Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་སྟེགས་བུའི་ས་ཁྲ།

Posted on 2015-08-112015-08-11 By ཁ་བརྡ་ 19 Comments on སྲིད་སྐྱོང་སྟེགས་བུའི་ས་ཁྲ།

ཨ་རིག་འགྱུར་མེད།

 
ངས་ཉེ་ལམ་ནས་ས་ཁྲ་ཞིག་རྙེད། ས་ཁྲ་དེར་ལྐོག་ཇུས་མཁན་པོ་ཡོད་མེད་ཇི་ལྟར་ཡང་། དེའི་ལམ་སྣེ་ད་ལྟ་ནས་མཐོང་ཐུབ། ས་ཁྲ་དེ་ནི་སྲིད་སྐྱོང་སྟེགས་བུའི་ས་ཁྲ་ཞིག་ཡིན་ལ། ད་ལྟའི་ཆར་མི་སུ་དང་གང་ཡིན་རུང་སྐབས་རྗེས་མའི་སྲིད་སྐྱོང་ལ་སུ་ཞིག་བསླེབས་ཐུབ་མིན་ལ་བློ་རྩེ་སྒྲིམ་བཞིན་པ་མ་གཏོགས། སྲིད་སྐྱོང་སྟེགས་བུར་ཇི་ལྟར་བསླེབས་ཐུབ་མིན་གྱི་ས་ཁྲ་བཟོ་ཐུབ་ཀྱི་མེད།
ཡིན་ནའང་། གློ་བུར་དུ་ཀླུ་མཁར་བྱམས་ཡར་ཡར་འདེད་མཁན་གྱིས་མི་སྐོར་ཞིག་བསླེབས་བྱུང་། ཀླུ་མཁར་བྱམས་ཀྱི་རིག་གནས་ཆུ་ཚད་དང་ལྟ་བ་ལངས་ཕྱོགས་ཅི་ཡིན། གལ་ཏེ་ཁོ་ལ་འོས་ཐོབ་བྱུང་ཚེ་ཁེ་གྱོང་ཅི་ཡོད་ལའང་མི་བསམ་པའི་མི་སྐོར་ཞིག་བསླེབས་བྱུང་། ཁོང་ཚོ་རང་བཙན་ཕྱོགས་ཁག་མིན་ལ། ད་ལྟའི་ཆར་ཁོང་ཚོ་མངོན་གསལ་དོད་པོ་ཡིན།

 
ཀླུ་མཁར་བྱམས་ཀྱི་ཁ་ལས་རྒུད་པའི་སྐབས་སུ་གྲག་འགུལ་མེད་ཅིང་། མི་རྐྱང་གི་འཚོ་བ་རོལ་སྐབས་ཀྱང་མཐོང་ཐོས་མེད། ཀླུ་མཁར་བྱམས་ཀྱི་ལྟོ་གོས་གནས་མལ་ལ་དཀའ་ཚེགས་ཆེ་བའི་སྐབས་སུའང་ཁོང་ཚོ་མཐོང་རྒྱུ་མེད། ཐ་ན་ཁ་རྡུང་དང་བདའ་འདེད་གཏོང་བཞིན་པའི་སྐབས་སུའང་ཁོང་ཚོ་མངོན་རྒྱུ་མ་བྱུང་། ཡིན་ནའང་། ད་ལྟ་ཁོང་ཚོས་ཀླུ་མཁར་བྱམས་ལ་ཆེ་མཐོང་དང་གདེང་འཇོག་བླ་མེད་ཅིག་བྱེད་ཀྱིན་ཡོད། དེ་ནི་ས་ཁྲའི་ལམ་ཐིག་གཅིག་ཀླུ་མཁར་བྱམས་ཡིན་པས་ཡིན། ཁོང་ཚོས་སྔ་ས་ནས་བློ་བཟང་སེངྒེའི་ཁ་གཏད་སུ་ཡིན་ཚོར་གྱིན་ཡོད་ཅིང་། དེའི་འོས་མི་དང་རྒྱབ་སྐྱོར་བའང་དགའ་རབས་ཚོད་དཔག་ཐུབ་ཀྱི་ཡོད།

 
དེར་བརྟེན་ཀླུ་མཁར་བྱམས་སྐབས་རྗེས་མའི་སྲིད་ཁྲིར་བསླེབས་སྲིད་པའི་རེ་བ་ཏིལ་འབྲུ་ཙམ་མེད་ཀྱང་། ས་ཁྲ་འདིའི་སྐྱོར་མ་ཡག་ཤོས་ནི་ཀླུ་མཁར་བྱམས་ཡིན། ཀླུ་མཁར་བྱམས་ཅི་ཙམ་གྱིས་ཡར་ཡར་འདེད་ཐུབ་ན་ས་ཁྲ་འདིའི་ལམ་ཐིག་དེ་ཙམ་གྱིས་ཇེ་དྲང་ཇེ་བརྟན་ལ་འགྲོ་ཐུབ་ཅིང་། དཀའ་ཚེགས་མེད་པར་སྲིད་སྐྱོང་སྟེགས་བུར་སྔར་བཞིན་བློ་བཟང་སེངྒེ་བསླེབས་ཐུབ་ཀྱི་ཡོད།

ལྷག་དོན། སྐབས་རྗེས་མའི་སྲིད་སྐྱོང་ལའང་ “བློ་བཟང་སེངྒེ་མ་གཏོགས་རྙེད་ཀྱི་མི་འདུག” དང་། བློ་བཟང་སེངྒེ་ནི་འོས་ཤོས་སུ་མཐོང་གིན་ཡོད།” “ངའི་འོས་མི་བློ་བཟང་སེངྒེ་གཏན་ཁེལ་བ་ཡིན།” ཟེར་མཁན་དག་གིས་ངེས་པར་དུ་འདས་ཟིན་པའི་ལོ་ངོ་བཞིར་སྡོམ་ཞིག་རྒྱག་དགོས་མོད། ངས་རྙེེད་པའི་ས་ཁྲའི་ལམ་ཟུར་ན་ཁོང་ཚོ་ཚང་མ་བཟུར་ནས་བསྡད་འདུག བོད་ཀྱི་ད་ལྟ་དང་མ་འོངས་པ། ༧གོང་ས་མཆོག་གི་དགུང་ལོའི་གནས་བབ་དང་ཆོལ་ཁ་གསུམ་གྱི་རྡོག་རྩ་ཆིག་སྒྲིལ་བཅས་པ་ཡང་ས་ཁྲ་འདིའི་རྩ་འཛིན་བྱེད་ཡུལ་དུ་གྱུར་མེད། འདི་དྲ་ཐོག་གི་ཁ་སང་དེ་རིང་གི་སྣང་བརྙན་གསོན་པོ་དག་རེད།

 
ང་ད་ལོར་ཡ་མཚན་ཆེས་ཆེར་བྱུང་བ་ནི། བློ་བཟང་སེངྒེ་ལགས་ཀྱིས་སྐབས་སྔོན་མའི་སྲིད་སྐྱོང་གི་རྩ་དོན་གསུམ་ལས་ “ཆིག་སྒྲིལ” ཞེས་མ་ཎི་བགྲང་བགྲང་བྱས་ཡོད་ཀྱང་། འདས་པའི་ལོ་ངོ་བཞིའི་རིང་འདིར་ཆིག་སྒྲིལ་སྐོར་ལ་གཏན་ནས་བཀའ་སློབ་ཙམ་ཡང་མ་ཕེབས་པ་འདི་ཡིན། ཆིག་སྒྲིལ་འདི་བཤད་ནས་ཡོང་རྒྱུ་ཞིག་མིན་པར་ལག་ལེན་དངོས་ཀྱི་སྟེང་ནས་ཡོང་རྒྱུ་ཞིག་ཡིན། མིའི་བཟང་སྤྱོད་ཀྱི་ངོས་ནས་བཤད་ན་བློ་བཟང་སེངྒེའི་རྒྱབ་སྐྱོར་བ་དག་ནི་ངེས་པར་དུ་ཁོང་གི་ཁས་ལེན་དང་དམ་བཅའ་ལ་མཐུན་འགྱུར་སྒྲུབ་མཁན་དུ་འགྱུར་དགོས་པ་མ་གཏོགས། གཏོར་བརླག་བྱེད་དུ་གྱུར་ན་ག་ལ་འགྲིག

 
ད་ལྟ་གྲོས་ཚོགས་ར་བ་ནས་མགོ་བརྩམས་ཏེ་ཆིག་སྒྲིལ་འཐོར་བཤིག་ཏུ་ཕྱིན་ཡོད་ཀྱང་། བློ་བཟང་སེངྒེ་ལགས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད་ཅིང་། གོ་སྐབས་དེར་བརྟེན་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་ཀྱི་ཞྭ་མོ་ནག་པོ་བསྐོན་བསྐོན་ལ་བཞག་ཡོད། ཞྭ་མོ་སྐོན་མཁན་དག་མིག་སྔར་སྤྱི་འཐུས་ཐུབ་བསྟན་ཡར་འཕེལ་དང་ཁོའི་རྗེས་འབྲངས་པ་དེ་ཚོ་ཡིན། དེས་ན་འདི་ཚོས་ཅིའི་ཕྱིར་སྤེན་པ་ཚེ་རིང་ཁྲིམས་ལ་སྦྱར་ནས་ “མི་གསོད་མཁན་” ཞིག་རྩ་མེད་དུ་མི་གཏོང་བ་ཡིན་ནམ་ཟེར་ན། དེ་ཡང་སླ་མོ་ཞིག་མིན། མི་གསོད་མཁན་ཞིག་ཁྲིམས་ལ་སྦྱོར་དགོས་ན་ཁྲིམས་ཀྱི་མདུན་ནས་སྟོན་རྒྱུའི་དཔང་རྟགས་ཤིག་དགོས་ལ། དེ་ནི་སྲང་ལམ་གྱི་སྐད་ཆ་ཙམ་དང་ངག་སྒྲོས་ཙམ་གྱིས་ཡོང་གི་མེད། འདི་ལྟར་བལྟས་ཡོང་ན། བློ་བཟང་སེངྒེ་ལགས་ཀྱིས་ཆིག་སྒྲིལ་ཡང་ཁ་གཡང་ཁྲོད་ཀྱི་ཆིག་སྒྲིལ་ཞིག་ལས་ལག་ལེན་སྟེང་དབབ་རྒྱུ་ཞིག་མིན་པ་གསལ་བོར་མཚོན།

 
གཞན་ཡང་སྐབས་སྔོན་མར་ “གཞོན་སྐྱེས་ཤེས་འཇོན་ཅན་ལ་གོ་སྐབས་སྤྲོད་དགོས་” ཞེས་བཤད་མཁན་དང་ལག་ལེན་དུ་བསྟར་མཁན་གཉིས་ཀ་བྱུང་ཞིང་། ཁོ་ཚོས་ད་དུང་ “ད་ལྟའི་ཆར་༧གོང་ས་མཆོག་ཞལ་བཞུགས་པས་ན། བློ་བཟང་སེངྒེ་འགྱེལ་ཡང་སྐྱོན་མེད།” ཟེར་མྱོང་། སྤྱིར་སྲིད་སྐྱོང་སྟེགས་བུ་ནི་གཞུང་དམངས་ཀྱི་ལས་དོན་རླབས་ཆེན་ཆེད་ཕྱག་ལས་གནང་ས་ཡིན་པ་ལས། མི་བུ་སྐྱེད་སྲིང་བྱེད་ས་མིན་མོད་ལོ་ལྔ་འདི་ལྟར་ཕྱིན་པ་རེད།

 
ད་ནི་ལོ་ངོ་བཞི་ཧྲིལ་བོ་འཁོར་བའི་རིང་གི་དམ་བཅའ་དང་ལག་ལེན་གཉིས། ལག་ལེན་དང་གྲུབ་འབྲས་བཅས་བསྡུར་རན་པའི་མི་ཚད། ཅུང་འཕྱི་དྲགས་པའི་ཚོད་དུ་འདུག་མོད། ས་ཁྲ་བཟོ་མཁན་ཚོས་ནན་ནན་ཏིག་ཏིག་གིས་ས་ཁྲ་སྤུས་ལེགས་ཤིག་ཨེ་འཁྱོངས་ལ་འབད་བཞིན་པ་མ་གཏོགས། དོན་འདིར་བསམ་བཞིན་དུ་བསམ་བློ་ཙམ་ཡང་གཏོང་གི་མེད།
དེ་ལྟར་ནའང་། སྔ་ཕྱི་ཞིག་མ་གཏོགས་བློ་བཟང་སེངྒེ་ལགས་ཀྱིས་ང་ཚོ་ལ་ཁས་བླངས་མྱོང་བའི་ “གསར་བཏོད་” དང་ “རང་མགོ་རང་ཐོན” ཆིག་སྒྲིལ” བཅས་ལ་སྡོམ་ཞིག་རྒྱག་འོས་ལ། བོད་ཕྱི་ནང་གི་ཉམས་ཞིབ་པ་སྐྱེད་སྲིང་གི་སྐད་ཆ་དང་གྲངས་འབོར་དག་ཀྱང་འཇའ་ལྟར་ཡལ་རུང་བ་ཞིག་ག་ལ་ཡིན་ཨང་།

 
སེ་ར་དགོན་དུ་སློབ་གཉེར་གནང་བཞིན་པའི་ངའི་གྲོགས་པོ་ཆོས་ལྡན་བོད་དུ་གཉེན་འཕྲད་ལ་ཕེབས་ཏེ། ཕྱིར་ལོག་ཁར་གཉེན་ཉེ་ཞིག་གིས་ “ཨ་ཁུ། ད་སྡོད་ལ་ཐོངས། བློ་བཟང་སེངྒེས་མི་རིང་བར་༧གོང་ས་མཆོག་བོད་ནང་དུ་གདན་འདྲེན་བྱ་རྒྱུའི་ཁས་ལེན་གནང་ཡོད་པས། ༧གོང་ས་མཆོག་ཕེབས་དང་ན་ཁྱོད་ཀྱང་འདུག་ས་ཡོད་ནི་རེད།” ཅེས་བཤད་སོང་ཟེར།
ད་ང་ཚོས་བོད་ནང་གི་བོད་མི་ཚོར་སྙིང་རྗེ་སྐྱེ་དགོས་སམ། “ལྐུགས་པ། ཆབ་སྲིད་པའི་སྐད་ཆར་ཉན་རྒྱུ་ཡོད་པ་མ་རེད་” ཟེར་དགོས་སམ།

ངས་ཉེ་ལམ་ “ཆབ་སྲིད་པའི་སྐད་ཆ་ནི་ཆབ་སྲིད་པ་ཁོ་རང་ཚོས་དགོས་མཁོའི་ཆེད་དུ་རེད།” ཅེས་བཤད་པ་ཡིན་ལ། གྲོས་ཚོགས་ར་བའི་ནང་གི་སྔ་ཕྱིའི་ལབ་གླེང་མང་དག་ཅིག་ཀྱང་། ཆབ་སྲིད་པ་ཚོའི་དགོས་དབང་གི་སྐད་ཆ་ཡིན་མོད། ད་ལྟ་ང་ཚོས་དེ་ལ་བདག་པོ་བརྒྱབ་ཟིན་པའི་མི་ཚད། དྲ་རྒྱ་ཁག་ཏུ་མངོན་གསལ་དོད་པོའི་ཐོག་ནས་ཆོལ་ཁ་དང་ལུང་ཚན་གྱིས་གཡུལ་བཤམས་ཡོང་གི་འདུག

 
དེ་ལྟར་རེད་དེ། ངས་ད་དུང་ཡིན་ནའང་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ད་ལྟའི་སྲིད་སྐྱོང་གི་གནས་བབ་འདི་དང་། ཁོང་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་འདིའི་སྒང་ནས་ངེས་པར་མང་ཚོགས་ལ་ “ཆིག་སྒྲིལ་” སྐོར་ནས་ལམ་སྟོན་གསལ་བོ་ཞིག་བཟོ་དགོས་པར་མ་ཟད། སྲིད་སྤྱིའི་འོས་བསྡུ་འདི་ཉིད་ཀྱང་ཆོལ་ཁ་ཆོས་བརྒྱུད་བར། མང་གཙོ་དང་རང་བཙན་བར། ལུང་ཚན་དང་ཚོགས་སྡེའི་བར་གྱི་ཁྱོད་ཕམ་ང་རྒྱལ་གྱི་གཡུལ་འགྱེལ་ཞིག་མིན་པར། མི་མང་གིས་ཡོ་འཁྱོག་དང་ཞེན་ཁོག་མེད་པར་དྲང་བོ་དྲང་བཞག་གིས་བདམས་པའི་སྲིད་སྐྱོང་ཞིག་ཡར་ཕེབས་ཏེ། སྤོབས་པ་དང་ལྡན་པའི་སྒོ་ནས་མང་ཚོགས་ལ་སྣེ་ཁྲིད་རྒྱུ་དེ་ཡིན་པ་གསལ་འདོན་གནང་འོས་པར་མཐོང་།

 
མདོར་དྲིལ་ན། ང་ཚོའི་ས་ཁྲ་ངོ་མ་དེ་འདི་ནས་ཕར་བརྩིས་པའི་ལོ་ངོ་ལྔ་དང་བཅུའི་རྗེས་སུ་༧གོང་ས་མཆོག་དགུང་ལོ་ཅི་ཙམ་ལ་འབུད་ཀྱི་ཡོད་པ་དང་། དེའི་བར་དུ་ང་ཚོ་ངེས་པ་དོན་ཐོག་ནས་རང་སྐྱ་ཐུབ་པ་ཞིག་ལངས་ཐུབ་མིན་དང་། ༧གོང་ས་མཆོག་གི་ལམ་སྟོན་ལྟར་ “ང་འཆི་ཁར་བློ་བདེ་བོ་ཡོང་བ་ཞིག་བྱོས་ཨ།” གསུངས་པ་འདིར་དོན་གནས་ཇི་ལྟར་ཡོང་ཐུབ་མིན་གྱི་ས་ཁྲ་ཞིག་ཏུ་འགྱུར་རྒྱུར་བསམ་དགོས་ཚོད་རེད་ཨང་།

ཨ་རིག་འགྱུར་མེད་ཀྱིས། ༢༠༡༥-༠༨-༡༠ ཉིན།

བསམ་ཚུལ།

Post navigation

Previous Post: སྟོང་ལོ་གཉིས་པའི་གནམ་ལོ་བཅུ་དྲུག་ལོའི་སྲིད་སྐྱོང་འཚོལ་བ།
Next Post: ཕ་མའི་ཚོགས་ཆེན་དུ་སྲིད་སྐྱོང་མཆོག་གིས་གསུང་བཤད་སྤེལ་བ།

Comments (19) on “སྲིད་སྐྱོང་སྟེགས་བུའི་ས་ཁྲ།”

  1. ཨ་རིག་འགྱུར་མེད། says:
    2015-08-11 at 12:16 am

    སྤྱི་འཐུས་བསྟན་པ་ཡར་འཕེལ། ཐུབ་བསྟན་ཡར་འཕེལ་བྲིས་པ་ནོར་ནས་འདུག དགོངས་དག

  2. ལྷ་སྡེ་གནམ་ལོ་ཡག says:
    2015-08-11 at 1:00 am

    དེང་སྐབས་རྩོམ་ཡིག་སྤེལ་མཁན་དང་མཆན་འདེབས་མཁན་ཁྲོད་གཟུགས་མེད་ལས་གཟུགས་ཅན་མཐོང་དཀོན་པས། སྐུ་ཞབས་ཨ་རིག་འགྱུར་མེད་ལགས་ཀྱིས་རང་མིང་བཀོད་ནས་རྩོམ་ཡིག་སྤེལ་བར་ཡི་རངས་ཡོད། ཡིན་ནའང་། ས་ཁྲ་དེ་ཡང་དག་ཅིག་མ་རེད།
    ད་ཐེངས་སྲིད་སྐྱོང་འོས་འདེམས་འདི་བཞིན་དབུ་མའི་ལམ་ཁྱོན་ཡོངས་ནས་འགག་ཟིན་པའི་སྐབས་ཤིག་ལ་འཁེལ་ཡོད་སྟབས། རང་བཙན་རྩོད་མཁན་ཞིག་འོས་ཞུགས་གནང་བ་ནི་གསོན་ལམ་འཚོལ་ཐབས་ཉག་གཅིག་ཡིན། དེ་བས། ཀླུ་མཁར་བྱམས་ལགས་སུ་འོས་ཤོག་ཇི་ལྟར་མང་ན་དེ་ལྟར་དུ་རྒྱ་གཞུང་ལ་གནོན་ཤུགས་སུ་གྱུར་ཡོད། གཅིག་བྱས་ན་འདི་ལྟར་བོད་རྒྱ་འབྲེལ་མོལ་གྱི་སྒོ་མོ་ཡང་བསྐྱར་འབྱེད་ཐུབ་སྲིད། འདི་གཅིག་ཡིན།

    མ་གཞི་སྲིད་སྐྱོང་བློ་བཟང་སེངྒེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་། སྐུ་ཞབས་བཀྲ་ཤིས་དབང་འདུས་གསུམ་ནི་དབུ་མའི་ལམ་གྱི་ཉི་ཟླ་སྐར་གསུམ་དུ་གྱུར་ཡོད་པས། སྔ་རྗེས་སུ་ཤར་བ་ལས་དུས་གཅིག་ཤར་དཀའ། ཁོང་ལྷན་རྒྱས་དོན་དངོས་སུ་དབུ་མའི་ལམ་སྲུང་འདུན་ཡོད་ན། གཉིས་ཕྱིར་འཐེན་དང་གཅིག་མདུན་ལ་ཐོན་དགོས། ཞིབ་ཕྲ་ཁོང་རྣམ་པ་གསུམ་ལ་ནང་མོལ་ཡོང་མིན་ལ་ཐུག་ཡོད། ཡང་ཅིག་བཤད་ན། སུ་ཞིག་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཡིན་མིན་བརྟག་ཐབས་ཡག་ཤོས་དེའང་ཆགས་ཡོད།

  3. བཙན་པོ། says:
    2015-08-11 at 3:41 am

    གནམ་ལོ་ཡག་གིས་ཨ་རིག་སྐད་ཆ་ཡག་པོ་ཞིག་གོ་མི་འདུག

  4. བསྟན་རྣམ། says:
    2015-08-11 at 5:02 am

    ཨ་རིག་འགྱུར་མེད་ཀྱིས་རྩོམ་ཡིག་ནང་དྲང་གཏམ་མང་པོ་ཞིག་འདུག་མོད། གནམ་ཡག་གི་སྐད་ཆ་དེར་ཡང་བདེན་པ་འདུག་སྙམ། གང་ལྟར་ཀླུ་མཁར་བྱམས་ཁོང་སྲིད་སྐྱོང་ལ་ལངས་བ་དེར་གང་ཡང་བཤད་རྒྱུ་མེད། དེ་ལྟར་ཡང་ཁོང་གི་རྒྱབ་གི་མི་དེ་ཚོ་ལ་དོགས་པ་ཆེན་པོ་འདུག དེའི་ནང་རང་བཙན་རྩོད་མཁན་ཡོད་ཀྱང་མི་འགའ་ཤས་ནི་མདོ་སྟོད་ཆོལ་ཁའི་མི་ངན་ཉུང་ཤས་ཤིག་དང་རྟག་པར་ཟམ་གདོང་རིན་པོ་ཆེ་དང་སྤེན་པ་ཚེ་རིང་གཉིས་ལ་ཞེ་ནས་སྡང་མཁན་ལས་རང་བཙན་རྩོད་མཁན་མ་རེད། ད་ཐེངས་ཀྱི་ཀླུ་མཁར་བྱམས་ཀྱི་རྒྱབ་རྩ་ནི་གཙོ་བོ་དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་ལ་ཞེ་ནས་སྡང་མཁན་གྱི་མདོ་སྟོད་ཡིན་ཟེར་མཁན་གྱི་མི་ངན་ཉུང་ཤས་སྐོར་ཞིག་རེད་ལ། ལྷག་པར་དུ་བང་ཆེན་གསར་ཁང་གི་གསེར་རྟ་ཚུལ་ཁྲིམས་གཙོས་བའི་མི་ངན་དེ་ཚོ་རེད། གཟབ་གཟབ་བྱས་ན་མ་གཏོགས་ཀླུ་མཁར་བྱམས་ལག་ཆ་བྱས་ཏེ་མདོ་སྨད་ནང་ཁུལ་དཀྲུགས་ཤིང་དང་སེར་ཁ་གས་རྒྱུར་ཉེན་ཁ་ཡོད། ད་བར་མདོ་སྟོད་ནང་ཁུལ་ལ་རྒྱུ་དང་དབང་ཆར་འཐབ་རྩོད་ཀྱིས་ཕྱོགས་ཁག་མང་པོར་ཆགས་ཡོད་པ་དང་དབུས་གཙང་དུ་མངའ་རིས་དང་དབུས་པ་གཙང་པ་སྟོད་པ་ཟེར་ནས་ཕྱོགས་ཁག་མང་། རྡོག་རྩ་གཅིག་སྒྲིལ་ཡིན་མཁན་ནི་མདོ་སྨད་ཆོལ་ཁ་ལས་མེད་པ་རེད། ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་དགོས་ན་དང་པོ་ཆོལ་ཁ་གང་དེའི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དགོས། དེ་ནས་ཆོལ་ཁ་གསུམ་བར་དུ་ཆིག་སྒྲིལ་ཡོང་ཐུབ་ཀྱི་ཡོད། དེ་མ་གཏོགས་ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་ནི་སྙིང་པོ་གང་ཡང་མེད། ད་བར་མདོ་སྨད་ཆོལ་ཁ་ལ་གཅིག་སྒྲིལ་ཡག་པོ་ཡོད། མདོ་སྟོད་ཡིན་ཟེར་མཁན་མི་ངན་ཉུང་ཤས་ཀྱིས་ཀླུ་མཁར་བྱམས་ལག་ཆ་བྱས་ཏེ་མདོ་སྨད་ཀྱི་ཆིག་སྒྲིལ་གྱི་ནུས་པ་གཏོར་རྒྱུར་དོགས་པ་བྱེད་དགོས།

  5. ཇུང་ཏོག་ says:
    2015-08-11 at 5:28 am

    མི་འདི་ཚོ་ཆབ་སྲིད་པ་ཤ་སྟག་རེད་འདུག་ལ་ཐོབ་གོ་སའི་
    བྱ་རྒོད་ནང་བཞིན་གཡས་སྐོར་གཡོན་སྐོར་རྒྱབ་ནས་རང་
    དོན་སྒྲུབ་མཁན་གཅིག་པ་རེད་།།།

  6. སྐལ་ཚེ། says:
    2015-08-11 at 6:14 am

    སྤ྄ེན་པ་ཚེ་རིང་ལ་དངོས་གནས་མི་བསད་པའི་ནག་ཉེས་མེད་ན་ཁོང་གིས་ནུས་པ་ཡོད་ཚོད་བཏོན་ནས། བསྟན་པ་ཡར་འཕེལ་ཁྲིམས་ཁང་ལ་བསྐྱེལ་དགོས་པ་ལས། དེ་མིན་སྤ྄ེན་པ་ཚེ་རིང་མཆོག་གིས་མི་སྨྲ་བརྟུལ་ཞུགས་སུ་འཛིན་ན་ཁོང་ལ་ནག་ཉེས་ཡོད་པའི་རྟགས་མཚན་རེད། ཨ་རིག་འགྱུར་མེད་ཁྱོད་ཀྱིས་ད་ལྟ་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡག་པོ་ཞིག་ཀྱང་བོད་དུ་གདན་ཞུ་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན་དེ་དག་བཀག་འགོག་བྱེད་མཁན་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པའི་གྲས་སུ་འགྲོ་བཞིན་པའི་རྒྱ་ནག་རེད། བློ་སེང་ཡང་དེའི་འགག་སྒོ་ལས་ཅི་ལ་གྲོལ་ལམ། ད་དུང་མ་འོངས་པར་སྲིད་སྐྱོང་སུ་ཡོང་ཀྱང་དེའི་རྗེས་ཟློས་བྱ་རྒྱུ་ཙམ་རེད་དོ།

  7. བཙན་པོ། says:
    2015-08-11 at 6:21 am

    ཀླུ་བྱམས་སྲིད་སྐྱོ་ལ་ལངས་པ་དེ་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་པར་ཆ་བཞག་ན་ཁོང་རང་བཙན་འཐབ་རྩོད་པ་ཞིག་རེད། དེ་བཞིན་ནམ་རྒྱུན་རང་བཙན་སྐྱག་པ་གཏོང་ཡན་ཆད་བཤད་རྒྱུར་དགའ་བའི་འཇམ་ནོར་དང་དོན་འགྲུབ་ལྷ་དར་བསྟན་རྡོར་འཇིགས་མེད་ཨོ་རྒྱན་ལ་སོགས་པས་སླེབས་ལ་ཉེ་བའི་སྲིད་སྐྱོང་འོས་བསྡུའི་སྐོར་ལ་སྐད་ཆ་གཅིག་ཀྱང་མི་ཕོད་པ་འདི་མདོར་ན་མི་འདིའི་རིགས་སྐབས་འཚོལ་རང་ལུགས་པ་ཞིག་ཡིན་པ་ལས་འགྲེལ་བཤད་གཞན་ཅི་གང་རྙེད་མ་བྱུང་། མདོར་ན་འདི་ཚོ་ལ་རང་བཙན་ལས་རང་ཉིད་ཀྱི་ངོ་གདོང་གལ་ཆེ། ཀླུ་བྱམས་ཁོ་རང་གིས་བཤད་པ་བཞིན་ཁོ་ལ་ཆབ་སྲིད་ཀྱི་གཤིས་ཀ་མེད་པ་འདིས་ནམ་རྒྱུན་ཁོ་མི་ཞིག་གི་ལག་པ་ཕྱི་ས་ཙམ་གྱི་གོ་ཐོབ་སྤྲོད་ཀྱི་ཡོད།

  8. བྱ་གཞུང་དཔལ་རྡོར། says:
    2015-08-11 at 6:24 am

    སྲིད་སྐྱོང་ལ་སུ་ལངས་ཡང་དེར་སྐྱོན་གང་ཡང་མེད་ལ། འདི་མང་གཙོའི་འགྲོ་སྟངས་ཤིག་དང་རང་བཞིན་ཞིག་རེད། ཡིན་ནའང་འོས་མི་ཚོའི་ལྟ་བ་ལངས་ཕྱོགས་དང་། སྲིད་སྐྱོང་ལ་བསྡད་ཚེ་ལས་འཆར་གང་དག་རྩོམ་རྒྱུ། ལས་ཐོག་སྲིད་སྐྱོང་གི་ཞན་ཆ་དང་རང་ཉིད་ཀྱི་བཟང་ཆ། འགྱུར་བ་ག་རེ་གཏོང་དགོས་མིན་དང་ཇི་ལྟར་གཏོང་དགོས་མིན་སོགས་ལ་དཔྱད་པ་བྱ་རྒྱུ་དེ་གཙོ་བོའི་ནང་འགངས་ཆེན་རེད། དེ་ལྟར་དྲ་ལམ་ན་ཆོལ་ཁ་དང་ལུང་ཚན་སོགས་མདོར་ན་འཁོར་ཚོགས་ལ་སོགས་པའི་ཕན་ཚུན་ཁ་རྩོད་རྒྱག་པ་དེར་སྙིང་པོ་གང་ཡང་མི་འདུག གལ་སྲིད་རང་ཉིད་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་གང་དུ་མོས་པ་ཡོད་ཚེ་དེར་རྒྱབ་སྐྱོར་བྱས་ཏེ་འོས་འཕེན་རྒྱུ་དེ་ཤིན་ཏུ་གལ་ཆེ། དེ་ལས་ཀྱང་འོས་མི་ཚོའི་ལྟ་བ་ལངས་ཕྱོགས་གཅིག་པུ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེའང་དེ་འདྲ་ལས་སླ་མོ་ཞིག་མ་རེད། འོས་མི་སུ་ཞིག་སྲིད་སྐྱོང་ལ་སླེབས་ཚེ་ལས་འཆར་ག་རེ་ཡོད་མེད་དང་། དེ་དག་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཇི་ཙམ་ཡོད་མིན། དཀའ་ངལ་གང་དག་འཕྲད་རྒྱུ་ཡིན་མིན། སྐྱོན་ཡོན་ཇི་ཙམ་ཡོད་མེད་སོགས་ལ་བགྲོ་གླེང་བྱ་རྒྱུ་གལ་ཆེ། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་བར་སླེབས་སྐབས་བཙན་བྱོལ་བོད་གཞུང་གི་སྔར་སྲོལ་དང་ལས་འཆར་སོགས་ལ་འགྱུར་བ་གཏོང་རྒྱུ་དང་གསར་དུ་རྩོམ་རྒྱུ་སོགས་ཀྱི་འཆར་ཟིན་སུམ་ཅུ་སོ་གྲངས་ཞིག་གི་རགས་ཟིན་འཁྱེར་མྱོང་ཡོད་རེད། དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། དོན་དངོས་ཐོག་ནས་སྲིད་སྐྱོང་ཞིག་ཡག་པོ་ཡོང་མིན་དེ་བཙན་བྱོལ་སྒྲིག་འཛུགས་དང་ཚོགས་སྤྱི་སོགས་ཀྱི་བྱེད་སྟངས་བྱེད་ལུགས་ལ་རྒྱུས་ལོན་གྱིས་འདི་འགྲིག་གི་མི་འདུག་འདི་བྱེད་དགོས་ལུགས་དང་། སྔར་མེད་གསར་བ་འདི་བྱེད་རྒྱུ་ཡིན་ཟེར་བའི་རགས་ཟིན་ཞིག་ངེས་པར་དགོས་བ་རེད། དེ་ལྟར་བྱུང་ན་དོན་དམ་པའི་བགྲོ་གླེང་གི་སྒོ་མོ་ཕྱེ་གི་རེད་ལ། མི་མང་གི་མཉམ་ཞུགས་ཀྱང་ཡོང་གི་རེད། འདི་མང་གཙོའི་འོས་འདེམས་ཡག་ཤོས་དེ་རེད། དེ་མིན་ཆོལ་ཁ་དང་། ལུང་ཚན། ཚོགས་འཁོར་སོགས་ཀྱི་ཅལ་ཅོལ་ལ་ཉན་རྒྱུ་མེད། ཆོལ་ཁ་གསུམ་ནང་དུ་མི་ངན་་ཉུང་ཤས་ཤིག་མ་གཏོགས་མང་ཆེ་བ་རང་གི་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏོང་མཁན་དང་སྤྱི་བར་ཤ་ཚ་མཁན་རེད། མི་ངན་ཡོད་ཐག་ཆོད་རེད། ཀླུ་མཁར་བྱམས་ཀྱི་རྒྱབ་ན་མི་ངན་ཡོད་ཐག་ཆོད་རེད་ལ། བློ་བཟང་སང་གེའི་རྒྱབ་ནའང་མི་ངན་ཡོད་པ་རེད། སྤེན་པ་ཚེ་རིང་གི་རྒྱབ་ནའང་ཡོད་པ་རེད། འདི་ཚོར་གཟབ་གཟབ་བྱེད་དགོས་ཀྱང་དེ་འདྲའི་ཛ་དྲག་ཅིག་ཡིན་བསམ་གི་མེད།

  9. ལུང་རྟོགས། says:
    2015-08-11 at 7:58 am

    སྤེན་པ་ཚེ་རིང་ལ་མི་གསོད་ལག་དམར་བ་རེད་ཟེར་བ་དེ་ཉེ་སྔོན་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་ལ་བཤད་པ་ནས་ད་ལྟའི་བར་དུ་དྲ་རྒྱའི་ནང་འགྲོ་བཞིན་པ་ཞིག་ལས་གསར་དུ་བཤད་ཡོང་བ་ཞིག་མ་རེད། འོན་ཀྱང་བློ་བཟང་སེང་གེ་ལ་སྲིད་སྐྱོང་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་འཇམ་དབྱངས་དཀར་པོ་ཟེར་བ་དེས་མོ་ར་མོ་ཧན་ཞེས་པའི་མགོ་སེར་མ་དེས་སྔོན་མ་ནས་བཤད་ཟིན་པའི་སྐད་ཆ་རྙིང་པ་ཞིག་བསྐྱར་སླང་གིས། སྲིད་སྐྱོང་ལ་ལྐོག་ཟའི་ཉེས་འཛུག་བྱེད་སྟངས་འདིས་སྟེང་ནས་སུའི་ཆོལ་ཁའི་ཞེན་ཁོག་ཁྱེར་གྱི་ཡོད་པ་གསལ་པོ་རེད། ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་མང་པོ་ཞིག་ནི་ངས་ལྟས་ན་རང་བཙན་རྩོད་མཁན་མ་རེད་ལ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དེ་བས་ཀྱང་མ་རེད། ཁོ་ཚོ་དུས་རྒྱུན་དུ་གོང་ས་མཆོག་དང་བོད་མའི་སྒྲིག་འཛུགས་ལ་མི་དགའ་སྡང་ཟུག་བྱེད་མཁན་དག་རེད། ཁོ་ཚོས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་དོན་ཡང་ཀླུ་བྱམས་ཀྱིས་ནམ་རྒྱུན་དུ་བོད་མའི་སྒྲིག་འཛུག་དང་གོང་ས་མཆོག་ལ་སྐྱོན་བརྗོད་མང་དག་ཅིག་བྱེད་ཀྱི་ཡོད་པས་རེད་ལ། ད་དུང་སྤྱི་ཚོགས་ནང་ལྟ་ལྟངས་ཡག་པོ་མེད་པའི་མི་ཞིག་ལ་རྒྱབ་སྐྱོར་བྱེད་ནས་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཐུག་པ་ཞིག་བཀོལ་བསམ་པ་དེ་རེད།

  10. ཀརྨ་བློ་གསལ་ says:
    2015-08-11 at 8:24 am

    ད་རེས་ཨ་མདོ་ལུང་རྟོགས་ཀྱིས་ཨ་ཚོགས་ཀྱི་མགོར་ཞ་མོ་ཆེན་པོ་ཞིག་གཡོགས་བསམ་འདུག ཡིན་ནའི། བཙན་བྱོལ་མང་ཚོགས་དེང་སྐབས་སྤྱང་པོ་ཆགས་ཡོད་རེད། འོས་ཤོག་གིས་ལན་བཏབ་ཡོང་གི་རེད།

  11. བོད་ཀྱི་བུ། says:
    2015-08-11 at 8:50 am

    མཇེ་དང་གཉའ་མའི་ཉམས་ཞིབ་པ་ཨ་རིག་འགྱུར་མེད་ཀྱི་ཆབ་སྲིད་རྩོམ་ཡིག་འདི་འདྲ་ཞིག་བྲིས་པར་དགའ་བསུ་ཞུ། དོན་དག་ནི་ཀླུ་མཁར་བྱམས་ལ་མ་འདོད་པ་དང་། བློ་སེང་ལ་རྒྱབ་སྐྱོར་མེད་པ་ལྟ་བུ་སྤེན་ཚེ་ལ་རེ་བ་ཞིག་ཡོད་མདོག་བསྟན་པ་དེ་རེད། ཆོལ་ཁའི་དཀྲུགས་རྐྱེན་བློ་སེང་ལ་མ་བཤད། ཆོལ་ཁའི་དཀྲུགས་རྐྱེན་བཟོ་མཁན་ཡོད་ན་མེད་ན་དེ་སྤེན་ཚེ་ཡིན་པ་ཤེས་ན་བཟང་། མ་གཞི་ནས་རྡ་སའི་གྲྭ་ལོག་ཁ་ཤས་ནི་འཇིག་རྟེན་གཞན་པ་ཞིག་ན་ཡོད་པ་ཤེས་ཡོད།

  12. རྒྱང་མིག says:
    2015-08-11 at 9:08 am

    ཨ་རིག་འགྱུར་མེད་ལགས་ཀྱིས་བསམ་བློ་གཏོང་གཞི་ཡོད་པ་ཞིག་བྲིས་འདུག ཁོང་གི་བསམ་ཚུལ་དེ་ནི་དྲང་གཏམ་ཡང་རེད། དགོས་མེད་ཀྱི་ཁ་ཕོག་སྣ་ཕོག་འགྲོ་བའི་ཚིག་ངན་གང་ཡོང་མི་སྤྱོད་པར་དོན་དག་ཅིག་གི་ཐོག་ནས་འདི་ལྟར་གླེང་ན་དེ་ནི་དོན་མཐུན་གྱི་བསམ་ཚུལ་རང་རེད།

    མཆན་གྲངས་༨ བྱ་གཞུང་དཔལ་རྡོར་ལགས་ཀྱི་དགོངས་ཚུལ་དེར་ཡང་མོས་མཐུན་ཆེན་པོ་ཡོད། དེ་ཡང་སྤྱི་བའི་ལས་དོན་ལ་སྙིང་ནས་ཤ་ཚ་སེམས་ཁུར་ཡོད་པའི་དན་རྟགས་ཤིག་རེད།

  13. གངས་ཅན་། says:
    2015-08-11 at 9:44 am

    ཨ་རིག་འགྱུར་མེད་འགྱུར་སོང་། སྤེན་ཚེ་ཕྱིར་དུ་འགྱུར་འདུག། ཨ་མདོའི
    ་དོན་དུ་འགྱུར་འདུག། བློ་སེང་རྡུང་ཕྱིར་ཐོན་སོང་། ཨ་རིག་འགྱུར་མེད་འགྱུར་སོང་། ཆགས་གཏམ་ཕྱོགས་ནས་འགྱུར་འདུག། ས྄ིད་དོན་ཕྱོགས་ལ་འགྱུར་འདུག། ཕྱོགས་ལྷུང་ཅན་ལ་ཐོན་སོང་།

  14. མཁྱེན་བརྩེ། says:
    2015-08-11 at 11:19 am

    ལྷ་སྡེ་གནམ་ལོ་ཡག་གིས་དངོས་དང་ཡོད་མཐུན་པ་ཞིག་བྲིས། ཆབ་སྲིད་བསམ་ཡག་པོ་ཡོད་མིའི་བུ་བཟང་ཞིག་མཐོང་སོང། ཁྱེད་ལ་མཚན་སྐད་རིགས་མང་པོ་མཁྱེན་མཁན་ཤེས་ཡོན་ཅན་ཞིག་ཡིན་པ་གསལ་པོ་རེད་འདུག། ཀླུ་མཁར་བྱམས་རྒྱབ་སྐྱོར་བྱེད་མཁན་མང་ཤོག་ནི་དུས་རྟག་ཏུ་སེམས་ཤུགས་ཡོད་མཁན་དང་ཤེས་ཡོན་ཅན་མང་པོ་ཡོད། འགའ་རེ་ཆོས་ལུགས་དང་ཆོལ་ཁ་ར་བཟི་འགའ་ཡོད་སྲིད་པ་རེད། ཆོ་ལུགས་དང་ཆོལ་ཁ་ར་བཟི་འདི་མཐོང་ཡོང་དུས་བློ་ཕམ་ཚོད་མེད་ཡོད་། ངས་བཤད་འདོད་པ་ནི་ཀླུ་མཁར་བྱངས་མིའི་དཔལ་དང་ལྡན་པ་ཞིག་ལ་ངོས་འཛིན་ཡོད།

  15. ཨ་རིག་འགྱུར་མེད། says:
    2015-08-11 at 11:36 am

    ཕྱི་ལ་གཅིག་ཕྱིན་ཏེ་ད་ལྟ་རང་ནང་དུ་འབྱོར་ཙམ་ཡིན། ངོ་དེབ་དང་ཁ་བརྡ་དྲ་བ། སྐད་འཕྲིན་དྲ་བ་སོགས་ལ་མིག་བཤེར་ཞིག་བྱས་པ་ཡིན། ངའི་རྩོམ་ཡིག་ལ་མཆན་ཡག་སྡུག་སྣ་ཚོགས་ཤིག་བཤད་ཀྱིན་འདུག ཚང་མར་བཀའ་དྲིན་ཆེ་ཞུ། ཀློག་མཁན་རེ་རེ་བཞིན་བསམ་ཚུལ་མི་འདྲ་བ་སྣ་ཚོགས་ཡོང་སྲིད་ཅིང་། བསམ་ཚུལ་བཤད་པའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད།
    ང་ལ་མཚོན་ན་མིག་གིས་གང་མཐོང་བ་དང་རྣ་བས་ཐོས་པ་གཙོ་བོར་བཟུང་སྟེ་བློ་གཟུ་བོར་གནས་ཏེ་སྐད་ཆ་བཤད་ཀྱིན་ཡོད། རེ་ཟུང་གིས་ཞེན་ཁོག་གི་སྐད་ཆ་རེད་ཟེར། རེ་ཟུང་གིས་སྤྱི་ཚོགས་དཀྲུག་གི་འདུག་ཟེར། ཡིན་ནའང་། ངས་སྤྱི་ཚོགས་དཀྲུག་གི་མེད་ལ་ཞེན་ཁོག་ཀྱང་བྱེད་ཀྱི་མེད། ཞེན་ཁོག་གིས་སྐད་ཆ་བཤད་མཁན་དང་མངོན་ལྐོག་ཅི་རིགས་ནས་ལས་ཀ་བྱེད་མཁན་ལ། གསལ་བོ་དག་པོ་བྱས་ཏེ་ “ཞེན་ཁོག་མ་བྱེད། ནང་དཀྲུག་མ་བྱེད། འུ་ཚོས་བོད་མི་རིགས་དང་རྒྱལ་ཁབ། བོད་ཀྱི་མ་འོངས་པའི་ཁེ་ཕན་ཨང་དང་པོར་འཇོག ང་ཚོ་ཚང་མས་རང་རང་གིས་བློས་བརྟག་སྟེ་རྣམ་དཔྱོད་དང་ཤེས་འཇོན་ལྡན་པའི་མི་ཚད་ལྡན་ཞིག་སྲིད་སྟེགས་ལ་འདེད། འདི་ལ་ས་ཁྲ་མ་བཟོ། གཡོ་སྒྱུ་མ་འཁྲབ། བྱེད་ཐབས་མ་སྤྱོད། དྲང་མོར་བྱ” ཞེས་སྐད་གསེང་མཐོན་པོས་བཤད་ཀྱིན་ཡོད།
    ལྷག་དོན་དུ་སྲིད་སྐྱོང་གི་རྩ་དོན་གསུམ་ལས་ “ཆིག་སྒྲིལ་” ཞེས་པ་འདིར་བོད་ཅིག་ཡིན་ན་བསམ་བློ་གཏོང་དགོས་ཚོད་རེད། དེ་ཡང་ཁ་ཙམ་མིན་པར་བསམ་པ་རྣམ་དག་གི་སྒོ་ནས་འབད་བརྩོན་བྱ་དགོས་ཀྱི་འདུག་ཟེར་གྱིན་འདུག ཡིན་ནའང་། བློ་གཟུ་བོའི་སྐད་ཆ་བཤད་དུས་ཞེན་ཁོག་ཏུ་མཐོང་གིན་པ་ནི། རང་སེམས་གཙང་མ་མིན་པ་དག་གི་སྐད་ཆ་ཡིན་པས་བདག་པོ་ནམ་ཡང་རྒྱག་གི་མིན།
    ཨ་རིག་འགྱུར་མེད་ཀྱིས།

  16. སྐལ་ཚེ། says:
    2015-08-11 at 12:17 pm

    ཡང་ཨ་རིག་ལ་གཅིག་ཞུ་འདོད་བྱུང་། ང་ཚོའི་བོད་པར་ཆིག་སྒྲིལ་མེད་པ་གསལ་པོ་རེད། དེ་དག་སེལ་བའི་ཐབས་ལམ་ཡག་ཤོས་གང་ཡིན་ནམ། ད་ལོ་སུམ་བཅུ་དུས་དྲན་སྐབས་སུ་ཨ་རིར་ཡོད་པའི་གཞོན་ནུ་ཁ་ཐོར་ཏེ་འཁྲུག་རྩོད་ཤོར། དེའི་རྒྱབ་དཔུང་ལ་སུ་ཡོད་དམ། གཞོན་ནུ་ཚོགས་པ་དང་། དབུ་མའི་ལམ་ཚང་གཉིས་འགྲན་རྩོད་མནོ་ངར་ཅན་དུ་གྱུར་བ། རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་ཚོགས་པ་གཉིས་ཁྱོད་ཤི་ང་གསོན་གྱི་དགྲ་རུ་གྱུར་བ་སོགས་ནི་སྲིད་སྐྱོང་གིས་ཆིག་སྒྲིལ་བཟོ་ཐུབ་རྒྱུ་ཞིག་གཏན་ནས་མ་རེད། ད་དུང་གྲོས་ཚོགས་སུ་སྤྱི་རྒྱུ་སྒེར་བདག་ཟེར་བའི་རྙོག་གཞི་དེ་ལ་སྲིད་སྐྱོང་གིས་ལག་པ་འཆང་མི་སྤོབས་པ་ཤེས་གསལ་རེད། དེ་དག་གི་རྒྱབ་དཔུང་ལ་གཟིགས་ཡོད་ངེས་རེད་སྙམ།

  17. བློ་གྲོས་རབ་བརྟན says:
    2015-08-11 at 12:31 pm

    ཀླུ་བྱམས་ལ་ལས་དོན་འདི་འདྲ་བྱེད་རྒྱུ་ཡིན་ཟེར་བ་གཅིག་ཀྱང་མི་འདུག ལྟ་གྲུབ་ཀྱི་ཟོལ་འདྲ་བོ་བཞི་ཤོད་ཀྱིན་འདུག འོས་མི་གཞན་ཚོས་དཔལ་འབྱོར་དང་ཤེས་ཡོན་སོགས་འདི་འདྲ་དངོས་སུ་ལས་དོན་བྱེད་རྒྱུ་ཡིན་ཟེར་ནས་ཡོང་གི་འདུག ཀླུ་བྱམས་ཀླད་གོར་རེད། ཤོད་རྒྱུ་གཅིག་ཡོད་པ་རང་བཙན་རེད། དེ་ནི་ཡིན་གཅིག་མིན་གཉིས་ཤོད་དགོས་པ་རེད། དེ་མ་བཤད་ན་རྒྱ་ནག་གཞུང་དང་ཀླུ་བྱམས་ལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཁ་གཏད་གཅོག་བྱེད་མེད་པ་རེད། མ་གཞི་ཀླུ་བྱམས་རང་བཙན་དང་རང་བཙན་ཤོད་ནི་སྐོར་ཞིག་གིས་མདུན་དུ་དེད་ཡོང་བ་རེད། ཡོང་སྟངས་དེ་ཡང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་དུ་དེད་ཡོང་སྟེ། བགྲོ་གླེང་མང་པོ་ཞིག་ལ་གོ་སྐབས་བླངས་ཏེ་རང་བཙན་པ་ཚོའི་བསམ་ཚུལ་དག་མང་ཁྲོད་དུ་བསྒྲག་རྒྱུ་ཙམ་ལས་ཀླུ་བྱམས་ལ་འོས་མི་འཐོབ་དང་ཐོབ་ནའང་མི་འཇོན་པ་དེ་ཡོངས་གྲགས་ལས་ཀྱང་ཡོངས་གྲགས་རེད།

  18. ཁྱུང་སེ། says:
    2015-08-11 at 1:10 pm

    རང་བཙན་བཤད་ན་རྒྱལ་བ་རིན་པོ་ཆེར་ཁ་གཏད་དང་ངོ་རྒོལ་རེད་ཟེར་ནས་བོད་མི་ནང་ཁུལ་དང་གཞོན་ལྷན་ལྷན་ཚོགས་ཁ་གཏོར་དགུ་གཏོར་དུ་དཀྲུགས་སོང། དེ་རྒྱ་མི་ལ་དགོས་པ་རེད་དམ་བོད་མིར་དགོས་པ་རེད།

  19. ཞོལ་གཡག་འབྲོང་རྒྱུད། says:
    2015-08-12 at 3:07 pm

    ཧ་ཧ། ཀླུ་བྱམས་ཀྱིས་སྲིད་དོན་སྐྱར་ཞིབས་ཀྱི་འཆར་སྒོ་དང་གཞུང་སྲིད་བར་གནས་ཀྱི་འཆར་སྒོ། བྲན་གཡོག་གཤིས་ཀ་ལ་ངོ་རྒོལ་དང་དད་པ་ལོག་སྤྱོད་ལ་ངོ་རྒོལ་བཅས་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་དེ་ལྟ་གྲུབ་གྱི་ཟོལ་འདྲ་པོ་འདུག་ཨེ། མ་གཞི་རེད་ཡ་ལྟ་གྲུབ་ཡག་པོ་ཞིག་མེད་པ་དང་འཆར་སྒོ་མེད་པའི་གཞུང་ཞིག་གིས་རྩ་དོན་འགྲུབ་ཏུ་མི་གཏུབ་པ་ནི་ཨ་ཅང་ཅང་། མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་ལོ་རྒྱུས་ལ་ཡང་ནག་ཐིག་འཇོག་བཞིན་པ་རེད། དེས་ན་སྲིད་དོན་སྐྱར་ཞིབས་བྱ་མི་ཆོག་པ་དང་གཞུང་སྲིད་བར་གནས་མི་ཐུབ་པ་དེས་བློ་སེང་གིས་རྩ་དོན་གསུམ་པོའི་ཡ་རྒྱལ་གསར་གཏོད་ཀྱི་ལམ་ཁ་མ་བརྙེད་པ་དེས་མཚོན་ཐུབ། དེ་དེ་བཞིན་བྲན་གཡོག་གཤིས་ཀ་དང་དད་པ་ལོག་སྤྱོད་པ་དེས་རང་ཁ་རང་གསོ་དང་ཆིག་སྒྲིལ་མི་འབྱུང་བ་འདིར་འཐུག་ཡོད་པ་རེད། དེ་དང་ཆབས་གཅིག་༧གོང་ས་མཆོག་དང་སྒྲིག་འཛུགས་ལ་ཁ་གཏད་དུ་ལངས་པ་རེད་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་མ་རེད་པས། འོ་ན་ཆབས་སྲིད་བགྲེས་ཡོལ་དང་དམངས་གཙོ་གསོལ་བསྩལ་གྱི་ཁ་བོ་ཆེ་གདངས་སྟངས་དེ་འགྲེལ་བཤད་ཇི་ལྟར་བརྒྱག་རྩིས་ཡོད། དེས་ན་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་དེས་བཙན་བྱོལ་གྱི་དམངས་གཙོའི་ལྗིད་ཚད་གཞལ་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme