Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་ལོག་ཅིག་ཚོལ་དང་བཟང་།

Posted on 2015-08-022015-08-02 By ཁ་བརྡ 16 Comments on གྲྭ་ལོག་ཅིག་ཚོལ་དང་བཟང་།

འབའ་སྲས།

 
དབེན་པར་མ་བསྟེན་ཆོས་ལ་མ་སྦྱངས་ཤིང་།།
གྲྭ་ཆས་མ་གོན་གྲྭ་ལོག་མ་བྱས་པ།།
གྲོང་ནས་སྐྱེས་ཤིང་གྲོང་ནས་རྒས་བཞིན་པའི།།
ཕོ་སྐྱེས་དག་གི་སེམས་ལ་མ་གནོད་དང་།།

འདི་ན་སྡོམ་ཤོར་གྲྭ་ལོག་བན་ལོག་ཚོ།།
གངས་ཅན་གཞོན་ནུ་མ་ཡི་བདག་པོ་རུ།།
ཚོལ་དང་སྐྱེས་པ་གཞན་དང་མི་འདྲ་བའི།།
བདེ་སྐྱིད་མཆོག་ཏུ་སྟེར་བའི་གཏམ་འགའ་མཆིས།།

ཆོས་ཀྱི་བདུད་རྩི་ངང་གིས་འཐུངས་བྱས་པས།།
སེམས་ལ་བྱམས་བརྩེའི་རོ་ཡི་མངར་འཁྱིལ་བ།།
ཉི་ཟེར་འོད་ཀྱི་གོས་བཟང་གྱོན་པ་ཡིས།།
ལུས་ཀྱི་ཀུན་སྤྱོད་ལེགས་པ་གྲྭ་ལོག་གོ །

དགོན་པར་ཡུན་རིང་བཞུགས་པས་བྱིན་རླབས་ཀྱིས།།
སེམས་ཀྱི་སྤྲིན་པར་དྲི་མས་མ་གོས་པ།།
ཀུན་དང་འགྲིག་མཐུན་སྦྲང་ཆར་ཕབ་བྱས་ཏེ།།
དྲང་བདེན་མྱུ་གུ་སྐྱེས་མཛད་གྲྭ་ལོག་གོ །

དགེ་བའི་བཤེས་ཀྱི་ཉི་མའི་འོད་སྣང་གིས།།
རྗེས་སུ་བཟུང་བའི་པད་དཀར་འདབ་བརྒྱ་བ།།
འདམ་ལས་སྐྱེས་ཀྱང་སྦྲང་རྩིའི་མངར་ལྡན་གྱིས།།
རང་ལས་གཞན་སྐྱོང་ཐུབ་པ་གྲྭ་ལོག་གོ །

དགོན་པར་ཆས་ཀྱང་འཁོར་བ་མ་བརྗེད་པ།།
གྲྭ་བ་བྱས་ཀྱང་བུད་མེད་རྩ་ཆེ་བ།།
ཆོས་ལ་སྦྱངས་ཀྱང་བརྩེ་དུང་དོན་ལྡན་དུ།།
དྲན་ཞིང་ཤེས་ནས་ལེན་པ་གྲྭ་ལོག་གོ །

ཆོས་ཀྱི་སྙིང་བོ་བྱམས་བརྩེ་དྲང་བདེན་དང་།།
རབ་ཏུ་བྱུང་བས་ཁྱིམ་ཚང་སྤངས་བྱེད་ཀྱང་།།
ཁྱིམ་ནས་སྐྱེས་པས་ཁྱིམ་ཚང་མ་བརྗེད་པ།།
ཁྲེལ་ཡོད་གཤིས་བཟང་འཛིན་པ་གྲྭ་ལོག་གོ །

སྦྱོང་བ་གང་ཞིག་ལག་ལེན་ཁྲོད་ནས་ཤེས།།
ལག་ལེན་དེ་ཡང་དོན་དང་མཐུན་མིན་ལྟ།།
ལག་ལེན་ལག་མཐིལ་ཚངས་པའི་ཐིག་རིས་ཅན།།
འཁྱོག་ལ་མི་འབྲི་མི་འཐེན་གྲྭ་ལོག་གོ །

བྲག་གི་རི་དང་འདྲ་བའི་གཏན་ཚིགས་བརྟན།།
ཆེ་བའི་རྒྱ་མཚོ་ལྟ་བུའི་ཁོག་རྒྱ་ཡངས།།
བློ་རྒྱ་ཁབ་མིག་ལས་ཆུང་མི་ལ་ལར།།
བསྡུར་ན་གནམ་སས་ཁྱད་ཆེ་གྲྭ་ལོག་གོ །

ལྟོས་དང་ལེགས་བཤད་བསྟན་བཅོས་རྩོམ་མཁན་དང་།།
སྲིད་ཀྱི་བྱ་བ་སྐྱོང་ལ་ཐབས་མཁས་པ།།
ཁྱིམ་ཚང་བདེ་བར་སྐྱོང་བའི་ཕ་བཟང་བོ།།
ལས་ཀྱི་བྱ་བའི་ཁྲོད་ན་གྲྭ་ལོག་མང་།།

ཀྱེ་ཀྱེ་གངས་ཅན་བོད་ཀྱི་གཞོན་ནུ་མ།།
རྒད་པོ་ཞིག་གི་དབང་དུ་གྱུར་མེད་ན།།
གྲྭ་ལོག་ཅིག་གི་ལག་པར་འཇུ་བྱོས་དང་།།
དེ་ཡི་ལག་མཐིལ་ཁྱོད་ཀྱི་བདེ་སྐྱིད་ཡིན།།

གྲྭ་ལོག་རྣམས་ཀྱིས་རང་གི་ཆུང་མར་གཅེས།།
ཐུན་གསུམ་ཟས་སྦྱོར་མངར་དང་བྲོ་བ་ལྡན།།
ཆང་དང་ཐ་མག་བག་མེད་སྤྱད་བྱས་ཏེ།།
བུད་མེད་གཞན་ལ་བསྟེན་པའི་ལུགས་མི་འཛིན།།

ཇ་ཁང་ཆང་ཁང་ཉུལ་ནས་ཤོ་མི་བརྒྱག །
བུ་ལོན་གཏའ་མ་བཞག་ནས་ཁྱིམ་མི་བཙོང་།།
མི་རྗེས་རྟ་རྗེས་དེད་ནས་འགྲོ་མི་བྱ།།
ཁྱིམ་གྱི་དོན་ལ་ཀ་རྡོ་བཞིན་དུ་བརྟན།།

རྟ་ལྕག་དབྱུག་པས་ཆུང་མར་བརྡུང་མི་བྱེད།།
ཁ་ངན་ཚིག་གིས་གཤེ་གཤེ་གཏོང་མི་ཕོད།།
འཛུམ་དང་དགོད་སྒྲ་ཞི་བདེའི་ངང་དུ་གནས།།
ཁྱིམ་བདག་གྲྭ་ལོག་ཁྱིམ་ཚང་ནམ་ཡང་དགེ།

དེ་ཡི་ཕྱིར་ན་གངས་ཅན་གཞོན་ནུ་མས།།
གྲྭ་ལོག་ཟེར་ནས་མིག་ལོག་མི་བལྟ་བར།།
གྲྭ་ལོག་ཅིག་གི་པང་ལ་ལོག་བྱོས་དང་།།
ནམ་ཡང་ལམ་ལོག་མི་འགྲོ་ཁོ་ཐག་ཡིན།།

རང་ཉིད་གྲྭ་ལོག་ཡིན་པས་འཐེན་འཁྱེར་མིན།།
གྲྭ་ལོག་མིན་པའི་བུ་ལ་སྡང་བ་མིན།།
རང་གི་ཁྱིམ་ཚང་དཔེ་རུ་བཞག་པ་མིན།།
དངོས་ཡོད་བདེན་པ་དྲང་མོར་བཤད་པ་ཡིན།།

༡༥/༠༨/༠༢ ཉིན།

སྙན་ངག

Post navigation

Previous Post: ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་རྒྱ་ནག་ཏུ་ཚོགས་གཏན་འཁེལ།
Next Post: རི་བོང་ལ་གདམས་པའི་མགུར་དབྱངས་དྲང་སྲོང་དགྱེས་གླུ

Comments (16) on “གྲྭ་ལོག་ཅིག་ཚོལ་དང་བཟང་།”

  1. ཁྱུང་སེ། says:
    2015-08-02 at 12:59 pm

    གྲྭ་ལོག་ལོ་གསུམ་རྨ་བྱ་ཡིན།
    དེ་ནས་འུག་རྒན་ཤི་རོ་འདྲ།
    གྲྭ་ལོག་མ་བསྟེན་བོད་མོ་ཚོ།
    ལས་ལ་རྒྱུ་འབྲས་ཡོད་པ་ཡིན།

    ཁས་བླངས་དམ་ཚིག་ཉམས་པའི་སྐྱེས་བུ་དང།
    ལུང་པ་གཅིག་གི་ཆུ་ལ་མི་འཐུང་ན།
    ལུས་སེམས་གཅིག་ཏུ་འབྲེལ་ཏེ་འདུག་ཕོད་དམ།
    བོད་མོ་མཛངས་མས་རྒྱལ་བའི་ལུང་ལ་ཉོན།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-08-02 at 1:51 pm

    གྲྭ་ལོག་ལས་ལྷག་འདོད་ཆགས་མེད། །
    གྲྭ་ལོག་ལས་ལྷག་ཁྱོ་བཟང་མེད། །
    གྲྭ་ལོག་ལས་ལྷག་ཕ་བཟང་མེད། །
    གྲྭ་ལོག་ལས་ལྷག་དད་བརྟན་མེད། །

  3. ཀརྡོ་གཉེར་ཕྱག་པ་ says:
    2015-08-02 at 1:54 pm

    གྲྭ་ལོག་ལས་ལྷག་ཐོས་བསམ་མེད། །
    གྲྭ་ལོག་ལས་ལྷག་འགྱོད་གདུང་མེད། །
    གྲྭ་ལོག་ལས་ལྷག་ཆོས་སྲིད་མེད། །
    གྲྭ་ལོག་ལས་ལྷག་ཆོས་པ་མེད། །

  4. ཀརྡོ་གཉེར་ཕྱག་པ་ says:
    2015-08-02 at 2:03 pm

    གྲྭ་ལོག་མུ་མཐུད་ཐོས་བསམ་དགོས། །
    གྲྭ་ལོག་མུ་མཐུད་ཆོས་འདོན་སྒོམས། །
    གྲྭ་ལོག་ཡིན་ཚད་དགེ་བསྙེན་སྒྲུབས། །
    གྲྭ་ལོག་ལས་ལྷག་དལ་འབྱོར་མེད། །

    འབའ་སྲས་དགྱེས་ཕྱིར་བྲིས་པ་ལ། །
    སྡོམ་ལྡན་བཙུན་པ་བཙུན་མ་རྣམས། །
    གྲྭ་ལོག་མི་ཚེར་མ་ལྟ་བར། །
    རང་སྲུང་སྡོམ་པ་གཙང་མར་སྲུངས། །

  5. ཀརྡོ་གཉེར་ཕྱག་པ་ says:
    2015-08-02 at 2:18 pm

    གྲྭ་ལོག་གཅིག་ལ་ཆོས་སྲིད་གཉིས་ཀ་ཡོད། །
    གྲྭ་ལོག་གཅིག་ལ་དགའ་འགྱོད་གཉིས་ཀ་ཡོད། །
    གྲྭ་ལོག་གཅིག་ལ་འདུལ་སྔགས་གཉིས་མྱོང་ཡོད། །
    གྲྭ་ལོག་གཅིག་ལ་དགེ་བསྙེན་སྔགས་འཆང་འོས། །

  6. ལྷ་སྡེ་གནམ་ལོ་ཡག says:
    2015-08-02 at 8:06 pm

    བཟང་དང་ངན་འདི་སྐྱེ་དངོས་ཀུན་ལ་ཁྱབ།
    ཡག་དང་བཙོག་ཀྱང་ལུས་སེམས་ཡོངས་ཀྱི་ཡིན།
    ཚད་དེ་གར་ཡོད་མིག་གིས་བལྟ་བ་དང་།
    ཡུན་རིང་རྒྱུས་ལོན་བརྒྱུད་ན་ག་ལེར་ཤེས།

    མོ་ཡིས་ཕོ་འདེམས་ཕོ་ཡིས་མོ་གདམ་པ།
    མི་ཚེ་ཧྲིལ་བོ་ཞིག་གི་ཇུས་འགོད་དང་།
    སྨོན་པ་བཟང་བོ་ཞིག་གི་ཁ་བྱང་ཡིན།
    འཁྱོངས་དང་མི་འཁྱོངས་བསྟུན་ཤེས་ཡོད་མེད་ཡིན།

    ཧ་ཅང་བསྟུན་དྲགས་གྱོང་གི་འགོ་འཛུགས་དང་།
    ཤིན་ཏུ་མི་བསྟུན་འཁོན་གྱི་སྣ་འདྲེན་ཡིན།
    དེ་བས་བསྟུན་གྱི་ཚད་ཐིག་མ་ནོར་བ།
    གནམ་འོག་ཕོ་མོ་ཡོངས་ཀྱི་སྦྱངས་བྱ་ཡིན།

  7. BONPO says:
    2015-08-02 at 9:00 pm

    སྤྱིར་སྟངས་་་གྲྭ་ལོག་་་ཅེས་པའི་མིང་ཚིག་ལ་འགྲེལ་བཤད་དངོས་གནས་ཅིག་བརྒྱབ་ན་ག་འདྲ་ཞིག་རྒྱག་དགོས་སམ།

  8. ཤི་འདྲེ། says:
    2015-08-02 at 10:37 pm

    བཙན་བྱོལ་གྱི་བུད་མེད་ཚོགས་པས་གྲྭ་སྡོམ་མང་ཙམ་འཕྲོག་ཐུབ་མཁན་གྱི་བུད་མེད་ལ་གཟེངས་བསྟོད་བྱེད་ཀྱི་ཡོད་རབས་ཐོས། གཞན་ཡང་བཙན་བྱོལ་གྱི་བུད་མེད་མང་པོས་ཁྱོ་ག་གྲྭ་ལོག་རགས་ན་བརྩེ་བ་ཡག་པོ་སྤྲད་འདུག་ཟེར་ནས། གྲྭ་པར་བསྐོར་གཡེང་ཡང་བྱས་སྐད་འདུག གང་ལྟར་ཡང་གྲྭ་ལོག་ལ་དགོས་ཡ་བུད་མེད་དང་། བུད་མེད་ལ་དགོས་ཡ་བརྩེ་བ་ཡག་པོ་སྤྲོད་མཁན་གྱི་ཁྱོ་ག་རེད། དེས་ན་བུད་མེད་ཚོ་ཁྱོ་གྲྭ་ལོག་རགས་ཐབས་ལ་ཤུགས་རྒྱོབས་ཨ།

  9. ཁྱུང་སེ། says:
    2015-08-02 at 10:50 pm

    རེད་བདེན་པ་རེད། ཡུ་རོབ་དང་ཨ་རི་སོགས་སུ་ཡོད་པའི་བོད་མོ་ཚོས་གདན་ས་སོགས་སུ་ཡོད་པའི་གྲྭ་གཞོན་ཚོར་དངུལ་ཏོག་ཙམ་བསྐུར་རྗེས་བརྩེ་བ་ཆགས་ཏེ་མགྲོན་ཤོག་བསྐུར་ནས་མཉམ་འདུག་བྱེད་མཁན་མང་པོ་འདུག མ་གཞི་ནས་ཆོས་རིག་ལྷན་ཁང་ནས་གྲྭ་བ་ཉུང་དུ་འགྲོ་གི་འདུག་ཟེར། ནང་སྲིད་ལྷན་ཁང་ནས་གཞིས་ཆགས་སྟོང་འགྲོ་གི་འདུག་ཟེར། ཤེས་རིག་ལྷན་ཁང་ནས་སློབ་གྲྭ་སྟོང་འགྲོ་གི་འདུག་ཟེར། རྒྱུ་མཚན་དེ་དག་ལ་བརྟེན་ནས་གྲྭ་ལོག་མང་ཙམ་བྱེད་ཀྱི་ཡོད་པ་འདྲ།

  10. དྲི་མེད་ལྷག་བསམ། says:
    2015-08-03 at 1:18 am

    གྲྭ་ལོག་ཅིག་གི་སྐོར། རྒྱ་ནག་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན། ཧི་ནན་ཞིང་ཆེན་གྱི་ནང་པའི་ཚོགས་གཙོ་ཆེན་མོ། ཛམ་གླིང་་ན་དྲག་རྩལ་ལ་སྙན་གྲགས་ཆེ་བའི་ཧྲོ་ལིན་དགོན་པའི་མཁན་པོ། ཧྲི་ཡུན་ཤིན་ཟེར་བ་བ་ལ་ཁྲིམས་འགལ་གྱི་དོགས་པ་བྱུང་འདུག 释永信正在被调查 ཁོ་ཐེ་ལནཊ་ལ་དྲག་རྩལ་འཁྲབ་སྟོན་དུ་འགྲོ་སྐབས་སྒྱུ་རྩལ་འཁྲབ་སྟོན་པའི་བུ་མོ་ཞིག་དང་འབྲེལ་བ་བྱུང་ནས་བུ་སྐྱེས་ཡོད་པ་དང་། ས་པྱོགས་གཞན་དུའང་སྐྱེས་མ་དུ་མ་ཡོད་པ། རབ་གནས་མཛད་སྒོ་ཆེ་བ་རེར་པེབས་སྐབས་སྐུ་ཡོན་རྒྱ་སྒོར་འབུམ་རེ་འབུལ་བའི་དཔེ་བཏོད་པའི་དངུལ་རྣམས་སྐྱེས་མ་གསོ་བའི་ཆ་རྐྱེན་དུ་བཏང་འདུག་ཟེར། འོན་ཀྱང་རྒྱ་གཞུང་ནས་སྐྱེས་མ་ཡོད་མེད་སྒེར་གྱི་གནད་དོན་ཡིན་པས་གཅར་འདྲི་མི་དགོས་ཀྱང་། དགོན་པའི་སྤྱི་རྫས་སྒེར་སྤྱོད་བྱས་ཡོད་མེད་བརྟགས་དགོས་ཞེས་འཁོད་འདུག

  11. དྲི་མེད་ལྷག་བསམ། says:
    2015-08-03 at 1:46 am

    尼姑办公室与男人偷情被拍(1)རྒྱ་ནག་ཏུ་ཨ་ནེ་བཙུན་མ་དང་ལས་བྱེད་བར་གྱི་གསང་བ།

  12. སྐལ་ཚེ། says:
    2015-08-03 at 3:07 am

    དེང་སང་གྲྭ་ལོག་མང་པོར་རྒྱ་མོ་མཛེས་མ་ཁག་དང་། དབྱིན་མོ་ཁག་གིས་འཕྲོག་རྩོད་བྱེད་བཞིན་ཡོད་པ་ཐོས་པས། བོད་མོ་རྣམས་ཀྱང་རྗེས་སུ་མ་ལུས་པར་བྱེད་དགོས།

  13. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-08-03 at 3:52 am

    ཧཧཧཧ་་་་་་ཡག་ཀི་་་་་་ཡག་སྡུག་སྐོར་གླེང་ཀི་་་་་་དེང་སང་ཕྱི་གླིང་བས་བོད་པ་ལ་སེམས་འཕྲོག་སའི་གཞི་རྩ་དེ་ཡ་རབས་དང་དྲང་བདེན་གྱི་ནང་ཆོས་ལས་ཞག་ཚིལ་དེ་རེད། དེ་མེད་ན་ཧཧཧཧཧ་་་་་་དངོས་པོའི་དཔལ་ཡོན་ཐད་ལ་ཀླད་ཀོར་རེད། དེ་བཞིན་རྒྱ་དང་དབྱིན་མོ་རྣམས་རེ་ཟུང་ལས་གོང་བཤད་ལྟར་རེད། ནམ་ཞིག་ཞག་ཚིལ་དེ་ཡལ་དུས་རྡོག་གཡུག་རྒྱག་ཀྱང་རེད། ལྟོས་ཨ།

  14. གཅན་འོད་འབར། says:
    2015-08-04 at 1:40 am

    གྲྭ་ལོག་སྐོར་གྱི་སྙན་རྩོམ་དེ་སྙན་ཐལ།

  15. ཀླུ་སྨྱོན། says:
    2015-08-04 at 2:25 am

    གྲྭ་ལོག་ཚོའི་ལག་ཏུ་ཅང་མ་ཡོང་ནས་སེམས་པ་སྔ་མོ་ནས་ཤི་ཚར་བ་རེད། དེ་ཙམ་ཞིག་གིས་སྐྱར་གསོ་བྱེད་ཐུབ་མི་ཡོང་།

  16. ཚེ་རིང་ says:
    2015-08-04 at 5:41 am

    རྒན་ལགས་ཏོག་ཙམ་བསྟོད་རྒྱུ་ཆེ་གྲག་མ་སོང་ངམ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme