Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བླ་ཚོ། ཐུགས་རྗེ་ཆེ།

Posted on 2015-06-292015-06-29 By ཁ་བརྡ 18 Comments on རྒྱ་བླ་ཚོ། ཐུགས་རྗེ་ཆེ།

སྣང་རྒྱལ་ཤེས་དགེ།

 

བོད་པའི་ཁ་ནས་ཁྱོད་ལ་ཟོག་པོ་ཟེར།།
བོད་པའི་མིག་ལ་ཁྱོད་ནི་གདོན་གཟུགས་འདྲ།།
བོད་པའི་སེམས་ན་ཁྱོད་ནི་སྤྱང་ཀིར་མཚུངས།།
དེ་འདྲའི་རྒྱ་བླ་ཁྱོད་ཚོར་ང་དགའ་འོ།།

རྒྱ་ཡི་ཡུལ་དུ་བོད་ཀྱི་ལུགས་སྲོལ་སྤེལ།།
རྒྱ་རྒན་དབང་(王)ལ་དབང་ཕྱུག་རྒྱལ་པོ་བཏགས།།
རྒྱ་མོ་དབྱང་(杨)ལ་དབྱང་ཅན་ལྷ་མོ་ཟེར།།
རྒྱ་ཡི་རུས་ལ་བོད་མིང་བཏགས་དེ་བཟང་།།

རྒྱ་ནག་ཧ་ཤང་ལག་ཏུ་དྷར་དྲིལ་གཏད།།
རྒྱ་ལུགས་ལྷ་ཁང་བོད་ལུགས་སྐུ་འདྲས་བཀང་།།
རྒྱ་ཡུལ་རི་རྩེར་བོད་སྲོལ་དར་ལྕོགས་བཙུགས།།
རྒྱ་ཡུལ་བོད་ལུགས་མང་པོས་བཀང་དེ་བཟང་།།

རྒྱ་སྒོར་བླངས་ནས་བོད་ཀྱི་དགོན་པ་བཞེངས།།
རྒྱ་རྒན་ཕྱུག་པོའི་རྒྱུ་ནོར་བོད་ལ་དྲངས།།
རྒྱ་མིའི་དཔྲལ་པ་བོད་པའི་རྐང་པར་གཏུགས།།
རྒྱ་ཁམས་དབང་དུ་བསྡུ་བ་འདི་བཟང་ངོ་།།

བོད་པའི་རིག་གཞུང་རྒྱ་ཡི་སྙིང་དུ་བཅུག །
བོད་པའི་ལྷ་བླ་རྒྱ་ཡི་སྤྱི་བོར་བཞག །
བོད་པའི་སྐད་ཡིག་རྒྱ་ཡི་ལྕེ་ལ་བཏགས།།
བོད་པའི་སྲོག་རྩ་གསོན་ཐབས་འདི་བཟང་ངོ་།།

རྒྱ་ལ་སོང་ནས་ཕྱུག་པོའི་བང་མཛོད་བཅོམ།།
བོད་དུ་ཡོང་ནས་དབུལ་པོར་ནོར་སྦྱིན་གནང་།།
དམག་དང་མཚོན་གྱི་རྒྱབ་དཔུང་མི་དགོས་པའི།།
དཔའ་བོ་ཁེར་རྒྱུག་བྱེད་སྟངས་འདི་བཟང་ངོ་།།

མི་རིགས་ཆེན་པོའི་སྙིང་ཁམས་མཐོ་ན་ཡང་།།
ཕཊཿ་སྒྲ་གཅིག་གིས་སུག་བཞི་ས་ལ་ཕབས།།
མེ་ལྕེ་བརྒྱ་ཡིས་གཞོམ་པར་མི་ནུས་པའི།།
ཀླ་ཀློའི་ཀླད་པ་འཇོམས་སྟངས་འདི་མཛེས་སོ།།

ཤེས་ཡོན་སྔོན་ཐོན་མིང་གི་ཅོད་པཎ་གྱིས།།
འཛམ་གླིང་དབང་དུ་བསྡུ་བར་སྲེད་ན་ཡང་།།
གལ་ལ་ཐུག་དུས་མོ་རྩིས་ལ་རེ་བའི།།
རྒྱ་རྒན་རྗེས་སུ་འཛིན་སྟངས་འདི་བཟང་ངོ་།།

སྙན་ངག

Post navigation

Previous Post: འཁྱམ་པོ།
Next Post: རྫོང་སར་མཁྱེན་བརྩེ་ལ་དྲི་བ་བརྒྱད་དྲིས་ཡོད།

Comments (18) on “རྒྱ་བླ་ཚོ། ཐུགས་རྗེ་ཆེ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-29 at 7:11 am

    སྣང་རྒྱལ་ཤེས་དགེ་མཆོག་གིས་གནས་སྟངས་རང་བཞིན་བརྗོད་པར་སྤྲོ་བ་བརྟས། བདག་གིས་ལོ་མང་ཨ་མེ་རི་ཀའི་སློབ་གྲྭ་ཆེན་མོ་ཀོ་ལམྦི་ཡུ་བོད་ཡིག་སློབ་པ་ན། བོད་དངོས་ཡིན་པ་གཅིག་ཀྱང་དོན་གཉེར་གྱིས་བོད་ཡིག་སྦྱོང་བར་མ་སླེབས། འོན་ཀྱང་རྒྱ་རིགས་རྒྱ་ནག་དང་། ཐེ་ཝན་ནས་འོངས་པའི་དོན་གཉེར་ཅན་མང་པོས་བོད་ཡིག་ལེགས་པར་སྦྱོང་བར་མཐོང་བ་མངོན་སུམ་ཡིན། དིང་སང་ཤར་ཕྱོགས་སྔོ་བསངས་ཀྱི་ཡུལ་དུ་ཡང་རྒྱ་རིགས་མང་པོས་བོད་སྐད་རྟག་སྦྱོར་དང་གུས་སྦྱོར་གྱིས་སྦྱོང་། དེར་མ་ཟད་ཉེ་དུས་གྲོང་ཁྱེར་ནེཝ་ཡོརྐ་ལ་འདུན་ས་ཞིག་ན། རྒྱ་རིགས་མང་པོས་བོད་སྐད་དུ། ཐེ་ཝན་གྱི་གདངས་སྙན་པོས་དམིགས་བརྩེ་མ་འདོན་པ་དེ་ཀུན་ཀྱི་རྣ་བར་སྙན་པ་་ཞིག་ཏུ་གྱུར་ཏོ།

    བོད་ཚིག་ཁ་ཤས་ཀྱི་བགྲོ་གླེང་ནི།
    ་
    རྒྱ་མོ་དབྱང་(杨)ལ་དབྱང་ཅན་ལྷ་མོ་ཟེར།།
    རྒྱ་མོ་དབྱངས་(杨)ལ་དབྱངས་ཅན་ལྷ་མོ་ཟེར།།
    ཞེས་དང་།
    བོད་དུ་ཡོང་ནས་དབུལ་པོར་ནོར་སྦྱིན་གནང་།།
    བོད་དུ་འོངས་ནས་དབུལ་པོར་ནོར་སྦྱིན་གནང་།།
    ཞེས་དང་།
    འཛམ་གླིང་དབང་དུ་བསྡུ་བར་སྲེད་ན་ཡང་།།
    ཛམ་གླིང་དབང་དུ་བསྡུ་བར་སྲེད་ན་ཡང་།།
    ་
    ཞེས་ཁོ་བོས་འབྲི། །ཡིག་ནོར་ཞུས་དག་ཡོད་ན་དགའ་བསུ་ཡོད་དོ། །

  2. དམུ་ཐག་གི་བུ་རྒྱུད། says:
    2015-06-30 at 12:04 am

    ལ་དྭགས་ལགས། ༼ཛམ་༽དེ་ལ་འགྲེལ་བཤད་གང་ཡོད།

  3. བློན་གངས་བུ། says:
    2015-06-30 at 12:23 am

    ཛམ་ཟེར་བ་དེ་ལ་དྭགས་པའི་གསར་གཏོད་མིན་ནམ། ཚོད་མ་བཟུང་ན་རང་མགོར་འཁོར་ས་གདའ།

  4. དམུ་ཐག་གི་བུ་རྒྱུད། says:
    2015-06-30 at 12:53 am

    རྒན་ལ་དྭགས་པ་རྒྱུན་དུ་དག་ཆ་ལ་དམ་འཛིན་གནང་མཁན་ཞིག་ཡིན་པར་མ་ཟད་ལ་དྭགས་ཀྱི་ཡུལ་སྐད་གཞིར་བཞག་གི་མིང་ཚིག་ལ་མཁས་པ་ཞིག་ཀྱང་ཡིན་ཚོད་འདུག་པས། ཛམ༽ལའང་འགྲེལ་བཤད་ཅིག་ཡོད་ངེས།

  5. དམུ་ཐག་གི་བུ་རྒྱུད། says:
    2015-06-30 at 12:57 am

    ནམ་རྒྱུན་༼ཞུ་དག༽ཅེས་འབྲི། ༼ཞུས༽་ཟེར་ན་འདས་པ་མ་རེད་དམ་རྒན་ལགས།

  6. པདྨ says:
    2015-06-30 at 3:33 am

    རྒྱ་བླ་ཚོ་ལ་ང་ཡང་དགའ། ཡིན་ན་ཡང་དམ་ཆོས་སྤེལ་བ་དང་བོད་ལ་དགའ་གྲོགས་སུ་ཆགས་པ་དེ་ཡིན། མ་ཚད་རྒྱལ་ལས་དངུལ་ལེན་ཐུབ་པ་ཁོ་ནས་མིན། དེ་ལྟར་བསྟོད་ན་དོལ་ཚོགས་ལ་ཡང་བསྟོད་དགོས་པ་རེད།དངུལ་ཚང་མ་རྒྱ་ལས་ལེན་པར་ལི་ཐང་ཚེ་བཀྲས་བཤད་སོང་ང་།།

  7. དམུ་ཐག་གི་བུ་རྒྱུད། says:
    2015-06-30 at 4:24 am

    པདྨ་ལགས། དེ་ག་རང་བྲིས་འདུག་གོ

  8. དྲི་མེད་ལྷག་བསམ། says:
    2015-06-30 at 10:01 pm

    སྣང་རྒྱལ་ལགས་ཀྱིས་རྒྱ་བླ་སྟོད་པ་འདིས་རྒྱ་ཡུལ་གྱི་བོད་ཀྱི་བླ་མ་ཀུན་ལ་བདེ་བའི་ངལ་གསོ་སྦྱིན་པ་སྙོན་དུ་མེད་པའོ། །བོད་ཀྱི་ལྟ་སྟངས་ཞིག་ལ་རྒྱ་ནག་ནི་རྒྱལ་བ་པཎ་ཆེན་ཀརྨ་པ་སོགས་བླ་ཆེན་རྣམས་ཀྱི་ཟ་ཞིང་ཡིན་པས། བླ་སྤྲུལ་ཆུང་རིགས་དང་གྲྭ་བ་ཉམས་ཆུང་ཁག་གིས་དེ་ལ་ཕྲན་བུ་ཙམ་ཡང་སྤྱོད་མི་ཆོག་པའི་སེར་སྣ་ཡོད་པ་དང་། དེ་ལ་ཅུང་ཟད་སྤྱོད་པ་ཡིན་ན་བླ་ཆེན་ཁག་གིས་དཔུང་རུབ། བོད་གཞུང་གིས་ཤུགས་བསྐྱེད། སྤྱི་ཚོགས་ལ་ངན་བསྐུལ་བྱས་ཏེ་བྱས་རྗེས་འབུམ་ཕྲག་གཅིག་ཡོད་ཀྱང་དེ་མི་བརྗོད་པར། སྐྱོན་ཆ་ཕྲན་བུ་ཞིག་ཡོད་པ་རྒྱ་ཆེར་བཏང། བདུད་དུ་བཟོས། མིང་གོ་ཙམ་གྱིས་འཇིགས་སྐྲགས་སྐྱེས་ཏེ་བྲོས་འགྲོ་བ་ཞིག་བྱས་ཀུན་ལ་སྒྲོགས་པ་ནི་སྔོན་ནས་ད་བར་གྱི་བྱུང་བའོ། །རྒྱ་ཐོབ་རྩོད་ཆེད་སྟོན་པའི་བཀའ་ལས་མ་བྱུང་བའི། ཧུ་ཐོག་ཐུ་དང་། ནོ་མི་ཧན་སོགས་རིམ་པ་མང་པོ་ཞིག་བསྒྲིགས། དེས་བོད་སིལ་བུར་གཏོར་བ་ཡིན་ནོ། །ཀུན་ལ་ཆ་སྙོམ་གྱིས་བུ་དང་སྐྱེས་དང་ཤེས་ཡོན་དང་འཇོན་ཐང་གི་ཐོག་ནས་འགྲོ་ས་ཡོད་པ་ཡིན་ན་ཆེན་པོའི་མིང་གི་རྩོད་པ་འདི་ཡོང་དོན་མེད་དོ། །

  9. དྲི་མེད་ལྷག་བསམ། says:
    2015-07-01 at 6:35 am

    བོད་ཀྱི་རྒྱ་བླ་ཆེ་ཤོས་སུ་རེད། མཛད་པ་ཅི་གནང་འདུག རྒྱ་བླ་སྤྱིའི་ཕན་གནོད་གང་ཆེ་བཅས་ལ་བགྲོ་གླེང་གནང་བར་ཞུ། །

  10. དྲི་མེད་ལྷག་བསམ། says:
    2015-07-01 at 9:32 pm

    འདི་དངོས་ཡོད་གནས་ཚུལ་ཞིག་རེད།
    རྒྱ་ནག་ཧ་ཤང་ལག་ཏུ་དྷར་དྲིལ་གཏད།།༼རྡོར་དྲིལ་གཏད༽
    རྒྱ་ལུགས་ལྷ་ཁང་བོད་ལུགས་སྐུ་འདྲས་བཀང་།།
    རྒྱ་ཡུལ་རི་རྩེར་བོད་སྲོལ་དར་ལྕོགས་བཙུགས།།
    རྒྱ་ཡུལ་བོད་ལུགས་མང་པོས་བཀང་དེ་བཟང་།།
    ༄༅། ། རྒྱ་བླ་བསྟོད་པ་བདེན་པའི་མེ་ལོང་། རྒྱ་ནག་རི་བོ་རྩེ་ལྔ་ཞིང་ཁམས་སུ། །གཞོན་ནུའི་ཚུལ་འཆང་འཇམ་དཔལ་དཔའ་བོ་དང་། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་དྲི་མེད་བཤེས། །གཏན་གྱི་སྐྱབས་སུ་བརྟེན་ནོ་བྱིན་གྱིས་རློབས། །རྒྱ་ཆོས་བོད་དུ་འདྲེན་པ་སྔོན་ཆད་མང་། །བོད་ཆོས་རྒྱ་ལ་འདྲེན་མཁན་དིང་སང་མང་། །བོད་ཀྱི་རིག་གཞུང་གཏམ་བརྒྱུད་ལོ་རྒྱུས་དང་། །བོན་ཆོས་བཤད་དང་སྒྲུབ་པའི་རྒྱལ་མཚན་ཏེ། །རྒྱ་ཡི་ཡུལ་གྲུ་ཀུན་ལ་དར་བ་འདི། །རྒྱ་བླ་འབུ་ཟན་རྣམས་ཀྱིས་བྱས་རྗེས་ཡིན། །བོད་ཡུལ་གང་བའི་སྐུ་གསུང་ཐུགས་རྟེན་དང་། །སློབ་གྲྭ་རྒན་གསོ་ཁང་དང་སྐྱོབས་གསོ་སོགས། །བོད་གཞུང་ཆེན་པོ་ཁག་གིས་མ་འཇོན་པ། །རྒྱ་བླ་ཉམས་ཆུང་རྣམས་ཀྱིས་བསྒྲུབ་ཟིན་པས། །ལེགས་པའི་བྱ་བར་མིག་སེར་མ་བྱེད་ཅིག །བོད་ཀྱི་བཀུར་བའི་ཆོས་རྒྱུན་བླ་ཆེན་ཁག །འཕྲིན་ལས་སྤེལ་མཁན་ཉམས་ཆུང་རྒྱ་བླ་ཡིན། །ཆེན་པོའི་ཁྲི་ལ་བཞུགས་པའི་ང་རྒྱལ་གྱིས། །དྲིན་ལན་ལོག་མཇལ་ཚིག་ངན་མ་བཤད་ཅིག །མདོ་དབུས་ཀུན་ནས་བོད་ཀྱི་རིག་པའི་གཞུང་། །ཚ་རླབས་འཕྱིར་བཞིན་དར་བའི་མཛད་པ་དེ། །རྒྱ་བླ་རྣམས་ཀྱི་འཆར་གཞི་དཔལ་འབྱོར་ཡིན། །བཀའ་དྲིན་ཅན་ལ་རྡོ་ལོག་མ་སྤྲད་ཅིག །ཆེན་པོ་རྣམས་ཀྱིས་རྣ་བ་སྲབ་དང་། །ཞབས་གྲས་རྣམས་ལ་ཕྲག་དོགས་ཆེ་བ་ཡིས། །བོད་ཀྱིས་རྒྱ་བླ་འདྲེ་བཞིན་བཟོས་པ་ཏེ། །བསིལ་ལྗོངས་དུམ་བུར་གཏོར་བའི་ལྟས་ངན་ཡིན། །འཛམ་གླིང་ཡོངས་ཀྱི་རྒྱ་བླ་མཐུན་སྒྲིལ་གྱིས། །བློ་སྟོབས་དཔལ་འབྱོར་འཇུས་ལ་ཁྱོད་ཚོ་མཁས། །རྒྱ་བླ་འདྲེ་རུ་འཛིན་པའི་གཡོ་སྒྱུའི་དཔུང་། །ཐབས་ཀྱིས་བཟློག་པའི་བྱ་བར་མ་གཡེལ་ཅིག །བོད་ཀྱི་རིག་གཞུང་སྲོལ་རྒྱུན་ལེགས་ཉེས་ཀུན། །རྒྱ་ནག་ཡུལ་དུ་རྩ་བ་ཚུགས་ཟིན་པས། །བཟང་པོ་ཁོ་ན་སྤེལ་བའི་རང་སྟོད་དེ། །རང་སྡེ་མཆོག་འཛིན་ཡིན་གྱིས་ཕན་སེམས་མིན། །རྙིང་མའི་སྔགས་སྡེ་གཅེར་རྒྱུགས་མཁན་པོ་དང་། །བཀའ་རྒྱུད་སྒོམ་ཆེན་ཆ་ལེ་ཆོ་ལེ་དང་། །ས་སྐྱའི་རང་མཐོངཆེ་བའི་བཤད་པ་དང་། །སྐྱོན་བརྗོད་ལྷུར་ལེན་དགེ་ལྡན་རྩོད་པ་སོགས། །བོད་ཀྱི་ཡུལ་ལ་ཆགས་སྡང་ཅི་ཡོད་པ། །རྒྱ་རྒན་རྣམས་ཀྱི་ཀླད་པར་བླུགས་ཟིན་པས། །ཚིག་གཅིག་བཤད་ཀྱང་རང་གཟུགས་ལྷང་ངེར་སྟོན། །རྒྱ་མོའི་ཁོག་པར་བོད་ཀྱི་ཐིག་ལེས་བཀང་། །རྒྱ་རིགས་ཁ་ལ་བོད་ཀྱི་དམ་རྫས་བླུགས། །རྒྱ་རྒན་ལག་པར་བོད་ཀྱི་འཁོར་ལོ་གཏད། །རྒྱ་སྒོའི་རྒང་དུ་བོད་ཀྱི་ཡི་གེ་སྦྱར། །རྒྱ་ཡི་ཡུལ་དུ་བོད་ཀྱི་བླ་ཆུང་མང་། །རྒྱ་མི་ཕལ་ཆེར་ཁ་ན་ཡིག་དྲུག་ཡོད། །རྒྱ་བླ་ཆེན་པོ་རྒྱལ་བ་པཎ་ཆེན་དང་། །རྒྱ་ཡི་ཕོ་ཉ་ལྕང་སྐྱ་ཐུའུ་བཀྭན་དང་། །རྒྱ་མིའི་འདྲེན་པ་རྒྱལ་བ་ཀརྨ་པ། །རྒྱ་མོ་ཕལ་ཆེར་རྒྱ་བླ་འདི་ཚོར་དགའ། །རྒྱ་ཡི་ཕོ་རིགས་ཆོས་པ་ཉིན་སྐར་ཙམ། །རྒྱ་ཡི་མོ་རིགས་སྨོན་ལམ་ཚོགས་པར་མང་། །རྒྱ་མོ་འདྲེན་པའི་བོད་ཀྱིས་སྨོན་ལམ་ཀྱིས། །རྒྱ་ཡི་ཡུལ་ལ་མི་ཡི་ས་བོན་ཐེབས། །གྲངས་དང་བསྡུར་ན་རྒྱ་བླ་ཉུང་ཉུང་མིན། །སྐྱོན་ཡོན་གཉིས་ལས་ཡོན་ཏན་ཆེ་བ་ཡོད། །རྒྱ་བླ་བཟོད་པ་མེད་ན་དགེ་ལུགས་དབུལ། །རྒྱ་བླ་ཀརྨ་་མེད་ན་བཀའ་བརྒྱུད་སྤྲང་་། །རྒྱ་བླ་བསོད་དར་མེད་ན་བླ་རུང་ཞན། །བླ་ཆེན་རྣམས་ཀྱིས་ཐོབ་ཀྱིས་ལེན་པ་དང་། །བླ་ཆུང་རྣམས་ཀྱིས་གཡོ་རྒྱུས་ལེན་པ་གཉིས། །ལོག་པའི་འཚོ་བ་ཡིན་པ་གཅིག་ཏུ་གྲུབ། །རྙེད་དང་བཀུར་སྟིའི་ཆེད་དུ་མ་རྩོད་ཅིག །ཐོབ་དང་གོ་ས་གཞུང་ཞབས་ཁོ་ནས་མིན། །དད་པ་ཡོད་ན་རྡོ་ལས་རང་བྱོན་འབྱུང་། །སྦྱིན་བདག་རྩོད་པའི་ཆེན་པོའི་གཡོ་རྒྱུ་ལ། །གཟུ་བོའི་བློ་ཅན་རྣམས་ཀྱིས་གཟབ་པར་འཚལ། །ཞབས་འདྲེན་མཁན་ནི་རྒྱ་གར་ཡུལ་ན་མང་། །རྒྱ་གར་ཡུལ་དུ་མི་ཚེ་བསྐྱལ་ནའང། །བྲམ་ཟེའི་བུ་མོར་ས་བོན་མི་ཐེབས་ན། །ནག་པོ་རྒྱ་ཡི་ཡུལ་དུ་ཕེབས་པར་མཛོད། །རྒྱ་བླ་རྣམས་ཀྱིས་གྲོག་མ་ཟས་འཚོལ་བཞིན། །རྣ་སྡུག་གཏམ་ངན་སྣ་ཚོགས་ཁྱད་བསད་དེ། །སེར་སྣས་བསག་པའི་ནོར་གྱིས་གསོ་སྐྱོང་ལ། །གཤེ་བའི་ལོག་སྒྲུབ་འདི་གོ་སྲིན་པོའི་གཤིས། །བཟང་པོའི་བྱས་པ་འབུལ་ཕྲག་བཏང་སྙོམ་བཞག །སྐྱོན་ཆ་པྲན་བུ་ཙམ་རེ་ཆེན་པོ་བཟོས། །དམོད་ངན་ཐལ་བ་འདེབས་པའི་ལས་ངན་ལ། །ལྷག་བསམ་དྲི་མ་མེད་པས་གཏམ་འདི་ཐལ། །ཅེས་ཀྱང་སྨྲའོ། །

  11. དྲི་མེད་ལྷག་བསམ། says:
    2015-07-01 at 11:40 pm

    བཅོས། རྒྱ་བླ་རྩྭ་ཟན་རྣམས་ཀྱིས་བྱས་རྗེས་ཡིན། ཡང་། བཟང་པོའི་བྱས་པ་འབུམ་ཕྲག་བཏང་སྙོམ་བཞག །

  12. པདྨ says:
    2015-07-02 at 9:33 am

    མཁས་དབང་དྲི་མེད་ལྷག་བསམ་གྱི་གསུང་དེ་རྒྱ་བླའི་རང་བཞིན་བརྗོད་པ་ཞིག་ཏུ་མཐོང་བས་བཀའ་དྲིན་ཆེ། ད་དུང་རྒྱ་བླ་ཁྲེལ་མེད་འགའ་རེར་ཞིབ་ཆ་ཐོན་མི་འདུག ཁྱད་པར་རྒྱ་གྲོང་ནང་དུ་འདུག་ནས་ནང་རྒྱལ་བསྟན་ལ་ཞིབ་འཇུག་ཚོགས་པ་དེ་ཚོ་བསྟན་པ་ལ་ཕན་ཐོག་རྒྱ་ཆེ་ཡོད་ས་རེད། ཧ ཧ
    རྒྱ་བླ་ཕལ་ཆེར་ཚེ་འདིར་གཅིག་པུར་འབད།།
    རྒྱ་མོ་ཕལ་ཆེར་སྤྲང་མོ་མིང་མེད་བཟོས།།
    རྒྱ་བོད་དབུ་མའི་ཟམ་ཆེན་རྒྱ་སྤྲུལ་རྣམས།།
    རྒྱ་སྐད་ཤེས་ན་སྨྲ་མཁན་ནེ་ཚོ་འདྲ།།
    བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

  13. བེ་རེ་གདོང་ནག says:
    2015-07-02 at 1:40 pm

    རྒྱ་བླ་རྒྱ་སྒོར་དགའ་བ་གཅིག་ཡིན་ཀྱང་། རྒྱ་བླ་སོ་སོའི་ལས་དབང་མི་གཅིག་པས། རྒྱ་བླ་ཕར་ཆེར་ཆོས་ཀྱི་ཚོང་པ་ཟེར། རྒྱ་བླ་རེ་བཟུང་ཆོས་ཀྱི་རྒྱལ་པོ་འབོད། རྒྱ་བླ་ཚང་མས་བོད་ཀྱི་ཡུལ་ཁམས་སུ། རྒྱ་དངུལ་ཁྱེར་ཏེ་ཕན་བདེ་སྒྲུབ་ན་ཡང་། རྒྱ་བླ་སོ་སོའི་ལས་ཀྱི་བཟང་ངན་ལས། རྒྱ་བླ་ཕར་ཆེར་ཀུན་གྱིསསྡིག་དམོད་བྱེད། རྒྱ་བླ་རེ་ཟུང་བྱས་རྗེས་ཅན་དུ་གྱུར། རྒྱ་སྐད་བཤད་ལ་ཐོགས་མེད་པ་དང་། རྒྱ་མའི་རྨོངས་དད་སེམས་ཁམས་རྒྱུས་ཡོད་ན། རྒྱ་བླ་ཆགས་པར་དོགས་པ་མིན་དགོས་ཀྱང་། རྒྱ་བླ་ཡག་ཉེས་གང་ཆགས་སོ་སོའི་ལས། རྒྱ་ཡི་ཡུལ་གྱི་རྒྱ་བླ་འཁྱམས་པོ་དང་། རྒྱ་ཡུལ་འགྲིམས་པའི་བོད་བླ་སུ་ཡིན་ཀྱང་། རྒྱ་མའི་སེམས་ལ་བོད་ལུགས་བག་ཆག་དང་། རྒྱ་སྒོར་བོད་འདྲེན་ཙམ་གྱི་བྱས་རྗེས་ཤིག རྒྱ་བླ་ཡིན་ཚད་ཀུན་ལ་འབྱོན་ཐང་ཡོད།

  14. དྲི་མེད་ལྷག་བསམ། says:
    2015-07-02 at 11:30 pm

    པདྨ་དང་།བེ་རི་གདོང་ནག་གཉིས་ཀས་རྒྱ་བླ་ལ་དཔྱད་པ་གནང་པ་ལེགས།

  15. དྲི་མེད་ལྷག་བསམ། says:
    2015-07-02 at 11:35 pm

    ནོར་བཅོས། ༄༅། ། རྒྱ་བླ་བསྟོད་པ་བདེན་པའི་མེ་ལོང་། རྒྱ་ནག་རི་བོ་རྩེ་ལྔ་ཞིང་ཁམས་སུ། །གཞོན་ནུའི་ཚུལ་འཆང་འཇམ་དཔལ་དཔའ་བོ་དང་། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་དྲི་མེད་བཤེས། །གཏན་གྱི་སྐྱབས་སུ་བརྟེན་ནོ་བྱིན་གྱིས་རློབས། །རྒྱ་ཆོས་བོད་དུ་འདྲེན་པ་སྔོན་ཆད་མང་། །བོད་ཆོས་རྒྱ་ལ་འདྲེན་མཁན་དིང་སང་མང་། །བོད་ཀྱི་རིག་གཞུང་གཏམ་བརྒྱུད་ལོ་རྒྱུས་དང་། །བོན་ཆོས་བཤད་དང་སྒྲུབ་པའི་རྒྱལ་མཚན་ཏེ། །རྒྱ་ཡི་ཡུལ་གྲུ་ཀུན་ལ་དར་བ་འདི། །རྒྱ་བླ་རྩྭ་ཟན་རྣམས་ཀྱིས་བྱས་རྗེས་ཡིན། །བོད་ཡུལ་གང་བའི་སྐུ་གསུང་ཐུགས་རྟེན་དང་། །སློབ་གྲྭ་རྒན་གསོ་ཁང་དང་སྐྱོབས་གསོ་སོགས། །བོད་གཞུང་ཆེན་པོ་ཁག་གིས་མ་འཇོན་པ། །རྒྱ་བླ་ཉམས་ཆུང་རྣམས་ཀྱིས་བསྒྲུབ་ཟིན་པས། །ལེགས་པའི་བྱ་བར་མིག་སེར་མ་བྱེད་ཅིག །བོད་ཀྱི་བཀུར་བའི་ཆོས་རྒྱུན་བླ་ཆེན་ཁག །འཕྲིན་ལས་སྤེལ་མཁན་ཉམས་ཆུང་རྒྱ་བླ་ཡིན། །ཆེན་པོའི་ཁྲི་ལ་བཞུགས་པའི་ང་རྒྱལ་གྱིས། །དྲིན་ལན་ལོག་མཇལ་ཚིག་ངན་མ་བཤད་ཅིག །མདོ་དབུས་ཀུན་ནས་བོད་ཀྱི་རིག་པའི་གཞུང་། །ཚ་རླབས་འཕྱིར་བཞིན་དར་བའི་མཛད་པ་དེ། །རྒྱ་བླ་རྣམས་ཀྱི་འཆར་གཞི་དཔལ་འབྱོར་ཡིན། །བཀའ་དྲིན་ཅན་ལ་རྡོ་ལོག་མ་སྤྲད་ཅིག །ཆེན་པོ་རྣམས་ཀྱིས་རྣ་བ་སྲབ་དང་། །ཞབས་གྲས་རྣམས་ལ་ཕྲག་དོགས་ཆེ་བ་ཡིས། །བོད་ཀྱིས་རྒྱ་བླ་འདྲེ་བཞིན་བཟོས་པ་ཏེ། །བསིལ་ལྗོངས་དུམ་བུར་གཏོར་བའི་ལྟས་ངན་ཡིན། །འཛམ་གླིང་ཡོངས་ཀྱི་རྒྱ་བླ་མཐུན་སྒྲིལ་གྱིས། །བློ་སྟོབས་དཔལ་འབྱོར་འཇུས་ལ་ཁྱོད་ཚོ་མཁས། །རྒྱ་བླ་འདྲེ་རུ་འཛིན་པའི་གཡོ་སྒྱུའི་དཔུང་། །ཐབས་ཀྱིས་བཟློག་པའི་བྱ་བར་མ་གཡེལ་ཅིག །བོད་ཀྱི་རིག་གཞུང་སྲོལ་རྒྱུན་ལེགས་ཉེས་ཀུན། །རྒྱ་ནག་ཡུལ་དུ་རྩ་བ་ཚུགས་ཟིན་པས། །བཟང་པོ་ཁོ་ན་སྤེལ་བའི་རང་སྟོད་དེ། །རང་སྡེ་མཆོག་འཛིན་ཡིན་གྱིས་སྤྱི་དོན་མིན། །རྙིང་མའི་སྔགས་སྡེ་གཅེར་རྒྱུགས་མཁན་པོ་དང་། །བཀའ་རྒྱུད་སྒོམ་ཆེན་ཆ་ལེ་ཆོ་ལེ་དང་། །ས་སྐྱའི་རང་མཐོངཆེ་བའི་བཤད་པ་དང་། །སྐྱོན་བརྗོད་ལྷུར་ལེན་དགེ་ལྡན་རྩོད་པ་སོགས། །བོད་ཀྱི་ཡུལ་ལ་ཆགས་སྡང་ཅི་ཡོད་པ། །རྒྱ་རྒན་རྣམས་ཀྱི་ཀླད་པར་བླུགས་ཟིན་པས། །ཚིག་གཅིག་བཤད་ཀྱང་རང་གཟུགས་ལྷང་ངེར་སྟོན། །རྒྱ་མོའི་ཁོག་པར་བོད་ཀྱི་ཐིག་ལེས་བཀང་། །རྒྱ་རིགས་ཁ་ལ་བོད་ཀྱི་དམ་རྫས་བླུགས། །རྒྱ་རྒན་ལག་པར་བོད་ཀྱི་འཁོར་ལོ་གཏད། །རྒྱ་སྒོའི་རྒང་དུ་བོད་ཀྱི་ཡི་གེ་སྦྱར། །རྒྱ་ཡི་ཡུལ་དུ་བོད་ཀྱི་བླ་ཆུང་མང་། །རྒྱ་མི་ཕལ་ཆེར་ཁ་ན་ཡིག་དྲུག་ཡོད། །རྒྱ་བླ་ཆེན་པོ་རྒྱལ་བ་པཎ་ཆེན་དང་། །རྒྱ་ཡི་ཕོ་ཉ་ལྕང་སྐྱ་ཐུའུ་བཀྭན་དང་། །རྒྱ་མིའི་འདྲེན་པ་རྒྱལ་བ་ཀརྨ་པ། །རྒྱ་མོ་ཕལ་ཆེར་རྒྱ་བླ་འདི་ཚོར་དགའ། །རྒྱ་ཡི་ཕོ་རིགས་ཆོས་པ་ཉིན་སྐར་ཙམ། །རྒྱ་ཡི་མོ་རིགས་སྨོན་ལམ་ཚོགས་པར་མང་། །རྒྱ་མོ་འདྲེན་པའི་བོད་ཀྱིས་སྨོན་ལམ་ཀྱིས། །རྒྱ་ཡི་ཡུལ་ལ་མི་ཡི་ས་བོན་ཐེབས། །གྲངས་དང་བསྡུར་ན་རྒྱ་བླ་ཉུང་ཉུང་མིན། །སྐྱོན་ཡོན་གཉིས་ལས་ཡོན་ཏན་ཆེ་བ་ཡོད། །རྒྱ་བླ་བཟོད་པ་མེད་ན་དགེ་ལུགས་དབུལ། །རྒྱ་བླ་ཀརྨ་་མེད་ན་བཀའ་བརྒྱུད་སྤྲང་་། །རྒྱ་བླ་བསོད་དར་མེད་ན་བླ་རུང་ཞན། །བླ་ཆེན་རྣམས་ཀྱིས་ཐོབ་ཀྱིས་ལེན་པ་དང་། །བླ་ཆུང་རྣམས་ཀྱིས་གཡོ་རྒྱུས་ལེན་པ་གཉིས། །ལོག་པའི་འཚོ་བ་ཡིན་པ་གཅིག་ཏུ་གྲུབ། །རྙེད་དང་བཀུར་སྟིའི་ཆེད་དུ་མ་རྩོད་ཅིག །ཐོབ་དང་གོ་ས་གཞུང་ཞབས་ཁོ་ནས་མིན། །དད་པ་ཡོད་ན་རྡོ་ལས་རང་བྱོན་འབྱུང་། །སྦྱིན་བདག་རྩོད་པའི་ཆེན་པོའི་གཡོ་རྒྱུ་ལ། །གཟུ་བོའི་བློ་ཅན་རྣམས་ཀྱིས་གཟབ་པར་འཚལ། །ཞབས་འདྲེན་མཁན་ནི་རྒྱ་གར་ཡུལ་ན་མང་། །རྒྱ་གར་ཡུལ་དུ་མི་ཚེ་བསྐྱལ་ནའང། །བྲམ་ཟེའི་བུ་མོར་ས་བོན་མི་ཐེབས་ན། །ནག་པོ་རྒྱ་ཡི་ཡུལ་དུ་ཕེབས་པར་མཛོད། །རྒྱ་བླ་རྣམས་ཀྱིས་གྲོག་མ་ཟས་འཚོལ་བཞིན། །རྣ་སྡུག་གཏམ་ངན་སྣ་ཚོགས་ཁྱད་བསད་དེ། །སེར་སྣས་བསག་པའི་ནོར་གྱིས་གསོ་སྐྱོང་ལ། །གཤེ་བའི་ལོག་སྒྲུབ་འདི་གོ་སྲིན་པོའི་གཤིས། །བཟང་པོའི་བྱས་པ་འབུམ་ཕྲག་བཏང་སྙོམ་བཞག །སྐྱོན་ཆ་པྲན་བུ་ཙམ་རེ་ཆེན་པོ་བཟོས། །དམོད་ངན་ཐལ་བ་འདེབས་པའི་ལས་ངན་ལ། །ལྷག་བསམ་དྲི་མ་མེད་པས་གཏམ་འདི་ཐལ། །ཅེས་ཀྱང་སྨྲའོ། །

  16. དམུ་ཐག་གི་བུ་རྒྱུད། says:
    2015-07-03 at 5:21 am

    ད་གང་ལྟར
    རྒྱ་བླས་རྒྱ་རྒྱུ་བོད་དུ་དྲངས།།
    རྒྱ་བླས་རྒྱ་མོར་བོད་ཕྲུག་བཞག །
    རྒྱ་བླས་རྒྱ་ལ་བོད་ཡིག་བསླབ།།
    རྒྱ་བླས་རྒྱ་ལ་བོད་ཆོས་བཤད།།

    དཔལ་འབྱོར་ཡར་རྒྱས་དེ་ཡིས་བཏང་།།
    མི་རིགས་རྒྱུད་སྤེལ་དེ་ཡིས་བྱས།།
    རིག་གཞུང་སྲུང་སྐྱོབས་དེ་ཡིས་བྱས།།
    དེ་ལས་ལྷག་ཅིག་སུ་ཡིས་ནུས།།

    མི་བདེན་གི་ཟེར་་་་་་་་་

  17. ཁྱུང་སེ། says:
    2015-07-03 at 6:59 am

    ༼བོད་སྔ་མའི་སྐབས་སུ༽
    བོད་བླས་རྒྱ་མོ་མནའ་མར་བསུས།།
    བོད་བླས་རྒྱ་དམག་བོད་ལ་དྲངས།།
    བོད་བླས་རྒྱ་ཞྭ་མགོ་ལ་མནབ།།
    བོད་བླས་མཐའ་མ་རྒྱ་ལ་སྤྲད།།
    ༼ ད་ལྟའི་སྐབས་སུ༽
    བོད་བླས་རྒྱ་མིར་ནང་ཆོས་བཤད།།
    བོད་བླས་རྒྱ་མགོ་འཁོར་དུ་བཅུག
    བོད་བླས་རྒྱ་དངུལ་བོད་ལ་ཁྱེར།།
    བོད་བླས་རྒྱ་མོར་བོད་ཕྲུག་བཟོས།།
    འདི་དག་ཐམས་ཅད་ལས་འབྲས་ཡིན།།
    ནུབ་བླ་རྒྱ་བླ་བོད་བླ་ཐམས་ཅད་ཀྱིས།།
    མི་མགོ་བསྐོར་བར་གཅིག་ཏུ་མཚུངས་ན་ཡང།།
    རྒྱ་བླས་ནོར་ལྷ་འཛམ་ལྷ་སྒྲ་ལྷ་བསྒྲུབ།།
    ནུབ་བླས་མེད་མུག་ད་ཕྲུག་གསོ་ཚུལ་བསྒྲགས།།
    དོན་དུ་ཇི་ལྟར་བསྒྲུབ་མིན་དཔྱད་པར་མཛོད།།

  18. དྲི་མེད་ལྷག་བསམ། says:
    2015-07-04 at 9:12 am

    ཨོ་རེད། ད་ནི་རྒྱ་བླ། བོད་བླ། ཕྱི་བླའམ་ཨིན་བླ་སོགས་ཀྱི་དགེ་སྐྱོན་སྲང་ལ་གཞལ་བའི་དུས་ལ་སླེབས་འདུག །ཆོས་དང་སུ་མཐུན། བྱས་རྗེས་སུ་ཆེ། སྐྱོན་སུ་ལ་ཆེ་དཔྱད་པ་བྱས་ནས་རྩོམ་ཡིག་སྤེལ་ན་གསལ་བོ་ཤེས་འོངས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme