:
    2015-10-22 at 9:52 pm

    དེ་དེ་བཞིན་བགྲོ་གླེང་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ།
    རང་ལྟ་མཆོག་འཛིན་ལ་ཕན་གྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme