Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུ་རྒྱལ་འཚོང་བ་ཡིན་ནམ།

Posted on 2015-09-262015-09-26 By ཁ་བརྡ 11 Comments on སུ་རྒྱལ་འཚོང་བ་ཡིན་ནམ།

སེར་བྱེས་དགེ་བཤེས་བློ་བཟང་དཔལ་ལྡན།

 
སྤྱི་ལོ་༢༠༡༥ ཟླ༩ ཚེས་༢༢ ཉིན་ནོར་ཝེ་རླུང་འཕྲིན་ཁང་གིས་སྲིད་སྐྱོང་འོས་མིར་གླེང་གཞི་ཅན་གྱི་དྲི་བ་ལྔ་བཏོན་སྐབས་ཀླུ་མཁར་བྱམས་ཀྱིས་བཏབ་པའི་དྲིས་ལན།

“ང་རང་བཙན་གཙང་མ་རྩོད་པའི་མི་ཞིག་ཡིན་པར་ཆ་ཞོག རང་བཙན་གཙང་མ་རྩོད་པའི་མི་ཞིག་གིས་མི་གཞན་སུ་ཞིག་གིས་རང་བཙན་དགོས་ཀྱི་མེད་གསུངས་པ་ཡིན་ན། དེ་༧རྒྱལ་བ་རིན་པོ་ཆེ་ཡིན་ན་རེད། ངའི་པ་ལགས་ཡིན་ན་རེད། དེ་ངའི་ཁ་གཏད་དམ། དེ་ལ་ངའི་ངོས་ནས་མོས་མཐུན་མ་བྱས་པ་དེ་ངའི་རྩ་བའི་དམ་བཅའ་རེད།

དེའི་སྟེང་ནས་བཤད་པ་ཡིན་ན། ངས་༧རྒྱལ་བ་རིན་པོ་ཆེ་ལ་ཐད་ཀར་རྒྱལ་འཚོང་བ་རེད་ཅེས་བྲིས་པ་དེ་འདྲ་མེད། ཡིན་ཡང་། སྲིད་དོན་གྱི་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནས་བཤད་ན་ཁོ་རྒྱལ་འཚོང་བའི་ཕྱོགས་ལ་འགྲོ་ཡི་རེད”ཅེས་བཤད་ཡོད།

སྲིད་དོན་གྱི་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནས་བཤད་ན། རྒྱལ་འཚོང་བ་ནི་མི་སྒེར་གྱི་མིང་གནས་དང་། རྒྱུ་དངོས། ཐོབ་ཐང་བཅས་ཀྱི་ཆེད་རྒྱལ་ཁབ་དང་མི་རིགས་བློས་བཏང་སྟེ། དེ་ལ་མི་འོས་པ་དང་མི་རུང་བའི་བྱ་སྤྱོད་ངན་པ་སྒྲུབ་མཁན་ལ་ཟེར་ཞིང་། དཔེར་ན། བོད་ཀྱི་གཏམ་དཔེ་ནང་། ནང་གཏམ་ཕྱི་འཁྱེར་དང་། རང་མགོ་དགྲ་འདོགས་བྱེད་མཁན་དག་ལ་ཟེར་བ་ཡིན། ༸གོང་ས་རྒྱལ་བ་རིན་པོ་ཆེས་སྐུ་སྒེར་གྱི་ཐོབ་དབང་དང་། གཏམ་སྙན་གྲགས་རྒྱུ་དངོས་པོ། ཡང་ན་ཡབ་གཞིས་སྐུ་འཁོར་གྱི་ཁེ་ཕན་ཙམ་གྱི་ཆེད་བོད་མི་རིགས་ལ་ཕྱི་མགོ་ནང་བཙོང་བྱས་པའི་བྱ་སྤྱོད་སྟོན་རྒྱུ་ཡོད་དམ།

༸གོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ། རྒྱ་གཞུང་གིས་བོད་འདི་ཞིང་ལྗོངས་ལྔར་བགོས་ཏེ་དུམ་བུར་བཅད་ནས་སྟངས་འཛིན་བདེ་བའི་སྲིད་ཇུས་སྤྱོད་བཞིན་པ་འདི་ལ་ངོས་ལེན་མ་གནང་བར། ཆེས་མ་མཐའི་རྩ་དོན་ལ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་གི་དགོས་འདུན་བཏོན་དང་འདོན་བཞིན་ཡོད། གལ་ཏེ་ཞིང་ལྗོངས་ལྔའི་གནས་བབ་རང་འཇགས་ཐོག་སྐད་ཡིག་དང་རིག་གནས་ཀྱི་ཁྱབ་ཁོངས་ནས་རྒྱ་ཇེ་ཆེ་ཙམ་གཏོངས་དགོས་པའི་ཆ་རྐྱེན་བཏོན་པ་ཡིན་ན། རྒྱ་གཞུང་གིས་ཕེབས་བསུ་བརྒྱ་ཕྲག་དང་བཅས་གྲོས་ཚོགས་རྒྱུན་ལས་གཞོན་པའི་གོ་གནས་ཐོབ་རྒྱུ་ཐེ་ཚོམ་མི་དགོས་པ་ཞིག་ཡིན་ལ། གོ་གནས་དེའི་ཐོག་ནས་རྒྱ་གཞུང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག་འཛམ་གླིང་ལ་ཞི་བདེའི་འགྲུལ་བཞུད་ད་ལྟ་བཞིན་གནང་ཆོག་ལ། གཅིག་བྱས་ན་ད་ལྟའི་མཛད་འཕྲིན་ལས་ཀྱང་རྒྱ་ཆེ་བ་ཡོང་མི་སྲིད་པ་གཏན་ནས་མིན་ན་ཡང་། ༸གོང་ས་མཆོག་གི་རྒྱ་རི་བློ་གྲོས་སོགས་སྐུ་ཚབ་སྔ་ཕྱི་ཚང་མར་བོད་མི་རིགས་ཀྱི་གནད་དོན་རྒྱ་གཞུང་ལ་གླེང་དགོས་པ་ལས་ང་སྒེར་གྱི་གནད་དོན་གླེང་མི་དགོས། ང་མི་གཅིག་གང་ནས་བསྡད་ཀྱང་ཁྱད་པར་ཅང་མི་འདུག་ཅེས་སྐུ་སྒེར་གྱི་ཁེ་ཕན་ཆེད་སྐུ་ཚབ་སྣ་གཅིག་ཀྱང་གཏོང་མྱོང་མེད།
འདི་ལས་༸གོང་ས་མཆོག་སྒེར་གྱི་ཁེ་ཕན་ཆེད་བོད་སྤྱིའི་རྩ་དོན་བློས་གཏོང་མྱོང་མེད་པ་ཧ་ཅང་གསལ་བ་མ་ཟད་༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་རྒྱལ་ཞེན་པ་མཆོག་ཏུ་གྱུར་པ་ཞིག་གམ་ཡང་ན་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ཡིན་པའི་དཔང་རྟགས་གསལ་ཤོས་བསྟན་ཡོད།

གཞན་ཡང་ལོ་རྒྱུས་ཆབ་སྲིད་རིག་པའི་ངོས་ནས་གཞལ་ན་སྤྱི་ལོ་༡༧༢༣ ལོ་ནས་མན་ཇུ་བས་བོད་མདོ་ཁམས་ལ་བཙན་འཛུལ་བྱས་ཤིང་། དེའི་རྗེས་ཀྱི་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་པའི་རིང་གི་བྱུང་བ་ལ་བལྟས་ན་༧གོང་ས་མཆོག་གིས་མདོ་ཁམས་ཕྱོགས་ལ་ཇུས་གཏོགས་བྱེད་བདེ་མེད་ཀྱང་ཁོང་གི་རྒྱལ་གཅེས་ཀྱི་བསམ་བློས་བོད་ཆོལ་གསུམ་བློས་གཏན་ནས་བཏང་མེད་པ་འདི་ཡང་ཆབ་སྲིད་རིག་པའི་ཐད་ནས་བལྟས་ན་མཐོང་ཐུབ་པའི་༸གོང་ས་མཆོག་གི་ཕུགས་རིང་གཏིང་ཟབ་ཀྱི་ལྟ་དགོངས་ཡིན།

༸གོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ཐོག་བྱུང་མྱོང་བའི་བོད་མི་རིགས་ཀྱི་གཟི་བརྗིད་སྲུང་འཛིན་དང་། མ་འོངས་པའི་མི་རབས་ལ་ཆེས་མ་མཐའི་ཕུགས་བསམ་བརྟན་པོ་ཞིག་བཏིང་བ་མ་ཟད། མན་ཇུའི་རྒྱལ་རབས་ནས་ཁ་འཐོར་དགུ་འཐོར་དུ་སོང་བའི་བོད་མི་རིགས་ཀྱི་བསམ་པའི་འདུན་མ་སྐུད་སྣེ་གཅིག་ཏུ་བརྒྱུས་ཐུབ་པ་བྱུང་བ་དང་། ཐའེ་ཝན་རྒྱ་ཁོངས་ཡིན་མིན་ལ་ཇུས་གཏོགས་ཙམ་ཡང་མ་བྱས་པར་ལོ་རྒྱུས་ཀྱི་བདེན་པ་རྐྱང་པ་འབའ་ཞིག་དགོང་ལོ་བརྒྱད་ཅུའི་བར་མཐའ་སྐྱེལ་གནང་བ་འདི་ལ། ཆབ་སྲིད་རིག་པའི་ཁེ་ཕན་ཆེ་ཆུང་གི་ལྟ་ཚུལ་སྤྱད་ནས་བལྟས་ན་ཁོང་ནི་ངེས་པ་དོན་གྱི་བདེན་དོན་འཐབ་རྩོད་པ་ཞིག་དང་། རླབས་ཆེ་བའི་མི་རིགས་ཀྱི་དབུ་ཁྲིད་ཅིག མཁྱེན་དཔྱོད་གཉིས་ལྡན་གྱི་རྒྱལ་ཞེན་པ་ཡང་དག་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་ཡིན།

རྒྱ་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་གནད་དོན་ཐག་གཅོག་བྱ་འདོད་ཡོད་ཚུལ་ལོ་མང་རིང་བསྐྱར་བཟློས་ཡང་ཟློས་བྱས་ཀྱང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྐུ་སྒེར་གྱི་གདན་དོན་ཟེར་བ་ཞིག་རྒྱ་གཞུང་ལ་གསུང་མྱོང་མེད་པ་མ་ཟད། སྐུ་སྒེར་གྱི་གནད་དོན་ཟེར་བ་ཞིག་གླེང་དོན་མེད་པ་ཨ་ནན་བསྐྱར་ནན་གྱིས་གསུངས་པ་འདིས་ཀྱང་མི་རིགས་ལོ་རྒྱུས་ལ་ཁུར་བའི་འགན་འཁྲི་དང་། མ་འོངས་པའི་མི་རབས་ལ་བཞག་པའི་ཕུགས་འདུན་གྱི་རེ་བ་ཁོ་ནར་དགོངས་པ་མ་གཏོགས། མི་སྒེར་གྱི་མིང་གནས་དང་། རྒྱུ་དངོས། ཐོབ་ཐང་བཅས་ཀྱི་ཆེད་རྒྱལ་ཁབ་དང་མི་རིགས་བློས་བཏང་ཡོད་ན་དུས་རབས་གོང་མའི་ལོ་རབས་བརྒྱ་ཅུ་བའི་ནང་བོད་དུ་ལོག་ཕེབས་ཆོག་ཆོག་ཡོད་པ་རེད།

ཀླུ་མཁར་བྱམས་སྲིད་སྐྱོང་ལ་ཐོབ་རེ་གཏན་ནས་མེད་ནའང་སྲིད་སྐྱོང་འོས་མི་གང་ཞིག་ལ་བསམ་བཞིན་དུ་གནོད་སྐྱེལ་བ་དང་། ཁོ་རང་དང་ཚོགས་སྡེ་རེ་འགའི་བར་སྔར་ནས་བཟུང་འཁོན་འཛིན་ཡོད་པར་འཁོན་ལན་སློག་ཐབས་ཙམ་དང་། ཁྱི་སྤྱང་འདྲོག་ཏུ་བཅུག་ནས། ལུང་པ་འུར་གྱིས་བཀང་། ཟེར་བའི་དཔེ་ལྟར་གཏམ་ཡན་བཟོ་ཐབས་ཙམ་ལ་དམིགས་ནས། མགོ་༸གོང་ས་མཆོག་ནས་བཟུང་སྤྱི་ཚོགས་ལ་འགན་ཁུར་ཐུབ་མཁན་དང་། སྤྱི་ཚོགས་ཀྱི་སེམས་ལ་བག་ཆགས་ཡག་པོ་འཇོག་ཐུབ་མཁན། སྤྱི་ཚོགས་གཅིག་སྒྲིལ་བཟོ་ཐུབ་མཁན་གྱི་མི་སྣ་གལ་ཆེན་ཚོ་ལ་སྣང་ཆུང་ཁྱད་གསོད་དང་། སྲིད་སྐྱོང་གི་ཁྲི་འཕང་ལག་ཆར་སྤྱད་ནས། ཚོགས་སྡེ་ཕན་ཚུན་དང་། ལངས་ཕྱོགས་འདྲ་མིན། ཆོལ་ཁ་ཕན་ཚུན་སོགས་ལ་དབྱེན་དཀྲུགས་དང་། འགལ་སློང་། དཀྲོགས་རྐྱེན་བཟོ་ཅི་ཐབས་བྱས་དང་བྱེད་བཞིན་པ་འདི་ལ། སྲིད་དོན་གཏན་ཚིགས་རིགས་པའི་ཁྱབ་ཁོངས་ནས་བཤད་ན་རྒྱ་གཞུང་གསང་ཉུལ་བའི་ལས་དོན་ཇི་བཞིན་དུ་སྒྲུབ་བཞིན་ཡོད་པས་ངོ་བོ་དང་། རྣམ་པ། བྱ་སྤྱོད། མཇུག་འབྲས་གང་ལ་དཔགས་ན་ཡང་རྒྱལ་འཚོང་བའི་ཕྱོགས་སུ་གཏོགས་ཡོད་པ་མ་ཟད། དམངས་གཙོ་དང་རྩ་དོན། བདེན་དོན། མི་རིགས་དང་རྒྱལ་ཁབ་ཅེས་པ་སོགས་འགུགས་ཤུགས་ཆེ་བའི་གཏམ་སྤྱོད་ཁོ་ན་བེད་སྤྱོད་བྱེད་བཞིན་ཡོད་པས། དོན་དངོས་ཀྱི་རྒྱལ་འཚོང་བ་ཚོ་ལས་ཀྱང་བསླུ་བྲིད་ཀྱི་ནུས་པ་ཆེས་ཆེར་ལྡན་པས། ངེས་པ་དོན་གྱི་རྒྱལ་འཚོང་བ་རྣམ་དག་ཅིག་དང་། རྒྱལ་འཚོང་བ་ཕུལ་དུ་ཕྱིན་པ་ཞིག་ཆགས་ཡོད།

རྒྱུ་མཚན་མང་པོ་མི་དགོས་པར། ད་ལྟའི་རྒྱ་ནག་དམར་ཕྱོགས་གཞུང་དང་ཀླུ་བྱམས་ཀྱི་ཁ་གཏོད་ས་དང་། དགག་པ་རྒྱག་ས། དགག་པ་རྒྱགས་སྟངས། ཐ་ན་དགག་པ་རྒྱག་བྱེད་ཀྱི་ཚིག་སྦྱོར་དང་བཅས་པ་མགྲིན་གཅིག་དབྱངས་གཅིག་ཡིན་པ་འདིས་ཀྱང་གསལ་བཤད་མཐིལ་ཕྱིན་པ་ཞིག་བྱས་ཡོད་དོ། །

༢༠༡༥། ༩། ༢༦ ཉིན།

བསམ་ཚུལ།

Post navigation

Previous Post: “ངའི་སྙིང་དབུས་ཀྱི་དྲིན་ཅན་སྐྱེད་མ་་ལགས།”
Next Post: རི་གྲོང་གི་རྨི་ལམ།

Comments (11) on “སུ་རྒྱལ་འཚོང་བ་ཡིན་ནམ།”

  1. རིན་ཆེན་རྡོ་རྗེ། says:
    2015-09-26 at 12:27 pm

    ཀླུ་མཁར་བྱམས་ཀྱི་སྐྱག་ཁ་ལ་ཉན་རིན་ཡོད་པ་མ་རེད། སང་གནང་བེད་སྤྱོད་ཚར་རྗེས་དཔའ་བོ་རེད་ཟེར་མཁན་དག་གཅིག་རེ་གཉིས་རེ་བྱས་ཏེ་བརླག་འགྲོ་ངེས་རེད། དེ་དུས་སྔར་གྱི་མི་དེ་རང་འཇགས་རེད། དཔའ་བོ་དང་མཁས་པ་གང་ཡང་མ་རེད།

  2. གྲགས་བཟང says:
    2015-09-26 at 3:37 pm

    མངོན་པར་བསྟོད་དོ།།

  3. དཀོན་མཆོག་གསུམ། says:
    2015-09-26 at 3:49 pm

    གཏམ་དེ་འདྲ་གསུངས་ན་སེམས་པ་སྐྱིད་ཀི རྒྱ་མཚན་གནས་ལུགས་ཡོད་ཀི་ཡ། འ་རོ་ཁྱེད་ཚང་ཡིན་ན་ཆོས་སྲིད་ལ་མཁྱེན་རྒྱ་ཡང་ཤིང་བཀའ་དྲིན་བསམ་ཤེས་གནང་མཁན་ཡིན་པས་ང་ཁྱེད་ལ་དགའ་ཡོད།???

  4. བློ་གྲོས་རབ་བརྟན་ says:
    2015-09-27 at 12:12 am

    ཀླུ་མཁར་བྱམས་དོལ་ཚོགས་ལས་ཡག་པ་ཞིག་ལ་བརྩི་དགོས་པ་རེད་སྙམ། འོན་ཀྱང་གོང་ས་མཆོག་ལ་སྡུག་རུ་སྡུག་ཚད་ལབ་སྟངས་ལ་བལྟས་ན་ཁྱད་པར་ཞིག་མི་འདུག ད་དུང་སྲིད་སྐྱོང་ལ་ལངས་བ་ནི་ཕྱོགས་མང་པོ་ཞིག་ནས་ཁོའི་ལས་ཀ་དེ་ཇི་ལྟར་འགོ་བཙུགས་འདུག་བསམ་བློ་གཏོང་དགོས་པ་རེད། ཁོའི་ཕྱོགས་ལ་སུ་དང་གང་ཞིག་གིས་རོགས་འདེགས་བྱེད་བཞིན་པ་ལའང་བལྟ་དགོས་འདུག ཚོགས་པ་དང་དགོན་སྡེ་གང་ཞིག་གིས་ཁོ་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲད་ན། བཙན་བྱོལ་བོད་མི་ཚོ་གོང་ས་མཆོག་གི་དྲིན་ལས་གོང་བུ་གཅིག་ཏུ་སྒྲིལ་ཡོད་པ་དེ་མེད་པར་བཟོ་མཁན་ཞིག་ལ་གོ་སྐབས་སྤྲད་པ་རེད། དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་ཐེངས་འདིའི་ནོར་འཁྲུལ་ལ་ངོས་ལེན་དང་བཅས་གོང་ས་མཆོག་གཙོས་བོད་མི་ཚོར་དགོངས་དག་ངེས་པར་དུ་ཞུ་དགོས། ཧ་ཅང་འཚབ་ཆེན་གྱི་ནོར་འཁྲུལ་རེད།

  5. ལོ་ཡག says:
    2015-09-27 at 2:39 am

    ༄། ། ཀླུ་བྱམས་འདིས། རྒྱའི་བཙོན་དུ་ཚུད་ཅིང་དཀའ་སྡུག་མྱངས་མྱོང་བ་དང་། བཙན་བྱོལ་དུ་ཕེབས་ནས་ བཤད་ཕོད་པ་དང་། བསམ་ཕོད་པ། སྒྲུབ་ཕོད་པའི་ནུས་པའི་ཐོག་ནས། རྒྱ་གར་ནང་སྨོས་མེད་ཐོག་ཕྱི་རྒྱལ་ཁབ་འདྲ་མིན་དུ་ཕེབས་ཏེ། བོད་དོན་དྲིལ་བསྒྲགས་ལ་འབད་འབད་དུང་དུང་ཆུ་བོའི་རྒྱུན་བཞིན་གནང་པའི་ཆ་ནས། བོད་མི་ཚོས་རྗེས་སུ་ཡི་རང་བྱེད་འོས་པའི་ཆ་མང་པོ་འདུག་ཀྱང་། བོད་མིའི་གཏམ་དཔེར། བླུན་པོ་འཆུགས་ན་ཐོ་གང་དང་། མཁས་པ་འཆུགས་ན་འདོམ་གང་། ཟེར་བ་ལྟར། ༸གོང་ས་མཆོག་རྒྱལ་ཚོང་བ་རེད་ཟེར་ན། ནོར་བ་ལ་ནོར་ཚོད་ཅིག་འདུག་གམ།

    དེ་བས་ཆབ་སྲིད་ཀྱི་ལྟ་བ་ལང་ཕྱོགས་མི་མཐུན་པའི་ཆ་ནས། རྒྱལ་ཁབ་བློས་བཏང་སོང་ལབ་ན་ལྷ་སའི་སྐད་དུ་མ་སོང་ན་། ཨའུ་ཙམ་རེད་ཀྱང་། དེ་ཡང་དོན་གྱི་དབང་དུ་བྱས་ན་རྩ་ནས་མིན་སྟེ། གདན་ང་གང་ཡོད་པ་དེ་གའི་ཐོག་ལ་གོམ་པ་སྤོས་པ་རང་རེད། ལམ་ཁ་མེད་ས་ལ་མཆོངས་རྒྱག་བྱེད་པ་དེ་ཕལ་ཆེར་ཁ་ཆག་སྣ་རལ་གྱི་རྒྱུ་ཡིན་པ་ཁོ་བ་ཀླུ་ཡིས་རྩ་ནས་མཐོང་ཐུབ་གི་མི་འདུག འདི་ལ་བྲིས་ན་དཔེ་དེབ་ཅིག་ལོངས་སྲིད་པའི་རྒྱུ་མཚན་བྲི་རྒྱུ་འདུག

    ཁྱེད་གལ་ཏེ་དཔྱོད་ལྡན་ཞིག་ཡིན་ན། ༸གོང་ས་མཆོག་གི་བཀའ་དྲིན་ལ་ཐོབ་འོས་པའི་བསྔགས་པ་རེ་བྱོས་ལ། ལྟ་བའི་ཐད་ནས་རང་ལ་རྒྱུ་མཚན་སྟར་སྣང་འདྲ་བགྲང་རྒྱུ་ཡོད་ན་བགྲངས་ཏེ། གང་གི་དགོངས་གཞི་ལ་མོས་མཐུན་མེད་པའི་དྲིལ་བསྒྲགས་འདྲ་བསྐྱང་ན་ད་གཟོད་དོན་དང་མི་འཚམས་པ་ཆེར་མེད་ཀྱང་། དེ་ལྟར་མ་ཡིན་པར། ཕྱོགས་ཐམས་ཅད་ནས་ཁ་གཏད་ཁ་ལྟ་བུ་ཞིག་ལ་ལངས་ན། ཉི་མ་ལ་སྲིན་བུ་མེ་འཁྱེར་གྱིས་འགྲན་པའི་དཔེ་རང་རེད།

    ༸གོང་ས་རྒྱལ་ཚོང་བར་འགྲོ་མིན་ནི། དགེ་བའི་བཤེས་གཉེན་བློ་བཟང་དཔལ་ལྡན་མཆོག་གིས་གསལ་བར་བཀྲལ་འདུག་སྟེ། གསུང་པ་ལ་མངོན་པར་བསྟོད་དོ། །

  6. ཀརྨ་བློ་གསལ་ says:
    2015-09-27 at 3:12 am

    ངོ་དེབ་ནང་ལན་འདི་འདྲ་ཚ་བོ་ཞིག་འདུག

    “པཎ་ཆེན་བཅུ་པ་བལ་ཡུལ་ལ་ཕེབས་སྐབས་བཙན་བྱོལ་བོད་མི་མང་པོས་བལ་ཡུལ་ནས་པཎ་ཆེན་ལ་ཚོང་པ་རྒྱག་པ་ལབ་ནས་ངོ་རྒོལ་བྱས་པ་རེད་ཟེར། ཚོང་པ་ཟེར་དོན་ནི་པཎ་ཆེན་གྱིས་བོད་རྒྱ་ནག་འོག་སྡོད་རྒྱུ་ཡིན་པ་དང་རང་བཙན་མི་དགོས་པ་བཤད་པའི་རྒྱུ་མཚན་གྱིས་རེད་འདུག །དེ་འདྲ་ཡིན་ན་དེང་སྐབས་སྐུ་མདུན་ནས་ཀྱང་དེ་ག་རང་གསུང་བཞིན་ཡོད་པས། རྒྱལ་ཚོང་བ་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་རེད། ཡིན་ན་ཡང་ཁྱད་མཚར་ཞིག་ལ་སྔོན་མ་པཎ་ཆེན་ལ་རྒྱལ་འཚོང་བ་རེད་ལབ་མཁན་མང་པོ་ཞིག་གིས་དེང་སང་སྐུ་མདུན་ལ་སྤྲེལ་ལད་འཁྲབ་ནས་དབུ་མའི་ལམ་ཡག་རབས་དང་བཟང་རབས་བཤད་བཞིན་འདུག་པས་ངས་གོ་བརྡ་སྤྲད་ས་ཡང་མི་དེའི་རིགས་ལ་བཤད་བཞིན་ཡོད་པ་མ་གཏོགས། བཤད་ས་གཞན་སུ་ལ་ཡང་མིན་།”
    ____ཨ་ཚོགས་ཀླུ་མཁར་བྱམས་ནས།

  7. ཅོ་རི་ཉི་མ། says:
    2015-09-27 at 4:07 am

    སྤྱིའི་ཆ་ནས་བོད་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་མི་རེ་ཡར་ལངས་འོང་དུས་དད་པ་ལོག་སྤྱོད་པ་ཚོས་༧གོང་ས་ཏྭ་ལའི་བླ་མ་སྟ་གྲི་ཕྱར་ཕྱར་བྱས་ནས་མི་དེ་ལ་མར་མགོ་གནོན་བྱེད་ཀྱི་རེད། ༧གོང་ས་ཏྭ་ལའི་བླ་མ་ལ་ཁ་གཏོང་སོང་ཟེར་བ་དང་། བཀའ་དང་འགལ་སོང་ཟེར་བ། མཚན་སྨད་ཞུས་སོང་བ་ཟེར། ཟུར་ཟ་བྱས་སོང་བ་སོགས་ནི་དད་པ་ལོག་སྤྱོད་ཕྱོགས་ཁག་གི་ལག་ཆ་ཡོད་ན་མེད་ན་དེ་དག་རེད།

    ༡་་་་སྔོན་མར་ལི་ཐང་ཨ་ཐར་ནོར་བུ་སོགས་ལ་ཡང་༧གོང་ས་ཏྭ་ལའི་བླ་མ་སྟ་གྲི་ཕྱར་ཕྱར་བྱས་ནས་ཆུ་སྒང་དུམ་བུ་ཁ་བྲལ་བཟོས། ལི་ཐང་ཨ་ཐར་གདམ་གྱི་ཡིན་ནམ་༧རྒྱལ་བ་རིན་ཆེན་གདམ་གྱི་ཡིན་ཟེར་ནས་དད་པ་ལོག་སྤྱོད་པ་ཚོས་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་བརྒྱབ། ཆུ་བཞི་སྒང་དྲུག་གི་ཁང་པའི་མཐའ་ནས་བསྐོར་དེ་རྡོ་རྡུང་བྱས།།

    ༢་་་་གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཏང་དུས་ཀྱང་དད་པ་ལོག་སྤྱོད་པ་ཚོས་གཞོན་ནུའི་ལས་བྱེད་པ་རྒྱལ་གཅེས་ལྷག་བསམ་ཅན་ཁག་གཅིག་གི་༧གོང་ས་ཏྭ་ལའི་བླ་མའི་ཐུགས་དཀྲུགས་ནས་ལོ་༡༡༣་བཞུགས་ཆ་ཡོད་ནས་ལོ་༥་མར་ཟག་ནས་༡༠༨་མ་གཏོགས་བཞུགས་མི་ཐུབ་པ་བཟོས་སོང་ཟེར་ནས་བཤད།

    ༣་་་་དེ་ནས་རྒྱལ་གཅེས་ལྷག་བསམ་ཅན་གྱི་བོད་མི་སྒེར་པ་མང་པོའི་ཐོག་ཏུ་༧གོང་ས་ཏྭ་ལའི་བླ་མ་སྟ་གྲི་ཕྱར་ཕྱར་བྱས་མྱངས་ཡོད། རྒྱལ་གཅེས་པ་ལྷ་བཟང་ཚེ་རི་དང་ཀརྨ་ཆོས་འཕེལ། འཇམ་ནོར་སོགས་གཙོ་བོར་གྱུར་པའི་བོད་མི་རྒྱལ་གཅེས་པ་དག་ལ་མགོ་གཉའ་གནོན་སྤྲད་མྱངས་ཡོད།

    ༤་་་་དེས་སང་དད་པ་ལོག་སྤྱོད་པ་ཚོས་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་ཀྱི་༧གོང་ས་ཏྭ་ལའི་བླ་མ་ལ་རྒྱལ་བཙོང་བ་ལབ་སོང་ཟེར་ནས་འོས་བསྡུའི་རྒྱལ་ཁ་མི་འཐོབ་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་རེད། ཀླུ་བྱམས་ཀྱི་གཏམ་བཤད་ལ་བཀག་འགོག་བྱེད་ཡོད་རེད།

    ༥་་་་མདོ་ན་བོད་རྒྱལ་ཁབ་དང་བོད་རང་བཙན་ལ་དགའ་བའི་མི་ཞིག་ཡར་ལངས་འོང་དུས་མར་མགོ་གནོན་གང་ཐུབ་བྱེད་བསྡད་པ་འདི་རྒྱལ་བཙོང་བའི་ལས་ཀ་མིན་ན་ཅི་རེད་དམ། འཛམ་གླིང་རྒྱལ་སྤྱིའི་ཚོགས་ནང་དུ་བོད་རང་བཙན་གྱི་འཐབ་རྩོད་ནུས་མེད་བཟོས་པ་འདི་རྒྱལ་བཙོང་བའི་ལས་ཀ་མིན་ན་ཅི་རེད་དམ། ཐ་ན་གསུམ་བཅུའི་དུས་དྲན་སྐབས་ཀྱང་བོད་རང་བཙན་གྱི་འབོད་སྒྲ་བསྒྲགས་ས་མེད་པ་ཞིག་བཟོས་པ་འདི་རྒྱལ་བཙོང་བའི་ལས་ཀ་མིན་ན་ཅི་རེད་དམ། བཙན་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པའི་མིང་ཚིག་ནག་བསུབ་བྱས་པ་འདི་རྒྱལ་བཙོང་བའི་ལས་ཀ་མིན་ན་ཅི་རེད་དམ།

  8. ཅོ་རི་ཉི་མ། says:
    2015-09-27 at 4:23 am

    ང་ཚོས་བརྩད་ན་བདེན་པའི་འཐབ་རྩོད་བྱེད། ང་ཚོས་བཤད་ན་བདེན་པ་ཡོད་པར་བཤད། ང་ཚོ་ཤི་ན་བདེན་པའི་ཆེད་དུ་ཤི ང་ཚོ་གསོན་ན་དྲང་བདེན་ཆེད་དུ་གསོན།

  9. ཁྱུང་སེ། says:
    2015-09-27 at 4:29 am

    བོད་རྒྱལ་ཁབ་བཙོང་བ་ཡིནའང་འདྲ། ཕར་ཕུལ་བ་ཡིནའང་འདྲ། གང་ལྟར་མགོ་ཁྲིད་འདི་ཡི་སྐབས་སུ་མེད་ཅིང་བརླག་པར་བྱས་འདུག

  10. དྲན་དཀར་དཔལ་ཡོན་ says:
    2015-09-27 at 7:24 am

    xxx རྒྱ་དམག་མ་སླེབས་གོང་ཏོག་ཙམ་བཙོང་ཡ་ཡོད་རེད། རྒྱ་དམག་སླེབས་རྗེས་ཡོད་ཚད་བཅོམ་འཕྲོག་གི་རང་བཞིན་ཡིན་ཙ་འཚོང་བགྱི་ཀེ་ལྷག་མེད། ༧རྒྱལ་བ་རིན་པོ་ཆེས་བཙོང་ཡོད་མེད་ཐེ་ཚོམ་ཙམ་ཟ་བ་ནི་ཆབ་སྲིད་མ་ཤེས་པའི་བླུན་རྨོངས་པའི་ཚིག་རེད། རྡ་ས་ནས་དོལ་ཚོགས་རྒྱ་ནག་ལ་བཙོང་བ་རེད་ཅེས་ལབ་ན་རྒྱུས་མེད་ཅིག་གིས་བདེན་པར་མཐོང་སྲིད། དོལ་ཚོགས་ཀྱི་ཧམ་པ་དེ་རྒྱ་ནག་ལས་ཏོག་ཙམ་ཆེ་བ་ཡོད་རེད། ཁོང་ཚོས་༧གོང་ས་མཆོག་མི་མང་གི་སྣ་ཐག་བྱས་ཏེ་རྙིང་མའི་དྲི་ཙམ་མེད་པ་བཟོ་དགོས་སྙམ་ཡོད། ༧གོང་ས་མཆོག་གིས་དོལ་ཚོགས་ལ་སྣ་ཐག་བཅད་ནས་དོལ་ཚོགས་ཀྱི་བཀལ་མ་མི་བྱེད་པའི་དམ་བཅའ་བཞག་པ་རེད། དོལ་ཚོགས་ཀྱིས་ཀྱང་རང་གི་སྣ་ཐག་དང་མཐུར་སྣེ་ཀྲུང་གོའི་གཞུང་ཚབ་ལ་ཕུལ་བ་རེད། ཞིབ་ཚགས་ཀྱིས་དཔྱད་ན་དོལ་ཚོགས་ཀྱང་དོལ་ཚོགས་རང་གི་ཧམ་ཆེན་དེ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་མ་གཏོགས་བསྐོངས་མི་ནུས་པའི་ཚོར་སྣང་སྐྱེན་པོ་བྱུང་ཙ་རེད།
    ང་ཚོ་སྐད་ཆའི་དཀྱུས་མར་བབ་ན། མ་རྩོམ་འདི་བོད་པར་བློ་དཀར་བས་བྲིས་ཡོད་ཙ། ཅོ་རིས་སྐད་ཤོར་བ་རེད། བདེན་པའི་འཐབ་རྩོད་བརྩད་ན་མིག་རྒྱང་རིང་བོས་རྩོད་དགོས་ཡོད། རང་དབང་ལུང་པར་རང་དབང་གི་ལངས་ཤོར་གཅིག་རྒྱལ་ས་ལྷ་ས་ལྟ་བུའི་བོད་ནང་དུ་ལོ་གཅིག་ཀྱང་འདུག་ནུས་ཀྱི་མེད། ག་རེས་ནུས་ཀྱི་མེད་ཟེར་ན་རང་དབང་གི་ཚད་ཧ་ཅང་དམའ་བས་རེད། འབོག་གཙོག་ཤོར་བའི་ཆུ་ནང་གི་ཉ་སྐྱོབས་ཆེད་ཆུ་ཡོངས་རྫོགས་པ་དང་། ཆུ་ཉུང་ཉུང་བརྗེ་སྤོར་བྱེད་པ་མང་བོ་རེད། ༧གོང་ས་མཆོག་གི་ཐུགས་རེ་གཅིག་ནི་རྒྱ་མི་ཚོས་འཐུང་བསྡད་པའི་ཆུ་དེ་ཙམ་ཞིག་བོད་པས་འཐུང་བགྱིད་བྱུང་ན་ཡང་འོ་ཙི་མིན་འགྲོ་དགོངས་ཀྱི་ཡོད་རེད། ཅོ་ཉིས་ཐལ་འཚུབ་བསླང་ཀྱི་འདུག ངས་ཀྱང་ཅོ་ཉི་ནང་ལྟར་སློང་ན་མི་འགྲིག

  11. ཁྱུང་སྲས། says:
    2015-09-27 at 9:37 am

    དེང་སྐབས་དྲ་ཐོག་ཏུ་འདྲ་མིན་སྣ་ཚོགས་ཤིག་བཤད་ཀྱིན་འདུག ཁ་ཕྱོགས་ཤིག་མི་འདུག་ལ་ནང་དོན་ནི་དེ་བས་ཀྱང་མི་འདུག མཚམས་རེར་དྲ་ཐོག་ཏུ་འཁྱམས་མྱུལ་ཙམ་བྱེད་དུས་སྙིང་ཁམས་མི་བདེ་བའི་ཚོར་བ་ཞིག་ངང་གིས་སྟེར་ཡོང་གི
    ཡོད་ཚད་དབྱེན་དཀྲུག་དང་ལྐོག་གཤོམ་གྱིས་སྦྲེལ་བའི་ངག་འཁྱལ་འབའ་ཞིག་རེད་འདུག འདི་ལྟའི་ནང་འཛིང་ཞིག་ཅི་ལྟར་བྱེད་དགོས་པ་རེད། དེ་ལྟར་བྱས་ན་སུ་ལ་ཕན་གི་རེད། ང་ཚོས་དོན་ངོ་མར་ཅི་ཞིག་རྩོད་ཀྱིན་ཡོད་པ་རེད།
    ནང་ཁ་མ་འཆམས་ན་ཕྱི་དོན་མི་འགྲུབ་པའི་བྱེད་སྟངས་འདི་བོད་མི་རིགས་ཀྱི་ནང་ཁུལ་བྲ་བོ་སུམ་གཤགས་བྱེད་པའི་ཐབས་ཇུས་ཤིག་ཏུ་ཅིས་མི་འདྲ།
    མདོ་སྨད་ཀྱི་ཕོ་གསར་ཞིག་རྐང་རྒྱག་སྤོ་ལོ་ལྟ་བུ་ཞིག་བཟོས་ནས་ཡར་རྒྱག་མར་རྒྱག་བྱེད་བཞིན་པ་ནི་མང་པོས་ཉུང་བུར་ཐུབ་ཚོད་བྱེད་སྟངས་ཤིག་ཡིན་པ་འདྲ། ཀླུ་མཁར་བྱམས་ཀྱིས་སྨྱོ་བཤད་གཟའ་བཤད་མང་པོ་ཞིག་བྱས་རབས་ཟེར། དེ་བས་ཀྱང་རྒྱལ་བ་རིན་པོ་ཆེ་རྒྱལ་འཚོང་བ་རེད་ཅེས་ཁོས་བཤད་སོང་ཟེར། དེ་བདེན་མི་སྲིད། དོན་ངོ་མས་ཁོས་དེ་ལྟར་བཤད་ཡོད་པ་ཡིན་ན། ཁོའི་དབང་རྩ་འཁྲུག་སོང་བ་ཡིན་རྒྱུ་རེད། མདོ་སྨད་པ་ཚོའི་ནང་ཁོ་ལ་ཤ་ཚ་མཁན་འདྲ་ཡོད་ན་གང་མགྱོགས་སྨན་ཁང་ལ་བསྟེན་གཏུག་བྱེད་དགོས།
    ངས་ངོ་མ་བཤད་ཀྱི་ཡོད། ནད་ཀྱིས་དབང་གིས་ཡིན་སྲིད་པ་རེད། དེ་ལྟར་མ་ཡིན་པར་ནམ་ལ་བསྒོམས་ཤིང་ཉིན་ལ་བསམ་ནས་བཤད་པའི་སྐད་ཆ་ཞིག་ཡིན་ན་མདོ་སྨད་ཚོའི་ནང་དུ་ལྟས་ངན་ཆེ་ཞིག་སྟོན་རྒྱུའི་འགོ་བཙུགས་ཚར་བ་རེད། ཚང་མས་གཟབ་གཟབ་བྱ་རོགས།
    ངས་འདིར་དངོས་མིང་བཀོད་མེད་མོད་འདི་ནི་ངའི་ཡོངས་གྲགས་ཀྱི་སྨྱུག་མིང་ཡིན། ཅུང་བདེ་བོ་ཞིག་མི་འདུག འདིར་ཁ་ཁྱ་གཡུག་ན་འགྲིགས་མིན་ཡང་གསལ་བོ་མ་ཤེས་པའི་ཡིན། གང་བཤད་པ་ལ་འགན་འཁུར་ནས་བཤད་ཀྱིན་ཡོད། ཁ་ཤག་འཐབ་འདོད་མེད། ཕྱོགས་གཉིས་ལ་གོ་བརྡ་ཞིག་སྤྲད་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme