Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེང་རྡོར་གྱི་རྩོམ་རྩལ་ཟུར་བལྟས་ལེབ་མཐོང་།

Posted on 2015-07-202015-07-20 By ཁ་བརྡ 14 Comments on སེང་རྡོར་གྱི་རྩོམ་རྩལ་ཟུར་བལྟས་ལེབ་མཐོང་།

དུར་བྱང་།

 
སྐུ་ཞབས་སེང་རྡོར་ཟེར་བ་དེ་བོད་ཡིག་གིས་རྩོམ་འབྲི་མཁན་ཞིག་རེད། ཕྲན་ཁོམ་སྐབས་དང་བསྟུན་ནས་སེང་རྡོར་གྱི་བྲིས་རྩོམ་ལག་ཏུ་ཆུད་པ་དང་མིག་ཏུ་ཐོགས་པ་ཀུན་པོར་ཀློག་བཞིན་ཡོད། ཕལ་མོ་ཆེ་དེབ་ཏུ་བྱས་པ་དག་ལས་བཀླགས་པ་དང་། འབེལ་བོ་ཞིག་དྲ་ཐོག་ནས་བཀླགས་པ་ཡིན། ཕྲན་པས་བཀླགས་ཤིང་མྱངས་པའི་སེང་རྡོར་གྱི་རྩོམ་ཡིག་ཡིན་ནོ་ཅོག་སྙན་པ་ལ་ཚོད་ཅིག་མེད། ཞིབ་ཕྲ་བྱས་ནའང་། «གྲུ་ཟུར་གསལ་སྒྲིབ»ཀྱི་རྗེས་སུ་བྲིས་པའི་རྩོམ་ཡིག་དག་གཅིག་ལས་གཅིག་སྙན་པ་ལྟ་བུ་བྱུང་། ཡིན་རྒྱུ་ནི། སེང་རྡོར་གྱི་རྩོམ་ཡིག་འབེལ་བོ་ཞིག་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་པ་དེ་ཡིས་ཏན་ཏན་ཡིན་སྲིད།

ངེས་དགོས་པ་ནི། ང་སེང་རྡོར་གྱི་རྩོམ་རྩལ་ལ་ཧང་སང་ཞིང་ཧོན་འཐོར་བ་ཡིན། རྒྱུ་མཚན་ཤིན་ཏུ་གསལ། སྐུ་ཞབས་སེང་རྡོར་གྱི་རྩོམ་མམ་རྩོམ་ལ་གཞན་ལས་འཕགས་པའི་ཁྱད་ཆོས་གསུམ་ཡོད་པས་ཡིན།

 

1. དྭངས་པ།

དྭངས་པ་ཟེར་ཡ་ནི་ནག་ནོག་གི་དྲི་མས་མ་སྦགས་པའི་གསལ་ཞིང་གསལ་བའི་ཆ་དེར་འབོད་པ་ཡིན། དྭངས་ལ་དྭངས་པའི་ཆུ་བོ་ལས་གཙང་ཞིང་གཙང་བའི་རྡེའུ་མངོན་པ་ལྟ་བུར་གོ་བ་ཡིན། བོད་ཀྱི་སྙན་ངག་གི་མཆོག་དང་ཕུལ་དང་རབ་ཏུ་འབོད་པ་ཞང་ཞུང་བས་བྱས་པའི«རཱ་མ་ཎའི་རྟོགས་བརྗོད།» སྒིས་སྟེང་གིས་བྱས་པའི«ཕོ་ཉ་གཞོན་ནུ་དོན་གྲུབ»ལྟ་བུའི་ཚིག་གིས་སྤྲས་པ་དང་སྤུད་པར་གཙིགས་སུ་འཛིན་པ་མིན། ད་དུང་། “ཚིག་གི་ལོ་མས་དོན་གྱིས་གོ་བ་བསྒྲིབས།།” ཏག་ཏག་དེའི་ལྡོག་ཕྱོགས་ལ་ཟེར་བ་ཡིན།

 

2. འཕྲོད་པ།

འཕྲོད་པ་ནི་ཚིག་རྐང་གི་ལྷུ་ལག་བསྒྲིགས་པ་ལ་ཟེར་བ་མིན། བསྒྲིགས་ནས་འགྲིག་པ་དང་། འགྲིག་ནས་འཕྲོད་པར་གོ་དགོས་ཡོད། ལྟོས་དང་། སེང་རྡོར་གྱིས་ཕྲེང་དུ་བརྒྱུས་པའི་ཚིག་རྐང་རེ་རེར་བསྒྲིགས་པའམ་བཙུར་བའི་རྣམ་པ་མི་མངོན་ལ། འགྲིག་པ་དང་བཞུར་བའི་ཁྱད་ཆོས་མངའ་བ་ཡིན། སེང་རྡོར་ལ་ཆ་མཚོན་ན། རྒྱན་ཚིག་དང་གྲོང་ཚིག་གི་བྱེ་བྲག་མེད་པར་ཕྲད་དང་རྣམ་དབྱེ་ཚུན་ཆད་ནས་རྒྱན་དང་བརྒྱན་གྱི་ཚུལ་དུ་ཡོད་པ་ཡིན། “སྙན་ངག་མཁན་ལ་ཅི་ཡང་རྒྱན”ཞེས་པར་སྐད་པའང་འདི་དང་འདི་ལྟ་བུ་ལ་ཏན་ཏན་ཟེར་བ་རེད།

 

3. བོད་སྐད།

བོད་སྐད་ཅེས་པ་ནི་བོད་སྐད་རྣལ་མ་དང་ངོ་མ་བོ་ཟེར་བ་ཡིན། ཞིབ་ཀློག་བྱོས་དང་། སེང་རྡོར་གྱི་བྲིས་རྩོམ་དུ་ཐོན་པ་དང་བཀོལ་བ་དང་སྤྱད་པའི་མིང་དང་ཚིག་ཅིག་ཡིན་ན། གནའ་བོའི་ཤོག་རལ་དང་། བསྟན་བཅོས་ཚད་མ། ཚིག་མཛོད་ཚད་མ། དམངས་ཁྲོད་ཀྱི་གླུ་དང་ལ་གཞས། ད་དུང་རོང་འབྲོག་གི་ཁ་ན་འབྱར་ལ་བྱང་བའི་མིང་ཚིག་ཅིག་ཡིན་པ་ཐག་གིས་ཆོད། སེང་རྡོར་གྱིས་རྒྱ་ཚིག་ཡིན་ལ་མིན་པ། དབྱིན་ཚིག་ཡིན་ལ་མིན་པ། བོད་སྐད་ཀྱང་ཡིན་ལ་མིན་པ། འདི་དང་དེ་ལྟ་བུའི་ཕུང་སུམ་པའི་མིང་བརྡ་དག་རྩོམ་ཡིག་ཏུ་མི་བཀོལ་བ་ཡིན། བོད་སྐད་ཡིན་ཤག་ཤག་ཅིག་མིན་ཚེ་སེང་རྡོར་གྱི་བློ་བདེ་བ་མིན། དེའི་ཆ་ནས། ཁོས་རྩོམ་ཡིག་ཏུ་བེད་སྤྱད་པའི་མིང་ཚིག་རྣམས་བོད་སྐད་ངོ་མ་ཞིག་ཡིན་མིན་ལ་བརྟགས་ཤིང་བརྟག་པ་ཡིན། དེ་ནི་ཁོ་བོར་སེང་རྡོར་གྱི་རྩོམ་ཡིག་གིས་བྱིན་པའི་བག་ཆགས་ཡིན་ལ་བླ་དང་བླ་རུ་འཕགས་པའི་ཁྱད་ཆོས་ཀྱང་ཡིན་དང་ཡིན།

ཁྱད་ཆོས་འདིའམ་རྩོམ་རྩལ་འདི་ནི་སེང་རྡོར་ཁོ་ནར་ངེས་པ་ཞིག་རེད་པས་ཟེར་ན་མ་རེད། ཁོ་བོར་རྒྱུས་དང་ཆ་ཅུང་ཙམ་ཡོད་པའི་སྔ་ཆད་མཁས་པའི་ཁྲོད་ན་མཛུབ་མོས་བགྲང་ཆོག་པ་རེ་འགའ་ཡོད་པ་ཡིན། དཔེ་བཞག་ན། རྫ་དཔལ་སྤྲུལ། གུང་ཐང་བསྟན་པའི་སྒྲོན་མེ། ཚངས་དབྱངས་རྒྱ་མཚོ། རྡོ་སྦིས་དགེ་བཤེས། དགེ་ཆོས། གླུ་དང་ལ་གཞས་སོགས་ཡོད་པ་རེད། འདི་རྣམས་ཀྱི་སྙན་ངག་ལ་ཁྱད་ཆོས་དེ་དག་སྣུམ་གྱིས་གོས་ཟིན་པ་ལྟ་བུའི་ཚུལ་དུ་ཡོད། ལྷག་ཏུ། དགེ་ཆོས་ཀྱི་སྙན་ངག་ཁོ་ན་མིན། རྩོམ་པ་ཕལ་མོ་ཆེར་ཁྱད་ཆོས་དེ་དག་ཡོད་པ་སྨོས་ཅི། ཤིན་ཏུ་ཆ་འདྲ་བ་ཡིན། འོན་ཏེ། སེང་རྡོར་དང་དགེ་ཆོས་གཉིས་ཀྱི་རྩོམ་ལའང་རྒྱབ་ན་འགུག་ཤུགས་མི་འདྲ་བ་ཡོད་ལ། མདུན་ན་འཐེན་ཤུགས་མི་འདྲ་བའང་ཡོད་པ་རེད། དེ་ནི་མྱོང་བ་དང་རོལ་བའི་སྐབས་སུ་ཤ་འདྲེས་ཁྲག་འདྲེས་སུ་སོང་བ་ལྟ་བུའོ་ཟེར་བ་ལས་བརྡ་སྐད་ཀྱིས་ངོ་འཕྲོད་པ་མིན། མེ་ལོང་མ་ལས། “བུར་ཤིང་འོ་མ་བུར་སོགས་ཀྱི།། མངར་བ་ཉིད་ཀྱི་ཁྱད་པར་ཆེ།། དེ་ལྟ་མོད་ཀྱི་དེ་བརྗོད་པར།། དབྱངས་ཅན་མས་ཀྱང་ནུས་མ་ཡིན།།”ཞེས་པ་དེ་ལས་འགོངས་པར་དཀའ། ད་དུང་། ངར་ཆ་རྒྱུས་མེད་པའང་དེ་དང་དེ་འདྲ་བ་མང་བོ་ཡོད་སྲིད་པ་རེད།

མཇུག་ཏུ། ཕྲན་གྱིས་སེང་རྡོར་གྱི་མི་གཞི་གླེང་གིན་མེད་ལ་དེ་ནི་གླེང་ཤེས་པའང་མིན། ཁོའི་ཞལ་ན་གནས་པའི་རྩོམ་ཡིག་གི་ཁྱད་ཆོས་དང་སྒྱུ་མའི་རྩལ་གླེང་གིན་ཡོད། དེའང་མི་སྒེར་གྱི་མྱོང་རོལ་ཁོ་ན་གཞིར་བཞག་པ་ལས་གཞན་དང་གཞན་ལ་འབྲེལ་བ་ཅི་ཡང་མེད། ཡང་། རྩོམ་པའི་རྩལ་གླེང་ཟེར་ཡ་འདིའང་སེང་རྡོར་གྱི་རྩོམ་སྤྱིའི་ཁོག་འབུབས་གླེང་བ་ལས་གཞན་མིན། ཚིག་གཅིག་ཏུ་དྲིལ་ན། ངས་སེང་རྡོར་གྱི་རྩོམ་ཡིག་སྤྱི་ཡིས་བྱེ་བྲག་ཚུར་འཐེན་པ་ལས་བྱེ་བྲག་གིས་སྤྱི་ལ་སྡོམ་བཀོད་པ་ལྟ་བུའི་བྱ་ལས་འར་བོ་དག་སྤངས་བཞག་ཡོད། ཡང་ན། མཚན་ཉིད་རིག་པས་ཁྱབ་མཐའ་བཅད་པ་དང་ཡེ་ནས་ཆ་འདྲ་བ་མིན་པ་གོ་བར་གྱིས།

2015.7.20

རྩོམ་རིག

Post navigation

Previous Post: ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་གྱི་དོགས་གནད།
Next Post: འགྲན་སྡུར་རྩོམ་ཡིག་ཁག་གཉིས་ཀྱི་གྲུབ་འབྲས་གསལ་བསྒྲགས།

Comments (14) on “སེང་རྡོར་གྱི་རྩོམ་རྩལ་ཟུར་བལྟས་ལེབ་མཐོང་།”

  1. ཀླུ་སྨྱོན། says:
    2015-07-20 at 12:31 pm

    ང་ལ་ཡང་ཉམས་མྱོང་གཅིག་མཚུངས་བྱུང་།

  2. BONPO says:
    2015-07-20 at 1:12 pm

    བོན་ཀློག་པ་ནི་བོད་ཀློག་པའང་ཡིན། །

    བོན་པོའི་དེབ་ཚོགས་ཤིག་གི་དཔེ་སྐྲུན་གསལ་བརྡ་ཐོས་རྗེས།

    བོན་ནི་དུང་ཤོག་དཀར་པོའི་གངས་ཧྲག་སྟེ། །
    བོན་ནི་གཡུ་རིས་སྔོན་པོའི་བྲག་གཡམ་སྟེ། །
    དམུ་རྒྱུད་ཐིམ་པ་སྐས་ཀྱི་གཡུང་དྲུང་ཁར། །
    ཕྱྭ་བཟའ་ངང་འབྲང་མ་ཡི་ཁྱུང་རུ་གདངས། །

    གོང་དྲུག་ལྷ་རྩེ་སྲིད་པའི་བོན་སྐད་ཡིན། །
    ཆང་འགག་སྦང་མ་གཤེན་གྱི་བརྡ་ཆད་ཡིན། །
    རག་ཤ་སྲིན་པོའི་རིགས་ཀྱི་མགོ་ཐོག་ཏུ། །
    གཏོ་རྒྱལ་བོན་གྱི་སྒོ་མོ་རྔམས་ཀྱིས་ཕྱེས། །

    མགོན་བཙུན་ཕྱྭ་ཡི་ཡུལ་དུ་བེའུ་ཙེ་ཡོད། །
    ཤིང་གི་གཞའ་ཚོན་འོད་འབར་ཅི་ལ་མེད། །
    འོལ་མོའི་གསས་མཁར་ནང་ན་བོན་སྒོ་ཡོད། །
    འཕྲུལ་གྱི་རྒྱལ་རྟགས་ཡི་གེ་ག་ལ་མེད། །

    སྤུ་ལོ་རྔུལ་ཤོད་ཅེས་པ་བོན་ལས་བྱུང་། །
    བརྒྱ་ཤོང་ཁ་སྤྲོད་ཞེས་ཀྱང་བོན་ལ་གྲག །
    ཕེ་ཤ་ཨེ་མའི་བོན་དྲི་ཐུལ་པ་ཡི། །
    རྨང་པོའི་ངེས་ཚིག་གཟི་རྡོ་ཁྲ་བོ་འདྲ། །

    སོག་ཀའི་འཇིག་རྟེན་ལྟ་བུའི་བོན་སྒོ་ལ། །
    ཆབ་གྱི་གྲམ་པ་ཙམ་གྱི་བག་ཆགས་འཇོག །
    འཁོར་པ་སྒྱུད་ལུག་ཡིན་པས་ད་དུང་བཤུམས། །
    དྭངས་ཀྱི་ཐུན་སྐྱོགས་འཕེན་པ་རན་ཙམ་གྱིས། །

    རྨ་བྱའི་ལྡེམ་རྒྱངས་ཅན་གྱི་བོན་སྒོ་ལ། །
    སེམས་ཉིད་གཡུང་དྲུང་གློད་དེ་འཕྲུལ་ངག་སྨྲ། །
    རྒོད་ཀྱི་འཕར་འདབ་ཅན་གྱི་བོན་སྒོ་ལ། །
    སྣང་བ་གཡུང་དྲུང་བསྒྲིལ་ཏེ་གཤེན་སྐད་རྒྱག །

    ཁྲོ་ལོ་གནམ་གྲགས་བསྐལ་བའི་མཐོ་བཅད་དང་། །
    འཕར་བོ་འཕར་ཆུང་འཁོར་པའི་ཟུར་བསྙལ་ཏེ། །
    གསེར་གྱི་སྦ་ཤད་ཡིན་པའི་བོན་སྒོ་ལ། །
    དངུལ་གྱི་གཟར་བུ་དེ་ཡང་ཆེད་དུ་བྱ། །

    དུང་གི་སོ་འཁོར་སྟོན་དང་ཕ་ཆོས་ལགས། །
    ཡི་གེ་ཨ་དཀར་སྤྲོས་དང་མ་ཆོས་ལགས། །
    ཀོང་ཡུལ་བྲེ་སྣའི་ཕྱོགས་སུ་ང་རང་ཡོད། །
    ལང་ལིང་གྲོང་ཁྱེར་ཕྱོགས་སུ་ཁོ་ཡང་ཡོད། །

    ང་ནི་ཁྱོད་ཀྱི་དཔྱད་བུ་ཁྲི་ཤེས་ཡིན། །
    ང་ནི་ཁྱོད་ཀྱི་སངས་པོ་འབུམ་ཁྲི་ཡིན། །
    གནམ་གྱི་ལྷུམས་རྩེར་གཤེགས་པའི་སྐྱིལ་ཀྲུང་དེ། །
    རང་གི་གྱང་ལྡེབས་ངོས་ལ་ཕྱེད་ཙམ་བྲི། །

    གཏོ་འདི་གཤེན་གྱི་སྦུབས་སུ་བརྫིས་པ་དང་། །
    གླུད་འདི་སྲིད་པའི་བུག་ཏུ་བཅོས་པ་དང་། །
    རྔ་འདི་བོན་གྱི་ཁོག་ནས་བརྡུངས་པ་སྟེ། །
    ཆོད་དང་ལམ་ཕྱོད་ཨེ་འདུག་གཞན་གྱིས་ཤོད། །

    2010.8.26ཉིན་ཕ་ཡུལ་ལ་བསྐྱོད་པའི་ལམ་དུ་བྲིས། སེང་རྡོར་ཀྱིས་བྲིས། །

  3. BONPO says:
    2015-07-20 at 1:41 pm

    སེང་རྡོར་ལགས་ཀྱིས་བྲིས་པའི་བོན་ཀློག་པ་ནི་བོད་ཀློག་པའང་ཡིན་ཞེས་པའི་སྙན་རྩོམ་འདིར་དག་བཅོས་བྱ་དགོས་པ་ཁ་ཤས་འདུག་སྙམ། དཔེར་ན། དམུ་རྒྱུད་ཐིམ་པ་སྐས་་་ཅེས་པ་དེ་་་དམུ་རྒྱུད་ཐེམ་པ་སྐས་ཡིན་ནམ་སྙམ།
    གོང་དྲུག་ལྷ་རྩེ་་་ཞེས་པ་དེ་་་གུང་དྲུག་ལྷ་རྩེ་ཡིན་ནམ་སྙམ།
    སོག་ཀའི་འཇིག་རྟེན་་་ཞེས་པ་དེ་་་སོག་ཁའི་འཇིག་རྟེན་་་ཡིན་ནམ་སྙམ།
    འཁོར་པ་སྒྱུད་ལུག་ཡིན་པས་་་ཅེས་པ་དེ་་་འཁོར་བ་སྒྱིད་ལུགས་་་་ཡིན་ནམ་སྙམ།
    སེམས་ཉིད་གཡུང་དྲུང་གློད་དེ་འཕྲུལ་ངག་སྨྲ་་་་ཞེས་པ་དེ་་་་ སེམས་ཉིད་གཡུང་དྲུང་ཀློང་དུ་འཕྲུལ་ངག་སྨྲ་་་ཡིན་ནམ་སྙམ།
    ཁྲོ་ལོ་གནམ་གྲགས་་་ཅེས་པ་དེ་་་་ཁྲི་ལོ་གནམ་གྲགས་་་ཡིན་ནམ་སྙམ། སྤྱིར་སྟངས་ཁྲོ་ལོ་ཞེས་པ་དེ་དྲིལ་བུ་སོགས་ལ་གོ་ཡང་། བོན་ལུགས་ལ་་་གཤང་ལ་ཁྲི་ལོ་གནམ་གྲགས་་་ཅེས་པ་སྐད་གྲགས་ཅན་ཞིག་ཡོད་པ་རེད། །

  4. རྟ་བདུན་དབང་བོ says:
    2015-07-20 at 10:43 pm

    དུར་བྱང་མཆོག་གི་རྩོམ་བཀླགས་གྲུབ་རྗེས་སེང་རྡོར་གྱི་སྙན་རྩོམ་ལ་བལྟ་འདོད་དབྱར་ཁའི་སྐོམ་པ་ལྟར་བྱུང་། །

  5. ཤི་འདྲེ། says:
    2015-07-20 at 11:34 pm

    ཡང་ཨ་མདོའི་སྐྱལ་སྟོང་ཞིག་གིས་ཕྱོགས་བསྟོད་མ་རུང་བ་ཞིག་བྱས་ཤག ཆབ་དཔལ་རིག་གསར་གཏོད་མེད་པའི་མི་བུ་དག་ནི་གཞན་གྱི་རྐང་རྗེས་འཚོལ་བའི་རྐུན་མ་རང་རེད།

  6. ས་དཀར་རྡོ་རྗེ། says:
    2015-07-21 at 6:41 am

    སྐད་ཆ་འདི་ཡག་པ་འདྲ་བཤད་བཞགས་འདུག

  7. དགེ་འདུན་རྒྱ་མཚོ། says:
    2015-07-21 at 10:43 am

    ༼༡༽སྐུ་ཞབས་སེང་རྡོར་གྱི་རྩོམ་མམ་རྩོམ་ལ་གཞན་ལས་འཕགས་པའི་ཁྱད་ཆོས་གསུམ་ཡོད་པས་ཡིན།

    ༼༢༽ཁྱད་ཆོས་འདིའམ་རྩོམ་རྩལ་འདི་ནི་སེང་རྡོར་ཁོ་ནར་ངེས་པ་ཞིག་རེད་པས་ཟེར་ན་མ་རེད། ཁོ་བོར་རྒྱུས་དང་ཆ་ཅུང་ཙམ་ཡོད་པའི་སྔ་ཆད་མཁས་པའི་ཁྲོད་ན་མཛུབ་མོས་བགྲང་ཆོག་པ་རེ་འགའ་ཡོད་པ་ཡིན། དཔེ་བཞག་ན། རྫ་དཔལ་སྤྲུལ། གུང་ཐང་བསྟན་པའི་སྒྲོན་མེ། ཚངས་དབྱངས་རྒྱ་མཚོ། རྡོ་སྦིས་དགེ་བཤེས། དགེ་ཆོས། གླུ་དང་ལ་གཞས་སོགས་ཡོད་པ་རེད།
    གོང་འོག་གཉིས་ནང་འགལ་རེད་ལགས། དུར་བྱང་ལགས། རྩོམ་ཡིག་ཅིག་འབྲི་བ་ལ་གཙོ་བོ་ནང་འགལ་་མེད་ལ་ཞིག་བཤད་དགོས་པ་གལ་ཆེན་པོར་མཐོང་། 

  8. ལུང་རྟོགས། says:
    2015-07-21 at 10:52 am

    སེང་རྡོར་གྱི་རྩོམ་ཡིག་དེང་སང་གི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁྲོད་ནས་ལེགས་གྲས་སུ་མཐོང་། འོན་ཀྱང་དགེ་ཆོས་དང་བསྡུར་བ་ནི་གད་མོ་ཤོར་སྐྱེད་རེད། རྩོམ་ཡིག་གི་སྙན་ཆ་དང་ནང་དོན་སྒྱུ་རྩལ་གང་གི་ཆ་ནས་ཀྱང་སེང་རྡོར་དང་དགེ་ཆོས་གཉིས་གནམ་སའི་ཁྱད་པར་ཡོད།

  9. ཁྱུང་སེ། says:
    2015-07-21 at 12:03 pm

    སྐུ་ཞབས་སེང་རྡོར་གྱི་རྩོམ་ལ་དགའ་སྣང་མང་པོ་ཡོད་པ་ནི། ཆོས་ལུགས་དང་གྲུབ་མཐའ་མི་རིགས་ཀྱིས་བཟི་བའི་ཚིག་མེད་ཙང་མི་ཚོས་དགའ་སྣང་ཆེན་པོ་བྱེད་ཀྱི་རེད། དེ་མིན་ཚིག་སྙན་སྙན་ཅི་ཙམ་བྲིས་ཀྱང་དོན་ཁོག་ཏུ་ཕྱོགས་ཞེན་གྱིས་བཟི་ཙང་ལྟས་པ་ཙམ་གྱིས་སྐྱུག་མེར་ལང་ཡོང་གི་འདུག དཔེར་ན། རིགས་ཅིག་གིས་བཙན་བྱོལ་སྒྲག་འཛུགས་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་བོད་མི་རིགས་རྣམས་གཅིག་བསྒྲིལ་དགོས་ལུགས་བཤད་རུང། དོན་དུ་དེ་ལས་ལྡོག་སྟེ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བས་མི་དེའི་རིགས་ལ་དགའ་བོ་མེད། དེ་ཡིས་བྲིས་པ་དག་ལའང་སྣང་བར་འགྲོ་གི་མི་འདུག

  10. ཁྱུང་སེ། says:
    2015-07-21 at 12:05 pm

    བཙན་བྱོལ་སྒྲིགས་འཛུགས་ཞེས་བཅོས་རོགས།

  11. དུར་བྱང་། says:
    2015-07-21 at 12:29 pm

    དགེ་འདུན་རྒྱ་མཚོ་ལགས། ཡག་པོ་གསུངས་འདུག འོན་ཀྱང་གོ་ཤག་བྱས་པ་ཡིན། ངེས་ངེས་ཡིན། རྫུན་མིན། ཤོབ་མིན། དེང་སང་གསོན་པོར་ཡོད་པ་དག་གི་ཁྲོད་ནས་སེང་རྡོར་ལ་ཁྱད་ཆོས་དེ་ཀུན་ཡོད་པ་ལས་གཞན་མ་མཐོང་བ་ཡིན། ཕྱིར་ལ་བལྟས་ན། རེ་འགའ་ཡོད་པ་རེད་ཅེས་གསལ་ལ་གསལ་བའི་ཚུལ་དུ་བྲིས་ཡོད། གང་ལྟར་ཁ་གསལ་བ་ཞིག་མིན་ནའང་ཞར་དང་ཞོར་ཚིག་གི་འགྲོས་ནས་གོ་ཤག་བྱས་པ་ཡིན་མོད། སྐུ་ཉིད་ཀྱིས་མ་གོ་བ་འདྲ། འོ་རེད། ཁོ་དང་ཁོ་ལྟ་བུའི་ཚིག་འགྲོས་ཞིབ་ཚགས་མ་བྱས་པ་དག་ལ་ལན་འདི་བཏབ་པ་ཡིན་ལགས།

  12. ཨ། says:
    2015-07-21 at 1:41 pm

    སེང་རྡོར་ཟེར་བ་དེ་མང་པོ་ཞིག་གིས་གོ་མྱོང་ཞིང་ཡི་གེ་བའང་གང་ཙམ་རེས་གླེངས་པ་བདེན་པ་རེད། དེ་འདྲར་སྐད་གྲག་ཅན་ཟེར་བ་ཡིན་ན། སེང་རྡོར་སྐད་གྲག་ཅན་ཞིག་ཀྱང་རེད། ངས་བསམས་པ་ལ་སེང་རྡོར་སྤྱིར་བཏང་གི་བོད་ཀྱི་རྩོམ་པ་པོའི་མིང་ཡོད་སའི་ཡི་གེ་བ་ཞིག་རེད། དེའི་ཁར་ཁོ་རང་ངོས་ནས་བཤད་ན། སྨྱོ་ཟེར་གཟའ་ཟེར་བྱེད་པར་དགའ་ཞིང་བྱེད་མཁན་ཞིག་ཀྱང་རེད། དེ་ནས་ཁོ་ཅི་ཞིག་ལ་མང་པོས་གོ་ཞིང་རེ་འགས་གླེང་རྒྱུ་ཞིག་ཆགས་པ་རེད་ཅེས་ན། ཡང་། ངས་བསམས་པར་ཁོ་རང་གི་རིགས་མཐུན་ནམ་དྲ་གྲོགས་རེ་འགས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་ནས་ཁོར་ཕུ་བརྒྱབ་ཅིང་། ཁོས་ཀྱང་སྐབས་དེ་དག་ཏུ་དོན་དག་ཆ་བེ་ཆོབ་བེ་རེ་བརྗོད་བྱར་བཟུང་བའི་བོད་ཡིག་ཏག་ཏག་རོལ་རྩེད་བྱས་པས་རེད་ལ། ཁོས་བྲིས་པའི་བོད་ཡིག་དེ་ཚོ་ནི་བཅད་ལྷུག་གཉིས་ཀར་གཏོགས་ཀྱང་། ངར་མཚོན་ན་དེ་ཚོ་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་རྩོམ་རིན་ཟེར་ནས་བཤད་རྒྱུ་མེད། དེ་མིན་ཕྱོགས་གཞན་ཞིག་ནས་བཤད་ན། སེང་རྡོར་མང་པོས་གོ་ཞིང་མཐོང་རྒྱུ་ཡོད་པ་དེ་འུར་བ་ཚོས་བཀའ་དྲིན་རེད་ཟེར་འདོད། ངས་མཚམས་རེར་སེང་རྡོར་ནི། སྤྱིར་བཏང་བོད་ཡིག་པ་ཞིག་གིས་ཐུབ་རྒྱུའི་ཚིག་སྦྱོར་དང་དག་ཆའང་མི་འཁྱོང་མཁན་ཞིག་རེད་འདོད་ཀྱི་ཡོད། དེ་ནི་ཁོས་བྲིས་པ་ལ་ལར་ལྟ་སྐབས་འདོད་པ་ཡིན། འོ་རེད། ངས་སེང་རྡོར་ངོ་མི་ཤེས་ལ་ཅི་ཞིག་བྱེད་ཀྱིན་ཡོད་མེད་ཀྱང་མི་ཤེས། ངའི་བསམ་ཚུལ་ལ་ནོར་བ་ཡོད་ན། དགོངས་དག

  13. བོད་ཀྱི་བུ། says:
    2015-07-21 at 8:47 pm

    བོད་ཀྱི་གྲྭ་ལོག་ཚོའི་ཁྲོད་དུ་མི་སྐྱེས་པ་ནི་དགེ་ཆོས་དང་སེང་རྡོར་རེད། ད་མ་ཡིན་པའི་ད་ཅང་མི་དགོས།

  14. ཤི་འདྲེ། says:
    2015-07-22 at 3:13 am

    གྲྭ་ལོག ལྟ་ལོག སྤྱོད་ལོག་སྟེ། ལོག་གསུམ་བསྟན་པའི་ཞབས་འདྲེན་གྲགས། དགེ་ཆོས་སེང་རྡོར་ལོག་གསུམ་དངོས། ཧཧཧཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme