Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་སུ་རིར་ཕྱིན་པའི་གཏམ་རྒྱུད།

Posted on 2015-09-142015-09-14 By ཁ་བརྡ 10 Comments on མ་སུ་རིར་ཕྱིན་པའི་གཏམ་རྒྱུད།

unnamed-4——ཆབ་མདོ་ངག་ཕུན།

 
༢༠༡༥/༥/༢༩ ལོའི་ཉིན་གུང་ཆུ་ཚོད་གཉིས་པ་དང་སྐར་མ་ཞེ་དགུ་ཐོག་ལ་ཕྲུ་གུ་གཉིས་ཉིན་བཅུའི་གུང་སེང་ལེན་པར་དྷ་ས་ནས་ལྡེ་ར་རྡུང་བར་སྤྱི་སྤྱོད་རླངས་འཁོར་ནང་ཡོང་རྩིས་ཀྱིས་དྷ་ཤོད་བར་དུ་རྐང་ཐང་ལ་ཕྱིན་པ་ཡིན་ཞིང་། རླངས་འཁོར་དཀྱུས་མའི་འཁོར་གླར་ཧིན་སྒོར་ལྔ་བརྒྱ་བཅུ་ཐམ་པ་རེད་འདུག་པ་ལྟར། དེའི་འཛིན་བྱང་ཉོས་ཏེ་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ཅིང་དུས་ཚོད་ཟིན་པ་འགྲོ་མགོ་བཙུགས་སོང་། དེ་ཉིན་ཚ་བ་ཧ་ཅང་ཆེ་ཞིང་མེ་ཕུང་གི་འགྲམ་ལ་བསྡད་པ་དང་ཀུན་ནས་མཚུངས། དགོང་མོར་རླངས་འཁོར་དེ་ཟ་ཁང་ཞིག་གི་སྒོ་འགྲམ་ལ་བཀག་པས་མི་རྣམས་བྲེལ་འཚུབ་ཀྱིས་བབས་ཏེ་ཆུ་གྲང་མོ་ཉོས་ཏེ་འཐུང་བཞིན་གནས་ལ། མི་རྣམས་ཀྱིས་ཆུ་གྲང་མོ་ག་ཚད་འཐུང་ཡང་ད་དུང་ཁ་སྐོམ་སོད་ཀྱི་མེད་པ་རྟོགས་ཐུབ། འགྲུལ་པ་རྣམས་ཀྱི་ངོ་གདོང་ནས་རྔུལ་ནག་འཕྱུར་རེ་གྱུར་ཏེ་ལག་པས་ཕྱེ་བཞིན་མཆིས། དེ་ནས་རླངས་འཁོར་འགྲོ་མགོ་བཙུགས་ཤིང་། ང་སྡོད་སའི་སྐུབ་སྟེགས་རླངས་འཁོར་གྱི་སྒེའུ་ཁུང་གི་འགྲམ་ལ་ཡིན་པས་རླུང་བུ་བསིལ་པོ་བརྒྱབ་ཀྱི་འདུག་པས་ལུས་ལ་བདེ་བའི་སྣང་བ་རེ་སྦྱིན་འོང་གི་འདུག །

དེ་ནས་རིམ་པས་རླངས་འཁོར་འགྲོ་མགོ་བཙུགས་ཤིང་ནམ་སྨད་ང་ནི་ཡུན་ཙམ་རིང་ལ་རླངས་འཁོར་ནང་གཉིད་ཁུག་སྟེ་གཉིད་སད་དུས་གཟུགས་པོ་གྲང་ལྷང་ངེར་གྱུར་འདུག་པས། ལམ་སེང་ཁུག་སྣོད་ཁ་ཕྱེས་ཏེ་སྟོད་གོས་ཚུར་བླངས་ཏེ་གྱོན། དེ་ནས་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་ལྡི་ར་རྡུང་གི་རླངས་འཁོར་འབབ་ཚུགས་ལ་སླེབས་ཤིང་དེར་འབབ་ཅིང་ནམ་མ་ལངས་བར་དུ་བསྡད། རླངས་འཁོར་འབབ་ཚུགས་ལ་འགྲུལ་པ་དུ་མ་ཞིག་གདན་མེད་པར་ས་ཐོག་ལ་ཉལ་འདུག་ལ། ང་ཡང་སྐུབ་སྟེགས་ཤིག་གི་སྟེང་ལ་ཉལ་མ་གཙུག་ཏུ་བསྡད་པའི་དུག་སྦྲང་ཧ་ཅང་མང་བའི་གཉིད་ཁུག་གི་མི་འདུག་ཅིང་། རྒྱ་གར་བ་དེ་ཚོ་ནི་རས་སྲབ་གཅིག་གིས་མགོ་ལུས་ཡོངས་རྫོགས་བཏུམ་ནས་གཉིད་ཁུག་གི་འདུག །ང་ཚོ་ནི་དེ་འདྲ་ཉལ་བའི་གོམས་གཤིས་མེད་དུས་གཉིད་ཁུག་གི་མི་འདུག ། དེ་ནས་ཆུ་ཚོད་བདུན་པ་ཟིན་རྗེས་འཁོར་ལོ་གསུམ་ཅན་ཞིག་གླས་ཏེ་མ་སུ་རིའི་རླངས་འཁོར་འབབ་ཚུགས་སུ་འོངས་ཞིང་། དེར་བོད་མིའི་འགའ་ཤས་ཤིག་འདུག་པས་ཁོ་ཚོས་ང་ཚོ་མཉམ་དུ་རླངས་འཁོར་ཆུང་བ་ཞིག་གླས་ཏེ་འགྲོ་ཟེར་བས། ངས་རེད་ལབ་སྟེ་འཁོར་གླ་སྒོར་དྲུག་བརྒྱ་ཐམ་པ་སྤྲད་རྒྱུ་བྱས་ཏེ་ང་ཚོ་མཉམ་དུ་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ཉེ་འགྲམ་བར་དུ་འགྲོ་རྒྱུས་ཏེ་འོངས་ཤིང་། དེར་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་ལས་བྱེད་སྤྱི་ཐབ་ཅེས་ཟ་ཁང་ཞིག་འདུག་པས། དེའི་ནང་ལ་ཕྱིན་ཏེ་ཞོགས་ཇ་བག་ལེབ་གཉིས་དང་། སྒོ་ང་གཅིག །བོད་ཇ་དཀར་ཡུལ་གང་འཐུང་སྟེ་སེམས་ལྷོད་ལྷོད་བྱས་ཏེ་བསྡད།

སྤྱིར་བཏང་སྤྱི་སྤྱོད་རླངས་འཁོར་ནང་ཡོང་ན་འཁོར་གླ་ལྔ་བཅུ་ང་ལྔ་ལས་སྤྲད་དགོས་ཀྱི་མ་རེད། ཡིན་ནའང་ལམ་ལ་ཞེ་དྲག་འགོར་གྱི་ཡོད་པ་རེད་ལ་ཚང་ཁ་ཡང་ཞེ་དྲག་ཡོད་པ་རེད། དེར་བརྟེན་དེ་ཉིན་ཕྲུ་གུ་དགུང་སེང་ལེན་ཏེ་ཤར་བརྒྱག་ཕྱིར་དྷ་སར་ཡོང་དགོས་བརྟེན་རླངས་འཁོར་ཆུང་བ་གླས་ཏེ་གང་མགྱོགས་མགྱོགས་ཡོང་ཁུལ་བྱས་ཀྱང་། དེ་ཉིན་སློབ་གྲྭ་དགུང་སེང་ལ་བཏང་གི་མི་འདུག་པའི་ངོ་ཤེས་པའི་ནང་ལ་ཕྱིན་ཏེ་དེ་ཉིན་དེར་བསྡད། སྤྱིར་བཏང་མ་སུ་རི་ནི་རྒྱ་གར་གྱི་ས་ཆ་ནང་ནས་ཁོར་ཡུག་གཙང་ཤོས་དང་། གནམ་གཤིས་བསིལ་བའི་ས་ཁུལ་ཞིག་ལ་ངོས་འཛིན་ཞིང་། དབྱར་དུས་རྒྱ་ཐང་ལ་ཚ་བ་ཆེ་སྐབས་མི་རྣམས་གནས་དེར་སྤྲོ་གསེང་ལ་ཡོང་སའི་ས་ཁུལ་གཅིག་ཀྱང་རེད་ལ། རླངས་འཁོར་འགྲོ་སའི་གཞུང་ལམ་ཧ་ཅང་ལེགས་ཤིང་། དབྱར་དུས་རླངས་འཁོར་འགྲོ་འོང་མང་བའི་སྐབས་རེ་རླངས་འཁོར་ཆུ་ཚོད་གཉིས་ལྷག་ཙམ་འགོར་གྱི་འདུག་ཅིང་། འགྲུལ་པ་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་ཀྱི་ཡོད་པར་མངོན།

unnamed-3མ་སུ་རིའི་བོད་ཁྱིམ་སློབ་གྲྭ་དེ་ནི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་དྲག་པོའི་བཙན་འོག་ལ་ཤོར་ཏེ་༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ཀྱི་ས་ཁུལ་ག་བར་བཞུགས་ཀྱང་ཉེན་ཁ་ཆེ་བར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ལ་ཡོང་ཆོག་པའི་བང་ཆེན་བཏང་སྟེ་རྒྱ་གར་གཞུང་གིས་༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ན་འགྲིག་པའི་བཀའ་འཁྲོལ་གནང་དོན་ལྟར་༸རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་ལ་ཕེབས་དགོས་བྱུང་ཞིང་། དང་ཐོག་༸རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་སྤྱི་ལོ་༡༩༥༩ ལོར་ཟླ་བཞི་པའི་ནང་མ་སུ་རིར་ཞབས་སོར་བདེ་བར་འཁོད་གྲུབ་མཚམས་བོད་མི་རིགས་ཀྱི་མ་འོངས་འཐབ་རྩོད་གནང་ཕྱོགས་ཐད་ལ་རིམ་གྱིས་བསམ་ཞིག་དང་ཆགས་གཞི་གཏན་འབེབས་མཛད་པའི་ཁྲོད་ཨང་དང་པོ་དེ་ནི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་ཡིན་པ་དགོངས་བཞེས་ཀྱིས་མ་འོངས་པ་རང་རེའི་སོན་རྩ་རྣམས་ལ་གནའ་དེང་ཡ་མ་བྲལ་བའི་ཤེས་ཡོན་སྤྲོད་དེ་གང་འགང་ཆེར་ཤོས་ལ་གཟིགས་ཏེ་མ་སུ་རིའི་སློབ་གྲྭ་དེ་ཐོག་མར་གསར་འཛུགས་མཛད་ཅིང་། དེ་ཡང་ཕྱི་ལོ་༡༩༦༠/༣/༣ཉིན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་དང་འབྲེལ་ཀིལ་དཱ་རི་ཞེས་པའི་ཁང་རྙིང་ཞིག་ཏུ་བཙན་འབྱོར་བོད་མིའི་སློབ་གྲྭ་ཐོག་མར་བཙུགས།

དེའི་སྐབས་སློབ་ཕྲུག་དར་མ་(༥༠)དང་། དགེ་རྒན་(༨)ཡོད་སྐད། དེ་ནས་ཕྱི་ལོ་༡༩༦༡/༤/༥ ནང་༸རྒྱབ་བ་རིན་པོ་ཆེ་ལྡི་ལིར་ཆིབས་སྒྱུར་གནང་སྟེ་རྒྱ་གར་དབུས་གཞུང་གི་སྲིད་བློན་ནེ་རུ་མཆོག་ལ་བོད་མིའི་སྐྱབས་བཅོལ་བའི་བུ་ཕྲུག་རྣམས་ལ་སློབ་སྦྱོང་གི་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུས་ཏེ་སྲིད་བློན་ནེ་རུ་ཞལ་བཞེས་བྱུང་སྟེ་བོད་སློབ་འཛིན་ཚོགས་གསར་འཛུགས་བྱུང་བ་རེད། སྐབས་དེར་ཤེས་རིག་བཀའ་བློན་ཀུན་བདེ་གླིང་ཡང་མཉམ་འཁྲིད་མཛད་ཡོད་སྐད།
དེ་བཞིན་བོད་ནས་གསར་དུ་བྲོས་འབྱོར་ཡོང་མཁན་ཞག་ཤས་ནས་ཟླ་ཤས་དང་ཟླ་ཤས་ནས་ལོ་རེ་ཇེ་མང་གྱུར་བར་བརྟེན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་མ་ཕྲ་རིང་རིན་ཆེན་སྒྲོལ་མ་དེ་ཉིད་དྷ་སར་ཆེད་འབོད་ཀྱིས་བོད་ཕྲུག་ཚོའི་ཆེད་འགན་བཞེས་དགོས་པའི་བཀའ་ཕེབས་དོན་ལྟར་ས་ཆར་གཟིགས་ཞིབ་ཆེད་སིམ་ལ་དང་། ཌལ་ཧོར། མ་སུ་རི་བཅས་སུ་ཕེབས་པའི་མ་སུ་རིའི་ས་ཆའི་འབབ་གང་ཅི་ཐད་ནས་ལེགས་ཤོས་མཐོང་སྟེ་དངོས་སུ་སློབ་གྲྭ་གསར་བརྒྱབ་བྱ་རྒྱུའི་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གཉིས་ལོར་མགོ་བཙུགས། དང་ཐོག་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་གྲོན་ཧིན་སྒོར་(687336)དྲུག་ཁྲི་བརྒྱད་སྟོང་བདུན་བརྒྱ་སུམ་ཅུ་སོ་དྲུག་གསོལ་སྩལ་གནང་བའི་སྐུ་དྲིན་དང་བྱིན་རླབས་ལས་ད་ལྟ་སློབ་གྲྭ་ཚད་ལྡན་དེ་བྱུང་བ་རེད།

སློབ་གྲྭ་དེར་དང་ཐོག་བོད་ཕྲུག་དོན་ལྔ་ནས་མགོ་བཙུགས་ཏེ་དེབ་སྐྱེལ་སྐབས་སློབ་ཕྲུག་ཉིས་བརྒྱ་ཡོད་སྐད། རིམ་པའི་སློབ་ཕྲུག་རྣམས་ལ་འཕྲོད་བསྟེན་གང་ཅི་ཐད་ཡག་པོ་ཡོང་ཆེད་ཁྱིམ་ཚང་དང་། དེ་བཞིན་དཔེ་མཛོད་ཁང་སོགས་གསར་འཛུགས་མཛད་དེ་བོད་མིའི་སྤྱི་ཚོགས་ཐོག་ལ་ཧ་ལས་པའི་ཕན་ཐོགས་རླབས་ཆེན་བྱུང་དང་འབྱུང་བཞིན་པའི་ནང་ནས་མིག་དཔེ་འོས་པའི་སློབ་གྲྭ་ཞིག་ཏུ་གྱུར་ཡོད་པ་དེ་ནི་དེ་ནང་ཕྱག་ལས་གནང་མཁན་བཀུར་འོས་དགེ་རྒན་རྣམས་པ་དང་། དེ་བཞིན་སློབ་གྲྭའི་ཕ་ཚབ་མ་ཚབ་རྣམས་པའི་ཉིན་མཚན་དུས་དྲུག་ལ་སྐུ་ལས་སྐྱོན་པའི་འགྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན།
ལྷག་དོན་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་གཙོས་པའི་འབྲེལ་ཡོད་རྣམ་པའི་སྐུ་དྲིན་ལས་བྱུང་བ་ཡིན་པ་ལས་རང་བཞིན་གྱི་གནམ་ནས་འབབ་པ་མིན་ལ། ས་ནས་རང་བཞིན་སྐྱེས་པ་དེ་ལས་ཀྱང་མིན། དེ་དག་ནི་གོང་ཞུས་ལྟར་དགེ་ལས་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལས་བྱུང་བ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༧༡ནས་༢༠༠༨བར་མ་སུ་རིའི་བོད་ཁྱིམ་ནས་སློབ་ཕྲུག་ཐོན་པ་ཆིག་སྟོངབདུན་བརྒྱ་དོན་བཞི་བྱུང་ཡོད་སྐད། ད་ལྟ་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ཞབས་འདེབས་ཞུ་མཁན་གྲས་ལ་གྱུར་ནས་ཕན་ཐོགས་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད། དེ་ནི་ཆེས་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པས་རྗེས་སུ་རངས་མི་ཞུ་མཁན་སུ་ཞིག་ཡོད། དེ་བཞིན་མ་སུ་རིའི་གཏན་ཉིད་སློབ་གྲྭ་དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གཅིག་ལོར་ཕྱི་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་ཐོག་མ་དངོས་སུ་དབུ་འཛུགས་མཛད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མ་དེ་ཡིན་སྐད།

སློབ་གྲྭ་དེ་ཉིད་ཆགས་ཡུལ་ས་ཆ་ཧ་ཅང་ལེགས་ཤིང་། འཛིན་སྐྱོང་ནི་དབུས་བོད་མིའི་ཤེས་རིག་ལས་ཁུངས་ཀྱི་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་དེ་ཐོན་མཁན་རྣམས་དེང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་ཕྲ་ཆུང་གསུམ་གྱི་ནང་དུ་ལས་དོན་གནང་དང་གནང་བཞིན་ཡོད། ས་ཆ་དེ་ནི་ཁ་ཁུལ་སིམ་མེར་གནས་ཤིང་། བྲེལ་ཟིང་ཉུང་ཞིང་གནས་དབེན་པ་ནང་བཞིན་སློབ་སྦྱོང་བྱེད་སའི་གནས་ཤིག་ཏུ་མངོན། དེ་སྔོན་༸རྒྱལ་བ་རིན་པོ་ཆེ་བཞུགས་གནས་དྷ་སར་ས་ཆ་ག་འདྲ་ཡོད་མེད་ཀུན་བདེ་གླིང་ལྟ་བར་མངགས་སྐབས་ཀུན་བདེ་གླིང་ལྟ་བར་ཕྱིན་ནས་ཕྱིར་མ་སུ་རི་ལ་ཡོང་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་བཅར་ཏེ་”མ་སུ་རཱི་འོ་མ་ལས་དྷ་རམ་སའི་ཆུ་ཞིམ་པ་འདུག་”ཞུ་སྐད།

གང་ལྟར་ནའང་མ་སུ་རི་ནི་ས་ཆ་ཧ་ཅང་སྐྱིད་པོ་འདུག་ལ་དངོས་གནས་མ་འོངས་པ་གཏན་ཉིད་སློབ་གྲ་ཁག་ཚུར་རང་གཞུང་གི་རྩིས་ལེན་ཟིན་མཚམས་མ་སུ་རིའི་གཏན་ཉིད་སློབ་གྲྭ་དེ་ཉིད་རྒྱ་ཆེ་རུ་གཏང་སྟེ་སློབ་གྲྭ་ཚད་ལྡན་གསར་བསྐྲུན་གནང་ཐུབ་ཚེ་དགེ་མཚན་ཆེ་བར་མངོན། དེ་ཡང་སློབ་ཕྲུག་ལོ་རེ་ནས་ལོ་རེ་ཉུང་དུ་འགྲོ་གི་འདུག་ཅེས་གོང་འོག་ཚང་མས་སྐད་ངན་ཤོར་གྱི་ཡོད་པ་ལྟར། ད་ནི་འབྲེལ་ཡོད་ཚོས་དགོངས་པར་བཞེས་ཏེ་སློབ་གྲྭ་ཉུང་བ་ཡོད་ས་དེ་དག་ཕར་ཚུར་འདབ་འབྲེལ་གཏང་སྟེ་སྤུ་ཇེ་ལེགས་སུ་གཏོང་དགོས་མཐོང་བ་ལས་གོ་མེད་འཚོ་མེད་དུ་བཞུགས་ཚེ་མ་འོངས་པ་ང་ཚོའི་མི་རིགས་འདིར་ཤེས་ཡོན་ཐོགས་ལ་གྱོང་གུད་ཆེན་པོ་མི་ཕོགས་པའི་ངེས་པར་མེད། དེར་བརྟེན་ད་ལྟ་ནས་བསམ་ཞིག་མ་འཁྱུག་པ་གནང་དགོས་རྒྱུ་དེ་གལ་ཆེ་རང་བཞིན་མངོན། ལྷག་དོན་མ་སུ་རིའི་གཏན་ཉིད་སློབ་གྭྲ་ཆགས་སའི་ས་ཆ་དེ་ནི་ས་ཁུལ་གཙང་ཞིང་སློབ་གྲྭ་རྒྱ་ཆེན་པོ་ཆགས་སའི་ས་ཆ་ཧ་ཅང་ཡག་པོ་ཞིག་རེད་འདུག་ན། མ་འོངས་པ་སློབ་གྲྭ་དེ་ཉིད་ཚད་ལྡན་ཞིག་བསྐྲུན་ཏེ་གནས་དེར་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་ལྟར་བོད་པའི་སློབ་གྲྭ་ཚད་ལྡན་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་དོ།

ཆབ་མདོ་ངག་ཕུན་གྱིས།2015/9/14 ཉིན་མོར་མཇུག་རྫོགས་པར་བྱས་ཏེ་ཕུལ།

སྣ་ཚོགས།

Post navigation

Previous Post: ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཡའི་སྤྱི་འཐུས་འོས་མི་རྣམས་ཀྱི་བགྲོ་གླེང་།
Next Post: ཀླུ་མཁར་བྱམས་ནི།

Comments (10) on “མ་སུ་རིར་ཕྱིན་པའི་གཏམ་རྒྱུད།”

  1. གསེར་ལྗོངས། says:
    2015-09-14 at 9:53 am

    ཆབ་མདོ་ངག་ཕུན་ལགས། དང་ཐོག་༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་གྲོན་ཧིན་སྒོར་དྲུག་ཁྲི་བརྒྱད་སྟོང་བདུན་བརྒྱ་སུམ་ཅུ་སོ་དྲུག་རེད་དམ། (༦༨༧༣༣༦)དྲུག་འབུམ་བརྒྱད་ཁྲི་བདུན་སྟོང་སུམ་བརྒྱ་སོ་དྲུག་གསོལ་རས་གནང་བ་རེད། གསལ་བྱེད་ཅིག་གནང་རོགས།

  2. ཆབ་མདོ་ངག་ཕུན། says:
    2015-09-14 at 10:19 am

    བཟོད་གསོལ་ཞུ་བ་དང་འབྲེལ། བོད་ཡིག་ནང་ཨང་གྲངས་ཀྱི་མིང་བྲིས་པ་དེར་ངོས་འཛིན་གནང་རོགས། གཞན་དེ་ཨང་གསུམ་པ་གཅིག་ལྷག་མོ་ཤོར་འདུག་བཟོད་གསོལ་ཡོང་བ་མཛོད།

  3. གསེར་ལྗོངས། says:
    2015-09-14 at 10:49 am

    ཆབ་མདོ་ངག་ཕུན་ལགས། མ་སུ་རིའི་ས་ཆ་དང་ཁོར་ཡུག་ཧ་ཅང་སྐྱིད་པོ་དང་། ས་ཆ་དེ་ནི་ཁ་ཁུ་སུ་མེར་གནས་ཤིང་། བྲེལ་ཟིང་ཉུང་ཞིང་གནས་དབེན་པ་གནང་བཞིན་སློབ་སྦྱོང་བྱེད་སའི་གནས་ཤིག་ཏུ་མངོན། མ་འོངས་པ་ན་སློབ་གྲྭ་དེ་ཉིད་རྒྱ་ཆེ་རུ་བཏང་སྟེ་སློབ་གྲྭ་ཚད་ལྡན་གསར་བསྐྲུན་གནང་ཐུབ་ཚེ་དགེ་མཚན་ཆེ་བར་མངོན་ཞེས་མ་སུ་རིའི་ཁོར་ཡུག་ལ་བསྟོད་པ་རྒྱག་ཞོར་དུ། དེ་སྔོན་༸ རྒྱལ་བ་རིན་པོ་ཆེ་བཞུགས་གནས་ངྷ་སར་ས་ཆ་གང་འདྲ་ཡོད་མེད་ཀུན་བདེ་གླིང་ལྟ་བར་མངགས་སྐབས་ཀུན་བདེ་གླིང་ལྟ་བར་ཕྱིན་ནས་ཕྱིར་མ་སུ་རི་ལ་ཡོང་ནས། ༸ རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་བཅར་ཏེ་(མ་སུ་རིའི་འོ་མ་ལས་ངྷ་རམ་ས་ལའི་ཆུ་ཞིམ་པོ་འདུག) ཞུ་སྐད་ཅེས་པ་འདི། ཁྱེད་རང་གིས་མ་སུ་རིའི་ས་ཆ་ཁོར་ཡུག་ལ་བསྟོད་པ་ཡིན་ནམ་ངྷ་རམ་ས་ལའི་ས་ཆ་ཁོར་ཡུག་ལ་བསྟོད་པ་རེད། སྐད་ཆ་འདི་ཁྱེད་རང་གི་བརྗོད་བྱ་དང་འབྲེལ་བ་མི་འདུག་སྙམ

  4. དམུ་ཐག་གི་བུ་རྒྱུད། says:
    2015-09-14 at 11:03 am

    དེང་སང་དྲྭ་ཐོག་རྩོམ་ཡིག་དག་གི་ནང་དུ་ཡིག་ནོར་ཇེ་མང་དུ་སྤུས་ཚད་ཇེ་ཞན་རེད། ད་ག་རེ་མ་འགྲིག་པ་རེད་དམ།

  5. ཆབ་མདོ་ངག་ཕུན། says:
    2015-09-14 at 11:25 am

    ངས་བལྟས་ན་མ་སུ་རིའི་ས་ཆ་སྐྱིད་པོ་ཞིག་མཐོང་ཞིང་། སྔོན་བཤད་སྲོལ་དེ་འདྲ་ཞིག་ཡོད་པ་རེད།

  6. རང་བྱུང་རིག་པའི་རྡོ་རྗེ says:
    2015-09-14 at 12:01 pm

    རྗེས་སུ་གོ་སྐབས་རེ་བྱུང་ན་ས་ཆ་འདིར་ལྟ་སྐོར་རུ་འགྲོ་དགོས་འདུག ས་ཆ་འདིར་བོད་པའི་གཞི་ཆགས་ཡོད་དམ། དགོན་པ་ཡོད་དམ། མཚམས་པ་བ་ཡོད་དམ། ཤེས་མཁན་ཡོད་ན་གསུང་རོགས་ཞུ། པར་ལ་བལྟས་ན་ཧ་ལམ་རྡ་ས་དང་འདྲ་བོ་ཡོད་ས་རེད། །

  7. ལྕགས་རྒྱ་འགྲམ་ནག says:
    2015-09-14 at 10:12 pm

    སྒྲུང་སྙན་པོ་བྱུང་། བཀའ་དྲིན་ཆེ།

  8. ཆབ་མདོ་ངག་ཕུན། says:
    2015-09-15 at 1:38 am

    ས་དེར་དགོན་པ་ཆུང་ཆུང་གཅིག་ལས་མེད་ལ། དེའི་ནང་དཀོན་་གཉེར་གྲྭ་པ་གཅིག་ལས་མ་མཇལ། བོད་མིའི་གཞིས་ཆགས་གཅིག་ཀྱང་མེད་ལ། བོད་མི་ཁ་ཐོར་འགའ་ཤས་མ་སུ་རིའི་ཁྲོམ་གྱི་གཡས་གཡོན་འགའ་ཤས་མཐོང་། དབྱར་དུས་རྒྱ་གར་བ་སྤྲོ་འཆམ་ལ་ཡོང་མཁན་མང་ཙམ་མཆིས། རྒྱ་གར་གཞུང་གིས་དམག་མིའི་དཔོན་པོ་དང་། མི་ཚང་འབྱོར་ལྡན་ཅན་གྱི་བུ་ཕྲུག་རྣམས་གནས་དེར་སློབ་གྲྭ་ནང་ཡོད་ཚོད།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-15 at 5:16 am

    བཀའ་ཟུར་ཀུན་བདེ་གླིང་གིས་མ་སུ་རི་ལས་རྡ་སར་སྐྱིད་པའི་སྒྲུབ་བྱེད་ལ་མ་སུ་རིའི་འོ་མ་ལས་རྡ་སར་ཆུའི་ཞིམ་པ་འདུག་ཟེར་པས་དེང་སང་རྡ་སའི་ཇ་མངར་མོ་ལ་འོ་མ་དམིགས་བསལ་མེད་པ་དེའི་རེད་འདུག་གམ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-09-15 at 5:47 am

    ༡༩༦༦ ལ་ང་ཝཱ་རཱ་ཎ་སཱི་ནས་དབྱར་ཀའི་ཚ་བའི་དགུང་བསངས་ལ་མ་སུ་རིར་འབྱོར། རྒྱ་ཐང་གི་ཚ་བ་ལས་ཡོལ་ཏེ། རི་སྟེང་མ་སུ་རིར་དགོངས་མོར་འགྲོ་སྐབས་ལྷ་ཡུལ་དུ་སླེབས་པ་ལྟ་བུའི་ཉམས་ཤིག་ཤར། ས་སྐྱ་སྐྱབས་མགོན་གོང་མ་རིན་པོ་ཆེ་སོགས་བོད་མི་མང་ཙམ་དེར་བཞུགས་པ་མཇལ། གོང་མ་རིན་པོ་ཆེའི་སློབ་མ་ཨ་མེ་རི་ཀ་པ་ངག་དབང་བསོད་ནམས་བསྟན་འཛིན་དང་ལྷན་དུ་ས་སྐྱ་ལེགས་བཤད་ཨིན་སྐད་དུ་བསྒྱུར་པའི་དུས་སྐབས་བྱུང་།
    ་
    ཆབ་མདོ་ངག་ཕུན་མཆོག་དེར་སླེབས་པའི་རང་གི་ཉམས་སྣང་བྲིས་པ་བཀླགས། བོད་རིག་གཞུང་སྐད་མི་བརླག་པའི་དོན་ལ་མིང་ཚིག་འགའཞིག་ལ་དཔྱད་ན། དགོངས་མོར་ལ་ དགོང་མོར་ཞེས་བྲིས་པ་དེ་བོད་ཀྱི་དག་ཡིག་ངག་སྒྲོན་སོགས་ལ་རྩིས་མེད་པར་བསྟན། དེ་ནས་རླངས་འཁོར་འགྲོ་མགོ་བཙུགས་ཤིང་། ཞེས་པར་རླངས་འཁོར་གཏོང་བ་པོས་གཙུགས་པ་ཡིན་ན། ཤིན་དུ་བདེན། དེ་མིན་ཡུལ་མེད་བྱ་ཚིག་ལ་ཚུགས་ཞེས་ཡོད་ཀྱང་དེ་ཡི་འདས་མ་འོངས་སོགས་ཇི་ལྟར་ཡིན་བདག་ལ་རྒྱུས་མེད།། སྐུབ་སྟེགས་ལ་བོད་མཁས་པས་བྲིས་པ་དང་། བོད་ལུང་སྐད་དག་པར་འདོན་པ་དག་ན། རྐུབ་སྟེགས་ཞེས་འབོད། བོད་ཇ་དཀར་ཡུལ་ཞེས་པར་སི་ཏུ་སུམ་རྟགས་འགྲེལ་ཆེན་སྤར་མ་དེབ་གཟུགས་ཤོག་གྲངས་༡༢༨ན། ”འགའ་ཞིག་ན་ཞབས་ཀྱུ་དང་ན་རོ་ཀློག་ཚུལ་གཅིག་ཏུ་བྱེད་པ་སོགས་ཀྱིས་མཚོན་མ་དག་པར་འདོན་པ་མང་ཞིང་།” འགའ་རེས་དཀར་ཡོལ་དང་། འགའ་རེས་དཀར་ཡུལ་ཞེས་པ་རྩོད་པའི་གཞིར་གྱུར་ཏོ།
    ་
    མ་སུ་རི་ལ་ཨིན་སྐད་ན་འདི་ལྟར་བྲིས་ཏེ།
    During the 1959 Tibetan, the Central Tibetan Administration of the 14th Dalai Lama was at first established in Mussoorie before being moved to its present location in Dharamsala, Himachal Pradesh. The first Tibetan school was established in Mussoorie in 1960. Tibetans settled mainly in Happy Valley in Mussoorie. Today, some 5,000 Tibetans live in Mussoorie.

    Now, Mussoorie suffers from overdevelopment of hotels and tourist lodges, given its relative proximity to Delhi, Ambala and Chandigarh, and has serious problems of garbage collection, water scarcity and parking shortages, especially during the summer tourist season. Landour, Jharipani and Barlowganj have fewer such problems.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme