Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡ་མུ་ནའི་འགྲམ་ནས་གཱཾངྷཱིའི་བང་སོར་མཇལ་བ།

Posted on 2015-10-042015-10-04 By ཁ་བརྡ 5 Comments on ཡ་མུ་ནའི་འགྲམ་ནས་གཱཾངྷཱིའི་བང་སོར་མཇལ་བ།

རྫ་ཚེ་རིང་བཀྲ་ཤིས།

 
སངས་རྒྱས་ལ་ཕྱག་འཚལ་ལོ།། ང་ཉིན་འདི་དག་གི་རིང་ཐའེ་ཝན་ནས་རྒྱ་གར་དུ་ཐོོན་ཙམ་ཡིན། གནས་སྐབས་ལྡི་ལིར་སྡོད་རིང་ཡང་། ཚད་པ་ཅུང་ཆེ་བས་དོན་དག་དམིགས་བསལ་མེད་ན་ཕྱི་ལ་འགྲོ་བ་ཅུང་ཟད་ཉུང་། འོན་ཀྱང་དེ་རིང་ནི་སྤྱི་ཟླ་བཅུ་པའི་ཚེས་གཉིས་ཏེ། བདག་ཉིད་ཆེན་པོ་གཱཾངྷཱི་ཡི་འཁྲུངས་སྐར་དུས་དྲན་ལ་ཁེལ། རྒྱ་གར་རྒྱལ་ཡོངས་ཀྱིས་ཀྱང་ཉིན་འདིར་གུང་གསེང་བཏང་འདུག ང་ཡང་ད་ནང་སྔ་དྲོ་ཙམ་ན་འདུག་ཡུལ་ལྡི་ལིའི་ལ་དྭགས་བྷོ་དྷི་བྷེ་ཧར་གྱི་རྒྱ་སྒོའི་འགྲམ་ནས་གླ་འཁོར་རྐང་གསུམ་ཞིག་ལ་གཱཾངྷཱི་གཱཾངྷཱི་ཞེས་ལབ། ཁོས་ཀྱང་བརྡ་འཕྲོད་པའི་རྣམ་འགྱུར་བཅས་མགོ་བོ་འཕྲེད་དུ་གཡུག་ཙམ་གྱིས། ཧིན་སྒོར་བརྒྱད་ཅུ་ཡིན། ཡར་འགོས་ཟེར། དེ་ནས་ཤར་རེར་ཧ་ཅང་མི་རིང་བའི་སའི་ཆུ་བོ་ཡ་མུ་ནའི་ཉེ་འགྲམ། བདག་ཉིད་ཆེན་པོ་གཱཾངྷཱིའི་སྐུ་ཕུང་ཞུགས་འབུལ་ཞུ་ས་རཱཇ་གྷཊ་ལའམ། བདག་ཉིད་ཆེན་པོ་གཱཾངྷཱི་བང་སོའི་གནས་ཡུལ་དུ་ཕྱིན།

དེ་ནི་རྒྱ་གར་དུ་བསླེབས་ནས་ཐོག་དང་པོར་གཱཾངྷཱིའི་བང་སོར་མཇལ་བའང་ཡིན། མི་ཚོགས་ཀྱི་འགྲོ་འོང་ཆེན་པོ་དག་བརྒྱུད་དེ་རིམ་གྱིས་ནང་དུ་ཐལ། བང་སོར་ཕྱོགས་བཞིར་སྒོ་ཆེན་པོ་བཞི་དང་། ནང་དུ་ཡང་རྡོའི་ར་བ་ཆེན་པོས་བསྐོར་བ་ཐོག་བརྩེགས་གཅིག་ལས་མཐོ་བ་ཙམ་དང་། ཕྱོོགས་བཞི་ན་རྒྱས་སྤྲོས་དེ་ཙམ་མེད་པའི་འཛུལ་སྒོ་ཆེན་པོ་བཞི་དང་། ར་བའིིི་ཁ་ཁྱེར་ལ་རྡོ་གཅར་བཏིང་བའིི་རྐང་ལམ་དང་། ཕྱི་ངོས་ཐང་ཆེེན་གྱི་མཐའི་བར་གུར་ཐབས་སུ་གཞོལ་བའིི་ངོོས་དག་ཤིན་ཏུ་མཛེས་པའི་རྩྭ་ཐང་དུ་བཅོས་ཏེ་མཆིས། ནང་གི་ཁྱམས་ཡང་ཤིན་ཏུ་ཡངས། དེེ་ནས་བང་སོའི་མདུན་དུ་ལྷག་པ་ན་མེེ་ཏོག་སིིིལ་མ་བལ་སྟན་གྱི་སྲབ་འཐུག་ཙམ་པ་ཁ་དོག་དམར་སེར་ཤས་ཆེར་བྱས་པའིིི་དཀྱིིིལ་འཁོར་སྙོམས་པོར་བཀོད་པའི་འགྲམ་དུ་པུས་མོ་བཙུགས་ཏེ་མེ་ཏོག་གི་ཕྲེང་བ་དང་མེ་ཏོག་སིལ་མ་དག་ཕུལ། ད་དུང་པུར་སྒམ་གྱིི་བསྔས་ཀྱིིི་ཤེལ་སྒྲོམ་དུ་བཀལ་བའིིིི་མེ་སྒྲོན་གྱི་མེ་ལྕེ་རྣོ་བར་འབར་བཞིན་པ་དེར་ཡང་ཞིིིིབ་ཏུ་བལྟས།

སྐབས་འདིར་ལོ་ངོ་དྲུག་ཅུའི་ཡར་སྔོན་ཞིག་ལ་སྙིང་རྗེའི་བདེན་པ་བརྙེས་པའི་ཁ་བ་ཅན་གྱི་གཞོན་ནུ་ཞིག་ས་མིག་འདིའི་ཐོག་ཏུ་ཕེབས་ཏེ། ས་ཆ་འདི་དང་རྡོ་བཅལ་འདིའི་ཐོག་ནས་ཡར་འགྲེངས་ཏེ་བདག་ཉིད་ཆེན་པོའི་ཞལ་དངོས་སུ་མཇལ་བ་མ་བྱུང་བར་སྐྱོ་གདུང་དྲག་པོོ་ཐུགས་ལ་འཁྲུངས་ཏེེ་སྤྱན་ཆབ་བསིལ་གྱིན། རང་ཉིད་སྐུ་ཚེ་འདིར་འཚེ་མེད་ཞི་བའི་ལྟ་གྲུབ་འཛིན་པའི་གཱཾངྷཱིའི་རྗེས་འབྲངས་རྣལ་མ་ཞིག་བྱ་རྒྱུར་དམ་བཅའ་དང་སྨོམ་ལམ་གནང་བར་མ་ཟད། ཁོང་གིས། གནས་དེར་ངོས་ལངས་ཏེ་སྨོན་ལམ་བརྒྱབ་དུས་གཱཾངྷཱི་ངོ་མ་མཇལ་མ་ཐུབ་པར་བརྟེན་རང་ལ་སེམས་སྡུག་ཆེན་པོ་དང་། ཁོང་གི་ངོ་མཚར་ཆེ་བའི་མཛད་པའི་དཔེ་བཟང་དེ་ལ་དགའ་སྣང་ཆེན་པོ་གཉིས་ཀ་དུས་མཉམ་ལ་ཤར་བྱུང་། ཞེས་གསུངས་པ་དེ་ཡང་ཡིད་ལ་འཁོར།

ཡིད་དུ་འོང་བའིི་ཤིང་གིི་བསིལ་བའི་གྲིབ་མ་གདུགས་ལྟ་བུ་དག་གི་འོག་ན་ཚོ་དང་ཚོ་བྱས་པའི་མི་ཚོགས་ཀྱི་དཀྱིིིལ་ན་མི་རེེ་རེས་གཱཾངྷཱི་མཆོག་དང་འབྲེལ་བའི་ཅི་ཞིག་འཆད་བཞིན་པ་དང་། གཞན་པ་དག་མཐའ་ལ་རུབ་རུབ་ཀྱིིིས་རི་དྭགས་ལྟར་རྣ་བ་ཀྲོང་ངེར་ཉན་བཞན་པ་དག་ལའང་བལྟས། གདུགས་ཀྱི་དུས་ལ་ཉེ་བ་ན་ཁྱེའུ་དང་བུ་མོ་དག་རང་གི་མ་དང་རྗེ་བོ་དང་ལྷན་ཅིག་ཏུ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་པའི་རྩྭའི་ཐང་དུ་མཐའ་ཡས་པའི་བག་ཡངས་དང་རང་དབང་གི་བདེ་སྐྱིད་ཀྱི་དགའ་བར་ངོམས་པར་བརྩེན་པ་དག་ལའང་བལྟས། ཉེན་རྟོག་པ་ཉུང་ལ་གང་ཡོད་པ་དེས་ཀྱང་སྤྱིིིར་བཏང་སྤྱི་བའི་སྒྲིག་ཁྲིམས་ལ་ལྟ་རྟོག་བྱེད་པའི་རང་འཁྲིའི་ལས་དོན་ཙམ་སྒྲུབ་བཞིན་སོ་སོའི་ས་ན་འཁོད་པ་ལས་དཔོན་ཉམས་དང་དྲག་ཤུགས་ཀྱི་རྣམ་འགྱུར་རྩུབ་མོ་དག་མེད་པས་རྒྱ་གར་བའི་ཡུལ་མི་ཚོར་ཉེན་རྟོག་པ་ནི་མཐོང་ན་ཞེད་སྣང་སྐྱེ་ཡུལ་ཞིག་ཏུ་བརྩི་སྲོལ་མེད་པ་ལྟར་། འདིར་ཡང་ཚང་མ་རང་རང་གི་ས་ན་སོས་དལ་ཞིང་བག་ཡངས་ཀྱིས་སྤྱོད་པ་ནི་དེ་རིང་གི་རིན་ཐང་ཆེ་བའི་མཁའ་དབུགས་གཞན་ཞིིག་སྟེ། དེས་ཀྱང་ཁོར་ཡུག་འདི་ལ་ཡུག་གཅིག་ཏུ་ཁྱབ་སྟེེ་མཆིས།

བང་སོའི་ཐང་ཆེན་གྱི་ལྗོན་ཤིང་དག་གི་གྲིབ་མ་དང་སྐྱིལ་ཆུ་དང་ཤིང་ལྗོན་པ་དག་གི་ཡལ་ག་བཅས་ན་དེ་རིང་བྱིས་པ་དག་གཱཾངྷཱི་རྗེ་ཡི་བང་ཁ་ན་རྩེད་མོ་བརྩེ་བ་བཞིན་ཅ་ཅོ་དང་བཅས་པར་འཁོད། ཕྱི་མ་རེད་ཀྱིི་དུས་ན། བག་ཀྱིས་གཞོལ་བའིི་རྩྭ་ལྗང་གི་ངོས་སུ་བུ་གཞོན་ནུ་དག་གིིས་འགྱེལ་ལོོག་རྒྱག་པ་དག་གིས་ཆུང་དུས་རྩྭ་ཐང་གིིི་རང་བྱུང་གི་པང་ན་བརྩེན་པའིི་ཕྱུགས་རྫི་དག་གི་འཚོ་བའང་དྲན་ཡུལ་དུ་འདྲེེེན། ཁྱད་པར་དུ། ཕྱི་ཁྱམས་ཀྱི་ལོགས་གཞན་ཞིག་ཏུ་གུར་ཕིབས་པའི་ནང་དུ་གཱཾངྷཱི་མཆོག་གིས་སྐུད་པ་འཁེལ་བཞིན་པའི་འདྲ་པར་ཆེན་པོ་ཞིག་བཤམས་པའི་མདུན་དུ་སྐྱེ་བོ་མང་པོ་ཚོགས་ཤིང་། མངོན་པར་འབེལ་བའི་གཏམ་དང་། དབྱངས་སྙན་པ་དག་དང་བཅས་ཚང་མ་འཁེལ་འཁོར་འགྲམ་དུ་ལྷོད་པོར་བཞུགས་ཏེ་སྐུད་པ་འཁེལ། སྐུད་པ་འཁེལ་བྱེད་དག་ཀྱང་གན་དྷི་མཆོག་གིས་དངོས་སུ་བེད་སྤྱོད་གནང་བ་དེ་དང་བཟོ་དབྱིབས་སོགས་མང་ཆེ་བ་གཅིག་པ་ཁོ་ནར་འདུག
རྗེས་དྲན་བྱེད་སྟངས་འདི་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་ཀྱང་ཡིན་ཏེ། གན་དྷི་མཆོག་གིས་《རྒྱ་གར་རང་སྲིད་རང་སྐྱོང་》ཀྱི་གཞུང་ལས་བཏོན་གནང་བའི་བབ་ཆགས་དང་ཆོག་ཤེས་པ། རང་བྱུང་སྣོད་ཀྱི་བཀོད་པ་དང་མཐུན་པའི་འཚོ་གནས་ཀྱི་གཏན་ཚིགས་ཁྱད་པར་ཅན་དག་བསྐྱར་དུ་བཟློ་བཞིན་པ་ལྟར་མཆིས། རྒན་གཞོན་ཚང་མས་བློ་རྩེ་གཅིག་སྒྲིམས་ཀྱིས་སྐུད་པ་དོག་པ་ཆེན་པོ་རེ་བཟོས་ཚར་རྗེས་དོག་པ་དེ་དག་གཱཾངྷཱི་ཡི་སྐུ་པར་གྱི་དྲུང་དུ་བསྒྲིགས་ཏེ་འཇོག ཆབས་ཅིག་གདངས་ཤིན་ཏུ་སྙན་པའི་བཞས་ཀྱང་གཏོང་། དེ་ནི་ལྷག་ཏུ་ཡིད་ལ་འབབ་པ་ཞིག་སྣང་།

ངས་ཀྱང་བགྲེས་སོང་ཞིག་གི་འགྲམ་གྱི་ས་ཁར་བསྡད་དེ་སྐུད་པ་འཁེལ་བའི་ཚུལ་ལ་ལད་མོོ་བྱས། བགྲེས་སོོང་དེས་ཀྱང་སེམས་ཐག་ཉེེ་པོས་རོབས་ཙམ་བསླབས། ལག་མ་བྱང་བས་ལོབ་དཀའ་བ་ལས་བྲམ་ཟེ་སྐུད་པ་འཁེལ་བའི་དཔེ་དེ་ཡང་ཡིད་ལ་འཁོར། འདི་ལའང་གྲིམ་ལྷོད་ཤིན་ཏུ་རན་པའི་སེམས་ཁམས་ཁ་ལག་འཕྲོད་པ་ཞིག་དགོས་པ་རྟོགས། ཤིན་ཏུ་གཡང་དུ་ཆགས་པའི་ཁོར་ཡུག་དེར་ཐོན་མ་ཐག་རང་ཉིད་སྐད་ཅིག་ལ་གཱཾངྷཱིདྲུང་དུ་སླེབས་པ་ལྟར་གྱུར། ཉམས་སྤྲོ་བ་ལ་ཚད་མ་མཆིས། ཁོང་ཚོས་གང་སྨྲས་པ་དག་ལས་དངོས་སུ་གོ་ཐུབ་པ་ནི་མ་ཧཱ་ཏ་མ་གཱཾངྷཱི་ཞེས་པའི་ཚིག་འདི་ཁོ་ན་ཙམ་ལགས་མོད། ཁོང་དག་གི་འདར་འདུར་གྱི་དབྱངས་དང་བསྡེབས་པའི་མིག་དང་གདོང་གི་རྣམ་འགྱུར་ཤིན་ཏུ་རྣོན་པོ་དེས་འཛད་མཐའ་མེད་པའི་གཱཾངྷཱི་མཆོག་གི་ལོ་རྒྱུས་དང་རླབས་ཆེན་འཆད་པར་བྱེད་ཅིང་། སྐབས་དེར་ང་ལ་ཧིན་དྷུ་སི་ཐན་གྱི་ལོ་རྒྱུས་ཀྱི་ཆུ་བོ་ཆེན་པོའི་ནང་ན་གཱཾངྷཱི་ཅི་ཙམ་དུ་གལ་ཆེ་བ་དང་མེད་ཐབས་མེད་པ་ཡིན་པའི་ཚུལ་དེ་གསལ་བོར་ངེས་སུ་བཅུག

བོད་རིགས་ཀྱི་གདོང་བ་ཅན་དང་གྲྭ་ཆས་གོན་མཁན་ང་གཅིག་པུ་ཡིན་པའི་གུར་འདབས་དེར་ང་རང་མུ་མཐུད་དེ་བསྡད། ཧིན་རྡིའི་བུ་མོ་སྔོ་བསེང་མ་ཞིག་གིས་རང་ཉིད་ཀྱི་དྲོས་ཟས་ཀྱི་ཐ་ལེ་ང་ལ་སྤྲད་དེ་ཁོང་མོས་གྲོགས་པོ་གཞན་དག་དང་ཐུན་མོང་དུ་ཟ་མ་མཉམ་དུ་ཟ་ཆོག་པའི་བརྡ་བསྟན། ད་དུང་ཁོང་ཚོའི་གྲལ་དུ་བོས་ཏེ་ ཆུ་འགྱིགས་དམ་གང་བསྐོར་བ་བརྒྱབ་ནས་འཐུང་རེས་བྱེད་དུ་བཅུག་པ་སོགས་ཧ་ཅང་སྙིང་ཉེ་བར་བྱས་པས་རང་ཉིད་གཱཾངྷཱི་བུ་དང་བུ་མོ་འདི་དག་དང་མཉམ་དུ་བདག་ཉིད་ཆེན་པོ་དེའི་འཁྲུངས་སྐར་གྱི་དུས་སྟོན་སྲུང་བརྩི་བྱེད་ཀྱིན་ཡོད་པའི་འཕྲུལ་སྣང་ཡིད་ཚིམ་པ་ཞིག་བྱུང་།

ཐ་མ་དེར་ང་རང་བདག་ཉིད་ཆེན་པོ་གཱཾངྷཱིའི་སྐུ་པར་གྱི་མདུན་ནས་ཡར་གོམ་པ་བརྟན་པོར་འགྲེངས་ཏེ་ཐལ་མོ་སྦྱར་ཏེ་སྐུ་པར་ལ་མིག་གིས་ཡིད་ཚིམ་པ་ཞིག་བལྟས། ངས་ངག་ནས་གང་ཡང་མ་བཏོན་ཞིང་། ཡིད་ལ་གང་ཡང་མ་དྲན་པ་ལྟར་མཆིས་ཏེ། འགྲེལ་བཤད་མེད་པའི་མིག་ཆུའི་ཐིགས་པ་གཉིས་ཤིག་གིས་མིག་མཐའ་བརླན་པར་གྱུར། དུས་དེར་ངས་རང་ཉིད་དང་རང་ཉིད་ཀྱི་ཁོར་ཡུག་ཡོད་ཚད་ཤིན་ཏུ་ལྷིང་འཇགས་ལྟ་བུ་ཞིག་ཏུ་ཚོར་ཞིང་། ལྷིང་འཇགས་དེ་ནི་རྫོགས་མཐའ་མེད་པའི་བྱམས་བརྩེ་དང་འདྲེས་པ་ཞིག་རེད།

དེ་དང་ཆབས་ཅིག རྒྱ་གར་གྱི་མི་དག་གི་སྙིང་གི་འཕར་རྩ་རེ་རེ་དང་། ཟུངས་ཁྲག་གི་རྒྱུ་བ་རེ་རེ། རང་དབང་དང་བདེ་སྐྱིད་ཀྱི་འོད་སྣང་རེ་རེ་བཞིན་དུ་མི་རྒན་གཅེར་བུ་མ་འདིའི་ཡ་མཚན་ཆེ་བའི་ནུས་པའི་ཀློང་ན་ཐིམ་ཞིང་གནས་པ་ལྟ་བུ་ཞིག་ཏུ་ཚོར། འཛད་མཐའ་མེད་པའི་འོད་ཀྱི་རྦ་རླབས། འཇགས་པ་མེད་པ་སྙིང་རྗེའི་རོལ་མཚོ། ཀུན་ལ་སྙོམས་པའི་ནམ་མཁའ་དང་ས་གཞི་ཆེན་པོ་སྟེ། མདོར་ན། བདག་ཉིད་ཆེན་པོ་ཁོང་ནི་སྲིད་བློན་ནེ་རུ་ཡིས་བྲིས་པའི་མ་ཧཱ་ཏ་མ་གཱཾངྷཱིའི་རྗེས་དྲན་གྱི་རྩོམ་ཡིག་ཅིག་ཏུ།

ལོ་སྟོང་གི་རྗེས་སུ་འོད་སྣང་དེ། །
ཡུལ་འདི་ཡི་ནང་ན་མཐོང་འགྱུར་ཞིང་། །
ཕྱི་འཛམ་བུ་གླིང་གིས་མཐོང་བར་འགྱུར། །
དེས་གྲངས་མེད་བརྒྱུད་ལ་བདེ་བ་སྟེར། །
ཞེས་དང་།

ཁོང་རྟག་པའི་སྐྱེས་མཆོག་དམ་པ་དེ། །
དཔལ་གཡུང་དྲུང་བདེན་པ་ཉིད་དང་བཅས། །
ངེད་རྣམས་ཀྱི་ཁྲོད་དུ་རྟག་བཞུགས་ནས། །
ལམ་ཡང་དག་བསྟན་ཅིང་འཁྲུལ་བ་འཇོམས། །

ཆེས་རྙིང་པའི་སྲོལ་ལྡན་ཡུལ་སྡེ་འདི། །
མཆོག་རང་དབང་ལམ་དུ་དྲངས་པ་ཡིན། །
ཞེས་གསུངས་པ་དེ་ཁོ་ན་ལྟར་ལགས།

ཁོང་གིས་ནི་དེ་ལྟར། འཛམ་བུ་གླིང་འདིར་ཆོག་ཤེས་དང་བརྩེ་བའི་རིན་ཐང་བཟང་པོ་མངོན་པར་མཛད་ཅིང་། ནུབ་ཕྱོགས་དཔལ་ཡོན་ཡར་ཐོན་དང་དེའི་བསྐྱེད་པའི་རྙོགས་འཛིང་ཆེ་བའི་མཇུག་འབྲས་མང་པོ་ཞིག་ལ་དོན་གནས་ཀྱི་སྔོན་དཔག་གནང་། ཁོང་ཉིད་ཧ་ཅང་བརྩེ་བ་དང་། ཧ་ཅང་ཆོག་ཤེས་པ། ཧ་ཅང་ཤེས་རབ་དང་ལྡན་པ། ཧ་ཅང་འགན་འཁྲི་ཕྲག་ཏུ་བསྣམས་ཏེ་ཡུལ་གྱི་སྐྱེ་བོ་དག་གི་བདེ་དོན་ལ་གཞོལ་བ་བཅས་ནི་ད་ལྟའང་འཛམ་བུ་གླིང་པ་དག་གིས་ཤིན་ཏུ་གསལ་བོར་ངེས་བཞིན་ཡོད།

ཁོང་གིས་ཨ་ཧྥི་རི་ཁ་ནས་རྒྱ་གར་དུ་ལོག་མཁན་གྱི་གྲུ་རྫིང་ཞིག་གི་ནང་ནས་དུས་རབས་ཉི་ཤུ་པའི་ནང་གི་རྒྱ་གར་གྱི་འབྱུང་འགྱུར་གཏན་འབེབས་གནང་བར་མ་ཟད། དུས་རབས་ཉེར་གཅིག་གི་སའི་གོ་ལའི་སྣོད་བཅུད་རྟེན་འབྲེལ་གྱི་ཆོས་ཉིད་ལའང་འཆུགས་པ་མེད་པའི་སྔོན་དཔག་གནང་ཡོད། དེ་ནི་ངས་ཁྱེད་རང་རླབས་ཆེན་དུ་བརྩི་བའི་རྒྱུ་མཚན་གཉིས་པ་ཞིག་རེད། རྒྱུན་མཚན་འདིས་ཁྱེད་རང་ད་ཆའང་འཛམ་བུ་གླིང་ལ་གལ་ཆེན་ཆགས་ཡོད། འོན་ཀྱང་ཁྱེད་རླབས་ཆེན་དུ་གྱུར་པའི་རྒྱུ་མཚན་ཨང་དང་པོ་ནི་ཁྱེད་ལ་མངའ་བའི་ལག་ལེན་གྱི་བདེན་པ་དེ་ཡིན།

དེས་ན་ཁྱེད་ནི་རྒྱ་གར་བ་རྣམས་ཀྱི་ཡབ་དང་། ཤར་ཕྱོགས་པ་རྣམས་ཀྱི་ནང་སེམས་ཀྱི་རིག་གནས་ཀྱི་མཚོན་རྟགས་ཡིན་པ་ཙམ་དུ་མ་ཟད། བོད་དང་འཛམ་བུ་གླིང་གི་ཞི་བདེ་ལ་དགའ་བ་ས་ཡ་མང་པོའི་སེམས་གཏིང་གི་རེ་བ་དང་སྤོབས་པ་འོད་སྣང་བཅས་ཡིན་ནོ།།
འཚེ་བ་མེད་པ་རྒྱལ་བར་གྱུར་ཅིག
མ་ཧཱ་ཏ་མ་གཱཾངྷཱི་རྒྱལ་བར་གྱུར་ཅིག

དྲན་ཐོ།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་སྙན་ཞུ།
Next Post: རྩེད་རའི་ནང་གི་ཚེ་གྲོགས།

Comments (5) on “ཡ་མུ་ནའི་འགྲམ་ནས་གཱཾངྷཱིའི་བང་སོར་མཇལ་བ།”

  1. ལྷ།བྱ་འཕུར་མ། says:
    2015-10-04 at 6:07 pm

    རྫ་ཚེ་བཀྲ་བླ་རྒན་ལགས་ཐའེ་ཝན་དུ་སྡོད་པའི་མཐོང་ཆེན་དུས་ཡུན་རྫོགས་ཏེ་རྒྱ་གར་དུ་ཕྱིར་ལོག་ནས་ཡང་བསྐྱར་ཟླ་དྲུག་གི་མཐོང་ཆེན་ཞུས་པར་ཡོང་བ་དང་མཉམ་དུ།རྒྱ་གར་གྱི་གླ་འཁོར་རྐང་གསུམ་ཁ་ལོ་བས་བླ་རྒན་གྱི་མགོར་ཐོ་བ་ཡག་ཐག་ཆོད་ཅིག་གཞུས་ནས་གྷན་ངྷིའི་བང་སོ་ལ་ལྟ་སྐོར་ཕྱིན་འདུག 
     
    ཕྱི་ཉིན་ལྡི་ལིའི་ལྷོ་ཕྱོགས་སུ་ཡོད་པའི་ཐའེ་ཝན་གྱི་རིག་གཞུང་དང་ཚོང་ལས་བསྟི་གནས་ཁང་དུ་སོང་སྟེ་མཐོང་ཆེན་ཞུས་ཡོད་སྟབས།སྐབས་དེར་ཡང་རྫ་ཚེ་བཀྲ་བླ་རྒན་གྱི་མགོ་ལ་རྒྱ་གར་རྐང་གསུམ་ཁ་ལོ་བས་ཐོ་བ་ཚ་ཐག་ཆོད་ཅིག་གཞུས་ཡོད་ཤག

    སྐྱེས་མཆོག་གྷན་ངྷི་མཆོག་གི་མཚན་དང་ལ་དྭགས་ཀྱི་ས་མིང་གཉིས་ཀློག་དུས་ཕལ་ཆེར་ངའི་ལྕེ་གཅོག་འགྲོ་བྱས་སོང་ད། རྫ་ཚེ་བཀྲ་ལགས། གང་ལྟར་སྙན་པོ་བྱུང་།

  2. ཀླུ་སྨྱོན། says:
    2015-10-04 at 9:23 pm

    གན་དིས་རྒྱ་གར་བ་ཚོར་རང་བཙན་རྩོད་དུ་མ་བཅུག་པར་རང་སྲིད་རང་སྐྱོང་རྩོད་དུ་བཅུག གན་དིས་ནང་ཆོས་དེ་ཧིན་དུའི་ཆོས་ལུགས་ཀྱི་བྱེ་བྲག་ཅིག་རེད་ལབ་འདུག་ག རྒད་པོ་གཅེར་གྱོང་དེ་ངར་བ་རེད།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-10-05 at 12:31 am

    ལ་དྭགས་བོ་དྷ་བི་ཧཱ་ར་ཇི་ལྟར་བསྐྲུན་པའི་ལོ་རྒྱུས། ལ་དྭགས་བ་ཀུ་ལ་རིན་པོ་ཆེས་སྲིད་ནེ་ཧ་རུ་མཆོག་ལ་བདག་ཅག་ལ་དྭགས་པ་ཀུན་ལྡི་ལིར་སླེབས་དུས་སྡོད་གནས་མེད་པའི་དཀའ་ངལ་ཡོད་ཞུས། ནེ་ཧ་རུའི་ཐུགས་ལ་སྙིང་རྗེ་སྐྱེས། འགྲོ་སོང་ཕྱེད་ལ་དྭགས་པས་ཐོངས། ཕྱེད་རྒྱ་གར་གཞུང་ནས་རྙེད་ཅེས་མོལ་པ་ན། བ་ཀུ་ལ་རིན་པོ་ཆེས་ལ་དྭགས་ནས་ཧིནྡ་སྒོར་ཁྲི་གཅིག་ཀྱང་འཐོན་ཐབས་མེད་མོལ། དེ་ནས་ནེ་ཧ་རུས་རྒྱ་གར་འབྱོར་ལྡན་འགའ་ནས་འབུལ་སྡུད་མཛད་དེ། འགྲོ་སོང་ཕྱེད་རྒྱ་གར་གཞུང་ནས་བཏངས། ནེ་ཧ་རུས་ཐུགས་སྣང་ཆེན་པོས་གྲོང་ཁྱེར་གྱི་མཐའ་མཚམས་ཡ་མུ་ནཱ་གཙང་པོའི་འགྲམ་སྟེགས་དབེན་པ་ཞིག་ཏུ་བརྩིགས། བདག་༡༩༦༢ཙམ་ལ་དེར་སླེབས་པ་དུས་འཁོར་ལོ་གསུམ་པ་ཅན་ལེན་པར་ཀཱཤྨིརཱི་གེཊ་ཟེར་སོང་ནས་ལེན་དགོས།
    རྣལ་འབྱོར་པ་རྫ་ཚེ་རིང་བཀྲ་ཤིས་རྒྱ་གར་དུ་ཕེབས་ནས་ལ་དྭག་བོདྷ་བི་ཧཱ་ར་ལ་བཞུགས་བྲང་བྱས་ཏེ།་ མེས་པོ་མ་ཧཱཏྨཱ་གཱནྡྷཱིའི་སྤུར་ཁང་དྲན་རྟེན་སར་ཕེབས་པའི་ལོ་རྒྱུས་ལེགས་པར་བཀོད་པ་རྗེས་ཡི་རང་།

    བོད་སྐད་ཀྱི་ཞབས་ཏོག་ལ་དམིགས་ཏེ། ཚིག་འགའ་ལ་བགྲོ་གླེང་ཞུ་བ།
    བྷོ་དྷི་བྷེ་ཧར་ལ་བོ་དྡྷ་བི་ཧཱ་ར། གུང་གསེང་ལ་དགུང་བསངས། དེ་ཡང་ཉིན་དགུང་སྐབས་སུ་ཕྱི་ལོགས་ལ་འཕྱན་པ་ལ་དགུང་བསངས་ཟེར། ཡ་མུ་ན་ལ་ཡ་མུ་ནཱ་ཞེས་འབྲི་ན། རྒྱ་གར་པ་མཁས་པ་དང་མཐུན། རོབས་ལ་རགས་ཞེས་ན། བོད་ཡིག་དག་དང་མཐུན། རྒྱ་གར་བ་ལ་རྒྱ་གར་པ་ཞེས་ན། སུམ་ཅུ་པ་དང་མཐུན། རྡོ་གཅར་ལ་རྡོ་བཅལ་ཞེས་ཡིན་ནམ་སྙམ། དེ་ཡང་རྡོ་གཅལ་དང་རྡོ་བཅལ་ཞེས་ཡོད་པ་སྔ་མའི་བྱ་ཡུལ་མ་འོངས་པ་བལྟོས་པ་དང་ཕྱི་མ་དེ་འདས་པ་ལ་བལྟོས་པར་བསམས། གཙང་བཀྲ་ཤིས་ལྷུན་པོ་ན་རྡོ་བཅལ་སྔོན་པོ་ཞེས་པའི་ཁྱམས་རའམ་རྡངས་ཆེན་པོ་ཞིག་ཡོད། རྡངས་ཀྱི་དག་ཆ་མཁྱེན་མཁན་རེ་ཡོད་དམ། ངོ་མ་ལ་ལ་དྭགས་པའི་ཕལ་སྐད་དུ་ཡང་དངོས་མ་ཟེར་པ་དགེ་འདུན་ཆོས་འཕེལ་ཨ་མདོ་པ་དང་མཐུན་ནོ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-05 at 5:02 am

    རྣལ་འབྱོར་པ་རྫ་ཚེ་བཀྲ་ཤིས། དངོས་གནས་ཡིན་ནམ་རྣལ་འབྱོར་པ། ངས་ནི་རྒྱལ་ཁམས་པ་ཅིག་རེད་འདུག་དྲན། ནོར་ཡོད་ན་དགོངས་དག་ཞུ། ལ་དྭགས་ཁ་ཡག་ཅན་རང་རེད་འདུག་གདའ།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-10-05 at 11:16 pm

    ་རྫ་ཚེ་རིང་བཀྲ་ཤིས་ངས་དངོས་མཇལ་མེད་ཀྱང་། ཁ་བརྡར་རྩོམ་ཡིག་འགོད་སྐབས་ལན་མང་འདྲ་སྤར་གྲྭ་ཆས་བཞེས་པ་རབ་བྱུང་ཞིག་ཏུ་མཇལ། གྲྭ་པ་དང་། སྔགས་འཆང་ཁྱིམ་པ་ཡང་། རྣལ་འབྱོར་པར་འདོད་དགོས་སྙམ། རང་སེམས་རྣལ་མར་འབྱོར་བར་བྱེད་པས་ན། རྣམ་འབྱོར་པ་ཞེས་བྱ། དེ་ལ་རྒྱ་གར་སྐད་དུ། ཡོ་གཱི་ཟེར། ཇི་སྐད་དུ་སློབ་དཔོན་ཆོས་མཆོག་གིས་ཚད་མ་རིགས་ཐིག་གི་འགྲེལ་པ་ན། ཡོ་ག་ཞེས་པ་ཏིང་ངེ་འཛིན། དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། ཞེས་གསུངས་པ་སློབ་དཔོན་ཆེན་པོ་འགྲོ་བའི་མགོན་པོ་མཁན་པོ་ལས་ཝཱ་རཱ་ཎ་སཱིར་༡༩༦༠པའི་སྟོད་ཙམ་ལ་ཐོས། བྲམ་ཟེ་རིགས་ན་མཁན་པོ་ཞེས་པའི་རིགས་ཡོད་ཀྱང་དམའ་ཤོས་སུ་བརྩི། དེ་ནི་ནང་པ་སངས་རྒྱས་པའི་དགོན་པའི་མཁན་པོ་ཆགས་ནས། སླར་ཁྱིམ་པར་གྱུར་པའི་བྲམ་ཟེའི་རིགས་དེ་ལ་མཁན་པོ་ཞེས་སོ་ཞེས་ཐོས།
    ཧིནྡུ་ཞེས་པ་རིག་བྱེད་སྨྲ་བ་ཙམ་མ་ཡིན་པར་རྒྱ་གར་པ་ལ་འདོད་དགོས། ནང་པ་སངས་རྒྱས་པ་དང་། རིག་བྱེད་སྨྲ་བ་དག་གིས་ལྟ་བ་མི་མཐུན་ཡང་། ཁྱིམ་པ་ནང་པ་དང་རིག་བྱེད་པ་གཉིས་ཀར་ཕྱིའི་སྤྱོད་པ་མཚུངས་པ་ཞིག་ཏུ་མཐོང་། ཇི་སྐད་དུ། སློབ་དཔོན་རྟ་དབྱངས་ཀྱི་གསུངས་པ་མངོན་པ་མཛོད་གནས་བཞི་པ། ཚིགས་བཅད་༨༦པའི་རང་འགྲེལ་དུ་ལུང་དྲངས་པ་འདི་ལྟར།
    ་
    རྟག་ཏུ་ལྟ་བ་སྣ་ཚོགས་ཀྱིས།
    ཁྱིམ་པས་ལྟ་བ་སྦྱང་བར་དཀའ།
    གཞན་ལ་འཚོ་བ་རག་ལུས་པའི།
    དགེ་སློང་གིས་ནི་འཚོ་བར་དཀའ།།
    །
    ཚིགས་བཅད་འདི་མཛེས་དགའ་སྙན་དངགས་ལེའུ་༡༣པ་དང་། ཚིགས་བཅད་ཨང་གྲངས་༡༨པ་ཡིན། ཀླ་ཀློ་དག་གིས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་རྩ་མེད་དུ་གཏོང་བར་རྩོམ་པ་ན། རིག་བྱེད་པའི་རྗེས་འབྲངས་ཁྱིམ་པ་གསུམ་བརྒྱ་ཙམ་གྱིས་སྲུངས་ནས་ལུས་པར་པཎ་ཆེན་དཔལ་ཡེ་ཤེས་ཀྱིས་མཛད་པ་ཤམྦྷ་ལའི་ལམ་ཡིག་ན་ཡོད་པ་བོད་དུ་ཡོད་སྐབས་བཀླགས་པ་དྲན། རྒྱ་གར་པ་མང་པོས་རྒྱལ་བ་རིན་པོ་ཆེ་སྤྲུལ་པའི་སྐུ་ཡིན་པར་འདོད་དོ་ཞེས་རྒྱ་གར་སྲིད་བློན་ནེ་ཧ་རུ་ཡི་སྐབས་བཤད་པ་ཨིན་ཡུལ་པ་རྒྱ་གར་ལོ་རྒྱུས་འབྲི་བ་པོ། པེར་སི་ཝེལ། སྤེཨར་ཞེས་པས་བྲིས་པ་ན་བཤད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme