Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྣང་སྟོང་སྒྱུ་མའི་ཞིང་འདིར་ཐེངས་གཅིག་ཉུལ།།

Posted on 2010-03-192010-03-19 By ཁ་བརྡ་ 54 Comments on སྣང་སྟོང་སྒྱུ་མའི་ཞིང་འདིར་ཐེངས་གཅིག་ཉུལ།།

ཚེ་རིང་སྐྱིད།

ཉི་འོད་འཇམ་པོ་་འཕྲོས་པའི་ཕར་ངོགས་སུ།།
རླུང་བུ་གྲང་གྲང་ཞིག་ཀྱང་ལྡིང་ནས་ཡོང་།།
དྲོད་གྲང་མཉམ་དུ་སྟེར་བའི་གནམ་ཟླ་འདིས།།
ཨ་མའི་གམ་གྱི་ལོ་ཟླ་དྲན་པར་བྱོས།།

ཨ་མས་གནང་བའི་སྐྲ་ལོ་འཇམ་པོ་དེ།།
རླུང་གིས་ག་ལེར་སྒུལ་བའི་ངང་ཚུལ་དེས།།
ཨ་མའི་ཕྱག་ཟུང་བརྐྱངས་ནས་གཅེས་གཅེས་ཀྱི།།
ངང་ཚུལ་རབ་རིབ་ཅིག་གིས་འཕྲུུལ་བར་བྱས།།

ལོ་མ་དུས་ཀྱིས་བཅོམ་པའི་ཤིང་སྡོང་དེ།།
གནས་ལུགས་ཁྲི་མ་འབུལ་གྱི་བསྟན་བཅོས་རེད།།
གླེགས་བམ་མཐུག་པོ་ལྟ་ལོང་མ་བྱུང་ཡང་།།
འཁོར་བར་སྙིང་པོ་མེད་པའི་ངེས་ཤེས་རྙེད།།

བག་མེད་ལོངས་སྤྱོད་འཚོ་བའི་ཆ་ཤས་ཀྱིས།།
འཁོར་བའི་ཆོས་ཉིད་བསྒྱུར་བའི་གནས་ལུགས་མེད།།
ཆགས་སྲེད་བདེ་སྣང་སྟོང་གི་ངང་ཚུལ་དེ།།
སྐད་ཅིག་སྒྱུ་མའི་ཞིང་གི་ཀུ་རེ་ཙམ།།

སྔ་དགོང་གང་དུ་འདུར་བའི་མཆི་བདག་གིས།།
སུ་དང་གང་ཡང་ཐར་ལམ་མི་གཏོང་བའི།།
མཐོ་དམའ་ཡོད་ཚད་འགྲོ་སའི་མཆི་བའི་ལམ།།
ང་དང་ཁྱེད་ཀྱི་སྐེ་རུ་བཀྲུས་ནས་ཡོད།།

ང་ཡིས་ཆོས་ཉིད་ཀློག་ཞོར་ཀློག་ཞོར་ཡོང་།།
ཁྱེད་ཀྱང་འཁོར་བ་འགྲིམས་བཞིན་འགྲིམས་བཞིན་ཡོང་།།
མཆི་བདག་ཕར་ན་སྒུག་པའི་གནས་ལུགས་དེ།།
སུ་དང་གང་ཡང་བཞོལ་ཐབས་མི་འདུག་ཨང་།།

སྐྱེས་པ་ཐུང་ཐུང་འདི་ཡི་མགོ་མཇུག་ཏུ།།
རེ་སྐྱིད་རེ་སྡུག་འཚང་ཀ་ཤིག་ཤིག་རེད།།
འགྲོ་ཀུན་འདི་ལས་་བགྲོལ་བའི་སངས་རྒྱས་ཤིག
གནམ་སའི་བར་སྣང་གང་ན་བཞུགས་ཡོད་དམ།།

རབ་མཛེས་ལང་ཚོའི་ལུས་དེ་དུས་ཀྱིས་འཇོམས།།
རབ་འབར་དཔལ་ཡོན་དེ་ཡང་དུས་ཀྱིས་འཇོམས།།
རབ་ཡངས་འཁོར་བ་འདི་ཡང་དུས་ཀྱིས་འཇོམས།།
རབ་སྐྱིད་བདེ་བ་དེ་ཡང་སྐད་ཅིག་ཙམ།།

དེ་རིང་གནམ་གྱི་སྤྲིན་པར་ལྟ་ཞོར་ལ།།
དེ་རིང་ས་ཡི་མི་ཚོགས་ལྟ་ཞོར་ལ།།
དེ་རིང་རང་གིས་རང་ལ་ལྟ་ཞོར་ཏུ།།
སྣང་སྟོང་སྒྱུ་མའི་ཞིང་འདིར་ཐེངས་གཅིག་ཉུལ།།

སྙན་ངག

Post navigation

Previous Post: ཚེས་པ་དང་པོ།
Next Post: རང་ཉིད་ཀྱི་རིན་ཐང་གླེང་བ

Comments (54) on “སྣང་སྟོང་སྒྱུ་མའི་ཞིང་འདིར་ཐེངས་གཅིག་ཉུལ།།”

  1. མེ་ཆ་། says:
    2010-03-19 at 11:37 pm

    གནམ་འོག་གི་ཆོས་། ད་ཐེངས་ད་ངས་ཨང་དང་པོ་ལོན་ད་ལོ་། ད་ཅང་ཟིག་འགོ་ལོ་མ་རེད་། ཨ་ཁུ་ཟླ་མེད་ཅ་མགོ ་ཐོན་ལ་ ཡོད་ལོ་། ལྟས་ཨ་།

  2. མགོ་རུལ། says:
    2010-03-19 at 11:56 pm

    སྙན་པོ་བྱུང་།

  3. རྩམ་དགའ་ says:
    2010-03-20 at 12:22 am

    གོང་མ་ལྷ་ཡི་བཀའ་ཁྱད་མ་ཕོག་གོང་། །
    གཤིན་རྗེའི་ཕོ་ཉས་གཉའ་ནས་མ་འཇུས་བར། །
    སྐྱིད་སྡུག་རེས་སུ་འཁོར་བའི་གོ་ལ་འདིར། །
    བསྐྱུར་ཐབས་སུ་དང་གང་ལ་ཡོད་མ་ཡིན། །

  4. གཅན་བཟོད་རྒྱམ། says:
    2010-03-20 at 12:32 am

    རྩམ་དགའ་འདི་རོང་བ་ཞིག་ཡིན་ས་རེད་ཀོ བཀའ་ཆད་ཟེར་ནི་ལོས་ཡིན་ར། བཀའ་ཁྱད་ཟེར་ན་ཚིག་སྟབས་མི་བདེ་བ་ཞིག་བཙན་གྱིས་རྒྱག་ན་ལས་ཚིག་འགྲེལ་ཡང་མི་འོང་གཱ དེ་རིང་ད་ང་ར་འཛུལ་ཞུགས་བྱེད་ཀི་ཡིན་དཱ། རྩམ་དགའ་གང་འདྲ་ཡིན་མི་ཤེས་ཏེ། ཨ་ཀུ་ཟླ་མེད་ལ་དོ་ཟླ་ཡོང་ནོ་ཁོ་ཐག་ཡིན། ཡུམ་ཕོ་སར་བདེ་མི་ཞིག་མེད་ན། ཨོ་ལེད།

  5. གཅན་བཟོད་རྒྱམ། says:
    2010-03-20 at 12:38 am

    ཡིད་འཕྲོག་རབ་མཛེས་ལང་ཚོ་ལྡན་པའི་དུས།།
    སེམས་ལ་འདྲ་མིན་མ་དྲན་བུ་མོ་ལགས།།
    སྣང་བ་སྟོང་པ་ཡིན་ཀྱང་རྒྱང་དུ་དོར།།
    འཇིག་རྟེན་མི་ཡི་ལས་ལ་རབ་ཏུ་བརྩོན།།

    ད་ཡང་རང་འཚམ་འབྲས་བུ་ཅུང་གདའ་བས།།
    དུས་བཟང་དོན་མེད་ཆུད་ཟས་མ་བྱེད་ཀྱེ།།
    གསེར་གྱི་གོ་སྐབས་གསེར་གྱི་རིན་དུ་སོམས།།
    མ་འོངས་མི་འགྱངས་དོན་ཆེན་བགྲུབ་རེའང་ཆེ།།

  6. རྩམ་དགའ་ says:
    2010-03-20 at 1:02 am

    དེ་རིང་ད་རྩམ་དགའ་ངས་ཞབས་འདྲེན་བྱས་དང་ནོ་་་་་ཁྱོད་ཡིན་ནོ་བཟང་སོང་ནི་རེད་མ་གཏོགས་ང་སྒོ་ལ་ག་འདྲ་ཟིག་བྱས་ནས་འགྲོ་ཨེ་རེད་་་་་་་ངས་ཡིག་ནོར་གཅིག་ཤོར་་་་་ཁྱོད་ཀྱིས་ཡིག་ནོར་རྟ་མགོར་འདྲ་བོ་གཉིས་གསུམ་ཞིག་ཤོར་་་་་་ཧ་ཧ་

  7. གཅན་བཟོད་རྒྱམ། says:
    2010-03-20 at 1:06 am

    ངས་ཁྱོད་རོང་བ་ཞིག་རེད་ཟེར་བ་མ་གཏོགས་ཡིག་ནོར་ཤོར་ཡོད་མེད་བཤད་ཀི་མེད། ངས་ཡིག་ནོར་གཉིས་ཤོར་ཡོད་ན་ཁྱོད་གཙོས་དྲ་གྲོགས་ཚང་མར་དགོངས་དག་ཞུ་ཞུ་ཞུ་ཡ། ཨ་རྩམ་དགའ་རྩམ་སྐྱ་ཁ། ཧ་ཧ་ཧ་ཧ

  8. གཅན་བཟོད་རྒྱམ། says:
    2010-03-20 at 1:09 am

    ཡ་ད་དི་གཟེས་ར། ཁྱོད་རྒྱ་གར་ལ་ནམ་ཡོང་རྒྱུ་ཡིན། རྩམ་པ་ཉོས་ཚར་ཡིན། ཤ་དང་ཆང་སྐབས་ཐོག་ཏུ་ཉོས་ན་ཆོག་ནི་རེད། འོན་ཀྱང་ཕོ་བ་གཙང་མ་ཞིག་དང་འཇུ་སྟོབས་ཅན་ཞིག་མིན་ན་རྒྱ་གར་ནས་ཟ་མ་ཡག་པོ་ཞིག་འཇུ་དཀའ་གི་ཡ།

  9. ལྷག་བསམ། says:
    2010-03-20 at 2:03 am

    མཚམས་རེ་སྐྱིད་ལ་མཚམས་རེ་སྡུག་བསྔལ་བ།
    འཇིགས་རྟེན་འཁོར་བའི་ཆོས་ཀྱི་སྣང་ཚུལ་ཡིན།
    སྣང་ཚུལ་འདི་ལ་བསམ་ན་ཡིད་རེ་སྐྱོ།
    སྐྱོ་བཞིན་སྐྱོ་བཞིན་མི་ཚེ་དེ་གར་ཟད།

    དཔལ་འབྱོར་ནོར་ལ་རྔམས་ནས་ཨ་རིལ་ཡོང་།
    ནོར་རྫས་ཅུང་ཟད་འབྱོར་ཀྱང་བདེ་སྐྱིད་དབེན།
    སུ་དང་འགྲོགས་ཀྱང་མགོ་སྐོར་གཡོ་འཕྲུལ་མང་།
    ཁེར་རྐྱང་སེམས་སྡུགས་ཉིན་རེ་བཞིན་དུ་རྒྱས།

  10. ལྷག་བསམ། says:
    2010-03-20 at 2:14 am

    རང་གི་སེམས་ཉིད་རྟོགས་ན་སངས་རྒྱས་ཡིན།
    སངས་རྒྱས་གཞན་དུ་མ་འཚོལ་རང་སེམས་ལྟོས།
    སངས་རྒྱས་སེམས་ཉིད་ཆོས་སྐུའི་རང་བཞིན་ལས།
    གནམ་སའི་བར་ནས་སངས་རྒྱས་རྙེད་མི་འགྱུར།

  11. རྩམ་དགའ་ says:
    2010-03-20 at 2:24 am

    ཨ་རོག་་་་ང་གཟའ་ཟླ་བའི་ཉིན་གུང་དྷི་ལིར་སླེབས་ཀི་ཡོད། རྩམ་པ་ཉོས་ཡོད་ཟེར་དུས་ངོ་མས་སེམས་དགའ་ནི་ཟིག་རེད་ཀོ་་ཨ་རོག གཞན་ཆང་ཟོག་ད་རུང་མ་ཉོ་་་་་་ངེད་གཉིས་ཆང་ཁང་སྐྱིད་པོ་ཞིག་ནང་ལ་མཛེས་མ་ཁ་ཤས་དང་འགྲོགས་ནས་འཐུང་བ་འགྲོ་ར་ཧྲ་ག་ཟེར། ད་དི་ཡེད་ཀོ

  12. གཞོན་ནུ་ཟླ་མེད says:
    2010-03-20 at 2:34 am

    མོ་ཐོ་ཞོན་ནས་མགྱོགས་སུ་རྒྱུགས་ན་ཡང་།།
    ཕོ་སར་ཁ་ཤས་སྔོན་ལ་ཤོར་སོང་ཟིག།
    པོ་ཏོ་རྗེས་སུ་ལྷག་རུང་སྐྱོན་མེད་ཀི།
    བོ་ཏི་ནང་གི་མགུར་མ་བཞེངས་རྒྱུ་ཡིན།།

    སྙིང་བོ་མེད་པ་འཁོར་བའི་འདམ་ཉོག་ནས།།
    སྙིང་ལ་ཟུག་པའི་མཛའ་མོར་འཐམ་བཞིན་དུ།།
    སྙིང་ཀ་བདེ་གཤེགས་ཆོས་ཀྱི་འཁོར་ལོ་ནས།།
    སྙིང་བོ་ལེན་པའི་གདམས་པ་འདི་ལྟར་ཡོད།།

    ཁ་ཡི་བསིལ་ཆང་ཀུན་ནས་གཏོར་བ་ན།།
    ཀུ་མུའི་འཛུམ་མདངས་འོག་ནས་བཞེད་འགྲོ་བ།།
    བྲང་གི་རྩིད་པ་བུམ་པར་བརྡར་བ་ན།།
    གཏེ་བའི་གཏུམ་མོེ་མེ་ལྟར་འབར་འགྲོ་བ།།

    སྤྱི་བོའི་ཧཾ་ལས་ཀུན་ད་བབས་པ་ན།།
    མགྲིན་པ་སྙིང་ཀ་ལྟེ་བའི་རྩ་འཁོར་རྣམས།།
    གྲོལ་ནས་ཡར་བབས་མས་བརྟན་བྱེད་པ་ཡི།།
    མཆོག་ཏུ་དགའ་བའི་ཉམས་བརྒྱའི་གར་ལ་རོལ།།

  13. གཞོན་ནུ་ཟླ་མེད says:
    2010-03-20 at 2:51 am

    སྣང་སྟོང་སྒྱུ་མ་ཟེར་བའི་སྐད་པོ་ཆེ།།
    ལོ་ངོ་ཉི་ཤུར་སྦྱང་ནས་མ་ཤེས་ཐལ།།
    དེ་རིང་མཛེས་མའི་ཞལ་ནས་གསུང་དང་ན།།
    ལྷམ་མེ་ལྷན་ནེ་ལྷང་ངེར་ཤེས་ལ་ཁད།།

    འོད་གསལ་ཕྱག་རྒྱ་ཆེན་པོའི་ཞལ་རས་ཡང་།།
    དེང་སང་པོ་ཏི་ནང་ནས་མ་བཞུགས་པར།།
    ལང་ཚོ་དར་མའི་ལྕེ་རྩེར་སྦས་པ་འདྲ།།
    དབུགས་ཐེངས་གཅིག་གིས་གསལ་བར་བསྟན་ལ་གཟིགས།།

  14. ཚེ་རིང་སྐྱིད་ཀྱི་དགའ་རོགས་ says:
    2010-03-20 at 3:04 am

    ཚེ་རིང་སྐྱིད་ཁྱེད་ཀྱིས་ཨ་རིག་འགྱུར་མེད་ལ་ཡ་མ་བྱེད་པ་དང་།ད་དུང་སྒོ་མང་གི་གྲ་ལོག་དེར་ཚ་བོ་ཁ་ཤས་སྤྲད་ཀྱང་ཐ་མར་ང་ཡི་པང་དུ་ལོག་པར་ང་སེམས་པ་དགའ་བྱུང་།

  15. ཕུག་རོན། says:
    2010-03-20 at 4:49 am

    ཚིག་དོན་གཉིས་ཀྱི་ཆ་ནས་སྙན་པོ་འདུག ཤུ་རེ་བྱོས་ལོབས།

  16. གནམ་ལྕགས། says:
    2010-03-20 at 5:12 am

    འདིའི་མིང་ལ་ངེས་འབྱུང་ཟེར་བ་རེད། ང་ཚོའི་མི་ལ་ངེས་འབྱུང་གློ་བུར་བ་རེ་སྐྱེ་འོང་དུས་སྐབས་ལ་ལར་དགོད་བྲོ་བ་དེ་འདྲ་ཡང་ཡོད། དཔེར་ན་ཁ་ཤས་ངུ་བ་དང་ཁ་ཤས་དགོད་པ་སོགས་བྱེད་ངེས་ཡིན། དེ་རིང་མཛངས་མ་ཚེ་རིང་སྐྱིད་ཀྱིས་རང་ལ་སྐྱེས་པའི་ངེས་འབྱུང་དེ་ཚིགས་སུ་བཅད་པའི་རི་མོར་ཕབ་པ་དེ་རེད། འདི་འདྲའི་སྐབས་སུ། ཆེས་མི་འདོད་པ་དེ་འཇིག་རྟེན་ནས་འཚོ་སྡོད་བྱེད་མི་འདོད་པ་དེ་རེད། ཡིན་ནའང་དེར་རང་ཉིད་ཀྱིས་གདོང་ལེན་ཡག་པོ་ཞིག་བྱེད་མ་ཐུབ་ཚེ། ད་གཟོད་འཇིག་རྟེན་གྱི་ཆེས་མི་སྡུག་པའི་སྣེ་མོ་མང་བོས་སྡོམ་ངེས་པ་དེ་རེད། དེས་ན་འདི་འདྲ་བྲིས་པའི་རྗེས་ནས་ཡང་མི་ལ་ལར་ཕྱིར་འགྱོད་བྱེད་པ་དེ་འདྲ་ཡང་ཡོད།

  17. གནམ་ལྕགས། says:
    2010-03-20 at 5:17 am

    ཨོ་བརྗེད་སོང་བ་ཞིག་ལ། གོང་གི་འདི་འདྲ་ནི་དུས་དང་དུས་སུ་འབྲི་དགོས་ངེས་ཤིག་ཡིན། འདི་ལྟར་བྲིས་ནས་ཟིན་བྲིས་སུ་ཉར་བསྡད་ཚེ། དུས་དང་ནམ་པ་ཀུན་ཏུ་རང་ཉིད་ཀྱིས་རང་ཉིད་ལ་སྐུལ་ལྕག་ཐེབས་པར་ཕན། ལོ་ཟླ་དང་དུས་ཚིགས། ཉི་མ་དང་དུས་ཚོད་རེ་རེར་རང་ཉིད་ཀྱི་བསམ་བློར་འགྱུར་བ་ཐེབས་ཀྱི་ཡོད་སྟབས། སྐབས་ལ་ལར་འདི་ལྟར་བྲིས་ན་རང་སེམས་གསོ་ཐུབ་པར་ཧ་ཅང་ཕན་པ་ཡོད། དེའི་སྟབས་ཀྱིས་ཚེ་རིང་སྐྱིད་ཀྱི་སྐྱོ་མགུར་འདི་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

  18. བོད། ལྷ་ཀླུ་གཉན་གསུམ། says:
    2010-03-20 at 5:17 am

    ཚེ་རིང་སྐྱིད་ལགས།

    ཕར་ལ་ཅི་ཙམ་རྒྱུགས་ཀྱང་མི་ཟིན་པ།།
    ཚུར་ལ་ག་ཚོད་སྙེགས་ཀྱང་མི་གཏོང་བ།།
    བར་མ་བར་དུ་མི་ཚེ་ཟད་འགྲོ་བས།།
    འཆི་བདག་འདི་ལ་སུས་ཀྱང་ངོ་ཡ་མེད།།

    དེ་ཉིད་ཤེས་ནས་རང་གཞན་ཀུན་གྱི་དོན།།
    ཉེ་རིང་མེད་པར་ལས་ལ་འབད་གྱུར་ན།།
    ནམ་ཞིག་འཆི་དུས་སླེབས་པའི་ཉིན་མོ་ཡང་།།
    བློ་འགྱོད་མེད་པའི་སྣང་བ་རྙེད་ངེས་ཡིན།།

  19. ལྷག་བསམ། says:
    2010-03-20 at 11:54 am

    སྐྱེ་ནས་ཤི་བ་འདུས་བྱས་འཁོར་བའི་ཆོས།
    ཤི་ནས་སྐྱེ་བའང་འཁོར་བའི་ཆོས་ཉིད་ཡིན།
    དེ་ནི་སུ་དང་གང་གིས་ཟློག་མི་ནུས།
    ཟློག་པར་བརྩོན་ན་རང་ཉིད་ངལ་བའི་རྒྱུ།

    འཁོར་འདས་བྱ་བ་སེམས་ཀྱི་ཆ་ཤས་ཡིན།
    བདེ་སྡུགས་ཟེར་བ་ཚོར་བའི་རྣམ་པ་ཙམ།
    སྐྱེ་ཤི་གཉིས་ཀྱང་མི་ཚེའི་ཡན་ལགས་ལས།
    གཞན་དུ་མེད་པར་སེམས་ན་རེ་ཞིག་སྐྱིད།

    སྣང་བ་སེམས་སུ་ཤེས་པའི་གདམ་ངག་གསན།
    སེམས་ཉིད་སྟོང་པར་རྟོགས་པའི་ཐབས་ལ་བརྩོན།
    སེམས་སྟོང་ཆུ་ཟླའི་ངང་ཚུལ་རྟོགས་གྱུར་ན།
    སྣང་སྟོང་སྒྱུ་མའི་ཞིང་ཁམས་གཞན་དུ་མེད།

  20. འབའ་སྲས། says:
    2010-03-20 at 2:50 pm

    ཚེ་རིང་སྐྱིད་ལ་སྤྲིངས་པ།

    གནམམཁའི་སྤྲིན་པའི་མདོག་ལ་ལྟ་ཞོར་དང་།།
    ས་ཡི་མི་ཚོགས་རྒྱུ་བར་གཟིགས་ཞོར་ལ།།
    འཁོར་བ་འདི་ན་སྙིང་བོ་མི་འདུག་ཅེས།།
    ཐུགས་ལ་སྐྱོ་བ་མ་འཛིན་ཚེ་རིང་སྐྱིད།།

    སྐབས་རེར་མཛེས་པ་མཐོང་པས་སྡུག་བསྔལ་བསྐྱེད།།
    ལན་རེར་སྡུག་དང་འཕྲེད་ཀྱང་དགའ་བ་ཚོར།།
    དགའ་སྡུག་འཛིན་པའི་སེམས་ཀྱང་མི་གནས་ཏེ།།
    སྐབས་དང་ཡུན་ཙམ་ཡིན་ནོ་ཚེ་རིང་སྐྱིད།།

    དྲོད་འཇམ་ཉི་ཟེར་གཡས་ནས་འཕྲོས་ན་ཡང་།།
    སྡུག་བསྔལ་མུན་པ་གཡོན་ནས་འཐིབས་ནས་འོང་།།
    དེ་ཡི་རྗེས་ལ་དེ་མིན་སླེབས་པ་ནི།།
    འཁོར་བ་འདི་ལ་དགོས་སོ་ཚེ་རིང་སྐྱིད།།

    རྟག་བརྟན་བདེ་བ་གཅིག་ལ་གནས་གྱུར་ན།།
    བདེ་བ་དེ་ཡང་སྡུག་བསྔལ་ཕུང་བོ་སྟེ།།
    ནམ་ཞིག་སུས་ཀྱང་ཐེགས་པར་མི་འགྱུར་བར།།
    ཕྱིར་ལྡོག་སྡུག་བསྔལ་འཚོལ་ལོ་ཚེ་རིང་སྐྱིད།།

    འཁོར་བ་འདི་ཡི་ཕར་གྱི་འཇིག་རྟེན་ན།།
    འཆི་བདག་གཤིན་རྗེ་ཁྲོས་པའི་ཐག་ནག་དེ།།
    ང་དང་ཁྱོད་ཀྱི་སྐེ་རུ་བཀྲུས་ཡོད་ཅེས།།
    སེམས་ལ་ངང་སྐྲག་མ་སྐྱེས་ཚེ་རིང་སྐྱིད།།

    སུ་ཞིག་སྔོན་དུ་ཤི་བར་མ་གྱུར་བར།།
    སུ་ཞིག་སྐྱེ་བའི་ལས་དེ་གང་ནས་རྙེད།།
    ཁྱོད་ཀྱི་ལང་ཚོ་མེ་ཏོག་འདྲ་བོ་འང་།།
    བདག་གིས་མཐོང་པའི་སྐལ་བ་ག་ལ་ཐོབ།།

    འཇིག་རྟེན་འདི་ནི་བདག་ལ་དྲིན་ཆེན་ཏེ།།
    སྟག་ཤར་རྒོད་པོའི་ལུས་རྟེན་འདི་ནས་བླངས།།
    འཁོར་བ་འདི་ཡང་བདག་ལ་བདེ་སྐྱིད་དེ།།
    ཕོ་མོ་འདོམ་འཇུག་བདེ་བ་འདི་ནས་རྙེད།།

    མ་སྡུག་མ་སྐྲག་མ་དངངས་ཚེ་རིང་སྐྱིད།།
    ལོ་ན་རྒས་པའི་གཉེར་མ་བརྩེགས་རེག་བར།།
    ཞེ་འདང་འཇིག་རྟེན་སྣང་བ་ཉམས་རེག་བར།།
    དགའ་དགའ་སྐྱིད་སྐྱིད་གནང་རོགས་ཚེ་རིང་སྐྱིད།།

  21. འབའ་སྲས། says:
    2010-03-20 at 2:54 pm

    ངང་སྐྲག ནོར། དག་བཅོས། དངངས་སྐྲག

  22. ཁྲ་གླག་སྤྱང་གསུམ་ says:
    2010-03-20 at 5:04 pm

    ཚེ་རིང་སྐྱིད་ལགས།
    དུས་བཞིར་འགྱུར་ཟློག་ཆེ་བ་འབྱུང་བའི་གཤིས།།
    མི་ཚེར་བདེ་སྡུག་མང་བ་ལས་ཀྱི་གཤིས།།
    སེམས་པར་དགའ་སྐྱོ་མང་པ་འཁོར་པའི་གཤིས།།
    ཐམས་ཅད་སྣང་སྟོང་ཡིན་པ་ཆོས་ཉིད་གཤིས།།

  23. སྤོབས་པ་མཐའ་ཡས། says:
    2010-03-20 at 6:49 pm

    དེ་རིང་ད་ཁྱོད་ཚོ་ཚང་མ་ཚེ་རིང་སྐྱིད་ཀྱིས་སྣེ་ཁྲིད་ནས་ཆོས་མགུར་ལེན་མཁན་གྱི་རྣལ་འབྱོར་པ་རྐྱང་རྐྱང་རེད་འདུག་ག

  24. lala says:
    2010-03-20 at 7:54 pm

    རྩོམ་འདི་བཀླགས་རྗེས་ང་རང་གད་མོ་ཤོར་ནས་རེ་ཞིག་ཇ་ཁང་ནང་གི་མི་རྣམས་ཀྱང་འདྲོགས་པར་བྱས་སོང་། ངོ་མ་རྩོམ་མི་ཤེས་མཁན་གྱིས་རྩོམ་འབྲི་བ་འདི་བོད་སྐད་མི་ཤེས་མཁན་གྱི་ཕྱི་རྒྱལ་བ་རྣམས་ཀྱིས་བོད་སྐད་གོ་ལ་མི་གོ་ཞིག་རྒྱག་པ་དང་ཨ་ན་མ་ན་རེད། རྩོམ་ཡིག་འདི་ཐོག་མར་དག་ཆ་ནོར་བ་མང་བའི་དབང་གིས་ཚོད་ཚོད་ཙམ་སྒྲ་ཁོ་ནར་བསམ་ནས་མ་བལྟས་ན་གོ་བ་ལོན་ཁག་པོ་འདུག དཔེ་མཚོན་ཙམ་བཀོད་ན། ནམ་ཟླ་ལ་གནམ་ཟླ་བྲིས་པ་དང་། འཆི་བདག་ལ་མཆི་བདག ཁྲི་མ་འབུམ་ལ་ཁྲི་མ་འབུལ། བསྒྲོལ་བ་ལ་བགྲོལ་བ་སོགས་དང་དེ་མིན་ལོ་ཟླ་དྲན་པར་བྱོས། རླུང་བུ་གྲང་གྲང་ཟེར་བ་སོགས་བརྡ་དག་དང་སུམ་རྟགས། སྒྲ་ཉམས་པ་སོགས་སྐྱོན་ཀུན་བཏོན་ན་ཚིག་རྐང་རེ་ལ་སྐྱོན་གྱིས་གང་བས་ཡིག་ཚོགས་མཐུག་པར་འཇིགས་ཏེ་འདི་ཙམ་གྱིས་ཆོག་པར་བྱེད། གཞན་ཡང་སྣང་སྟོང་སྒྱུ་མ་ཟེར་བ་དང་། ཆོས་ཉིད་ཀློག་ཞོར་ཡོང་ཟེར་བ་སོགས་ཚིག་གི་སྦྱོར་སྟངས་ལ་བལྟས་ན་ཐ་སྙད་དེ་དག་གི་དོན་ལ་ནི་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་ཨེ་ཡོད་བསམ་སོང་། གང་ལྟར་མུ་མཐུད་སློབ་སྦྱོང་བྱེད་དགོས་འདུག་ཟེར་བ་དང་། ཆོས་ཚིག་མང་པོ་གཏིང་གི་གོ་བ་མེད་པར་ཟབ་མདོག་ཚུལ་དུ་གང་བྱུང་བེད་སྤྱད་ན་རང་ཉིད་ཡོན་ཚད་མེད་པའི་ངོ་རིས་རྗེན་སྟོན་བྱ་བྱེད་ཙམ་རེད་ཟེར་བ་བསླབ་བྱའི་ཚུལ་ཡིན།

  25. མགོ་རུལ། says:
    2010-03-20 at 8:03 pm

    ལོ་ལོ་ལེ་ལེ་ད་ཁྱོད་ཅིག་ག་བུད་ལ་སོང་། སྔོན་མར་རྗེ་མི་ལ་རས་པས་ཀྱང་གལ་སྲིད་ཁོང་གི་མགུར་དེ་ཚོ་ཁོང་རང་ཉིད་ཀྱིས་ཡིག་ཐོག་ཏུ་འབྲི་དགོས་བྱུང་ན་དེའི་ནང་དུ་ང་ཚོས་འདོན་མི་ཤེས་པའི་ཡིག་ནོར་དཔལ་མོ་དཔལ་ཐང་གི་གཡག་རྭ་འདྲ་བ་རེ་ལོས་ཀྱང་ཡོད་དེ། ཁོང་གི་ནང་སེམས་ཀྱི་རྟོགས་པ་གོང་དུ་འཕེལ་ནས་སྣང་སྲིད་གླུ་རུ་ལེན་པར་དཀའ་ངལ་མེད་པ་མ་གཏོགས་ོཁོང་ཉིད་ཐ་སྙད་ཚིག་གི་དག་ཆ་ལ་མཚོན་ན་དེ་ཙམ་སུམ་རྟགས་དག་གསུམ་ལ་མཁས་པ་ཞིག་ཡིན་ལུགས་མ་ཐོས། ཚེ་རིང་སྐྱིད་ཀྱང་བོད་ཡིག་གི་སྟེང་ནས་རྩོམ་འབྲི་མཁན་ཞིག་ཡིན་པ་མ་གཏོགས་བརྡ་དག་མཁན་པོ་ཞིག་མིན་པ་ཡོངས་ཀྱིས་ཤེས་པས། མོའི་རྩོམ་ཁྲོད་ནས་ཡིག་ནོར་གཏགས་ནོར་རེ་ཟུང་རྙེད་རྗེས་ཁྱོད་དེ་ཙམ་དགའ་ནས་གནམ་ལྡིང་ས་ལྡིང་བྱེད་དགོས་དོན་ཨེ་ཡོད་ཀི ང་ཚོར་མོ་ལྟ་བུའི་སྨྱུ་གུ་ལག་ནས་མི་འདོར་བའི་མི་མོ་རེ་ཟུང་ཡོད་པ་འདི་གཅིག་པོར་འདང་ཞིག་རྒྱོབས་དང་། ཡ་ད་ཞི་ལི་ཚོའི་གཅིག་གིས་ཤོད་དང་།

  26. lala says:
    2010-03-20 at 8:27 pm

    མགོ་རུལ་ཟེར་བ་འདི་མགོ་རུལ་ཡོད་ཐག་ཆོད་རེད། དེ་མིན་ན་ཡིག་ནོར་བཅོས་རོགས་བྱས་པར་ཡག་བྱུང་མེད་ཀྱང་ཁ་ངན་བཤོད་དགོས་སམ། མགོ་རུལ་ཁྱོད་ལ་འགན་འཁུར་གྱི་སེམས་པ་མེད་མོད་ངས་ཀྱང་དེ་ལྟར་བྱས་ནས་བསྡད་ན་ག་ལ་འགྲིག ཇི་ལྟར་བཤད་ཀྱང་སྐྱོན་ཐམས་ཅད་ཆུང་ས་ནས་བཅོས་ན་ཡར་རྒྱས་ཀྱི་ལམ་ལ་སྙེག་འགོ་ཚུགས་པ་མ་ཡིན་ནམ། མགོ་རུལ།

  27. མགོ་རུལ། says:
    2010-03-20 at 8:37 pm

    ལ་ལ་ལོ་ལོ་ཁྱོད་ཀྱིས་བྲིས་པའི་ཡིག་ཕྲེང་ཉུང་ཉུང་ཞིག་གི་ནང་དུ་ཡང་བརྡ་དག་དང་འགལ་བ་རེ་ཟུང་ཡོད་པ་དཔེར་ན། མགོ་རུལ་འདི་མགོ་རུལ་ཡོད་པ་ཞེས་པ་ལས་མགོ་རུལ་འདིའི་མགོ་རུལ་ཡོད་པ་ཞེས་འབྲི་དགོས་ཤིང་། ཁ་ངན་བཤོད་དགོས་སམ་ཞེས་པའི་བཤོད་ཅེས་པའི་ཐ་སྙད་དེ་འདྲ་ཞིག་ད་སྔ་ཡན་ཆད་སློབ་དཔོན་ཐོན་མིའི་རྗེས་འཇུག་པ་སུས་ཀྱང་བྲིས་ཡོད་པ་ཁྱེད་ཙམ་ལས་མཐོང་མ་མྱོང་བས། སངས་རྒྱས་དང་བྱང་སེམས་ཀྱི་གོ་འཕང་ཐོབ་ན་མ་གཏོགས་ཕ་རོལ་ཏུ་བརྒལ་རེ་མེད་པའི་ཐ་སྙད་ཚིག་གི་དཀའ་གནད་འདི་ཚོའི་ཕྱོགས་སུ་རང་སྟེང་ལ་བསམ་བློ་ཞིག་གཏོང་རོགས། དཔེར་ན་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཞེས་པའི་མགོ་བརྗོད་དུ། འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང་། །བརྡ་དང་ཐ་སྙད་མིང་ཚིག་མཐའ་ཡས་ཕྱིར། །སར་གནས་དཔའ་བོ་ཁོ་ནའི་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློའི་གཞལ་བྱ་ག་ལ་ཡིན། །ཞེས་པ་ཞིག་ཡོད་པ་དེ་ཡང་དྲན་པར་བྱོས།

  28. མགོ་རུལ། says:
    2010-03-20 at 8:45 pm

    ད་དུང་གོང་གི་མཆན་ཉེར་བཞི་པའི་ནང་གི་བསམ་ནས་ཞེས་པ་དེ་བསམས་ནས་ཞེས་འབྲི་དགོས་ཤིང་། རང་ཉིད་ཡོན་ཚད་མེད་པའི་ཞེས་པ་ཡང་རང་ཉིད་ལ་ཡོན་ཚད་མེད་པའི་ཞེས་འབྲི་དགོས་པ་སོགས་ཉིད་ཀྱིས་བྲིས་པ་དག་གི་ཁྲོད་དུ་ཡང་ང་ལྟ་བུའི་བླུན་པོ་ཞིག་གིས་རྙེད་ཐུབ་པའི་ཡིག་ནོར་ཡིན་དང་གཏགས་ནོར་ཡིན་མི་ཤེས་པ་རེ་ཟུང་འདུག་པས། རྗེས་སུ་མི་གཞན་གྱིས་བྲིས་པ་དག་ལ་ཞུ་དག་མ་བྱས་སྔོན་དུ་རང་གིས་བྲིས་པ་དག་ལ་ཞུ་དག་ནན་མོ་རེ་བྱེད་རྒྱུ་ནི་ངའི་སྙིང་གི་རེ་བ་ཡིན་པས། འདི་ཙམ་གྱིས་ཉིད་ཀྱི་ཐུགས་དགོངས་མི་འཁྲུག་པའི་རེ་བ་ཡོད།

  29. མགོ་རུལ། says:
    2010-03-20 at 8:48 pm

    ཉིད་གཅིག་པོ་མ་ཡིན་པར་གཞོན་ནུ་ཟླ་མེད་དང་གཅན་བཟོད་རྒྱམ་སོགས་ཀྱིས་བཏབ་པའི་མཆན་གྱི་ནང་དུ་ཡང་ཡིག་ནོར་ཡིན་དང་གཏགས་ནོར་ཡིན་མི་ཤེས་པ་གང་མང་ཞིག་འདུག་ཀྱང་རེ་རེ་བཞིན་ཞུ་དག་བྱེད་རྒྱུ་དེ་ནི་ངའི་ལས་འགན་མ་ཡིན་པར་མཐོང་སྟེ་རེ་ཞིག་བཏང་སྙོམས་སུ་བཞག་པ་ཡིན་ནོ།།

  30. lala says:
    2010-03-20 at 8:55 pm

    ཧ་ཧ། འདི་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་སྟངས་མ་ཤེས་ན། རྒྱ་སྐད་ནང་དུ། 这个དང་དབྱིན་ཇིའི་ནང་དུ། thisཞེས་པ་དེ་རེད། ངས་ཁྱེད་རང་ལ་འདི་ལྟར་དབྱིན་རྒྱ་བེད་སྤྱད་ནས་བོད་ཡིག་གི་བརྡ་དག་སློབ་དགོས་བྱུང་ན་ཁྱེད་ཀྱིས་ང་ལ་སློབ་ཡོན་འབུལ་དགོས་ས་རེད། བོད་པ་ཚང་མས་ཁྱེད་རང་གིས་བརྡ་དག་ལ་འཛིན་པའི་དགོངས་པ་བཞེས་ཚུལ་དེ་འཁྱེར་ན། བོད་སྐད་ཡིག་གི་མདུན་ལམ་ཕྲ་ནས་ཕྲ་རུ་འགྲོ་རྒྱུ་ཉག་ཅིག་རེད། ཁྱེད་ཀྱིས་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས་སྐབས་བབ་འདིར་ལུང་དུ་དྲངས་བ་དེ་ཡང་ར་མགོ་ལུག་སྦྱར་ལྟ་བུ་དོན་མེད་པའི་གཏམ་དུ་སྣང་བས་ཁྱེད་རང་གི་ཁོག་པ་དེ་ཡང་སྔོན་དུ་གཏམ་འཐེན་པ་དེ་ལྟར་མདའ་གཤོང་མདུང་གཤོང་ཞིག་གཏན་ནས་ཡིན་ས་མ་རེད།

  31. ཁྲ་གླག་སྤྱང་གསུམ་ says:
    2010-03-20 at 10:24 pm

    ཨ་ལ་ལ ཡང་མགོ་རུལ་དང་ལ་ལ་གཉིས་ཀྱི་རྩོད་པ་རྒྱགས་ཀྱིན་འདུག མུ་མཐུད་དུ་རྒྱོབས་དྲ་གྲོགས་ཚོ་ལྟོས་དང་བསྟན་མོ་
    འདུག ། ཧཧཧཧ ཚེ་རིང་སྐྱིད་ལགས་ཀྱི་རྩོམ་འདི་ལ་བསམ་འཆར་མེད། གང་ཡིན་ཟེར་ན་བོད་རིགས་བུད་མེད་ཞིག་གི་འདི་ལྟར་འབྲི་རྩོམ་གནང་ན་རྗེས་སུ་ཡི་རངས་ཡོད། ཡིག་ནོར་དང་བརྡ་སྤྲོད་ཀྱི་བརྗོད་རིམ་གྱི་སྐྱོན་ཞིག་དྲ་རྒྱ་གང་ཡིན་ཀྱང་མང་པོ་མཐོང་རྒྱུ་ཡོད་བཞིན་པ་ཞིག་རེད། མོ་རང་གཅིག་བུ་མ་རེད་སྙམ། འོན་ཀྱང་གཟབ་གཟབ་གནང་རོགས།

  32. བོན་ནག་ཚང་། says:
    2010-03-21 at 4:49 am

    གཞོན་ནུའི་སྣང་བས་སྤྲིན་གྱི་བང་རིམ་གཏོར།།
    སྤྲིན་གྱི་གསེབ་ནས་སྟོང་གཏམ་འབྲུག་ལ་འགྲན།།
    ད་ཀོ་གཞོན་ནུ་འདི་ཡི་སྣང་བ་འདི།།
    ཤག་ཤག་ཟམ་པའི་འོག་གི་ཆུ་བོ་བཞིན།།

    མཛེས་མའི་སྣང་བ་ཕོ་ཆེན་ཤྭ་ལ་མགྲན།།
    ཤྭ་ཕོའི་དུང་རྭས་རི་དྭགས་ཟིལ་གྱིས་གནོན།།
    ད་ཀོ་མཛེས་མའི་འདི་ཡི་སྣང་བ་འདི།།
    རི་བོང་རྣ་བ་བཞིན་དུ་ལུས་ལ་འགེབས།།

    སྐྱེ་རྒ་ན་འཆི་སྲིད་པའི་རྒྱལ་ཁྲིམས་འདིས།།
    འགྲོ་ཀུན་ལྡོག་མེད་ཡུར་ཆུ་བཞིན་དུ་དྲངས།།
    འོན་ཀྱང་དར་མའི་རྣ་ར་གཏམ་འདི་དག།
    སྦྲང་བུའི་གླུ་བཞིན་ཡིད་ཀྱི་ཟུར་ལའང་མེད།།

    འདི་ལྟར་གློ་བུར་ཧོབ་དང་ཐོལ་བྱུང་གིས།།
    ཀ་དག་གདོད་མའི་གཤིས་ཀྱི་ཀློང་ཡངས་ནས།།
    འཁོར་འདས་མཉམ་པའི་གླུ་དབྱངས་ལེན་པ་འདི།།
    ཡ་མཚན་གྲུབ་པའི་རྟགས་མཚན་གང་ཡིན་ནམ།།

    ཡར་ལ་ལྡིང་ཞིང་མར་ལ་མཆོངས་པ་སོགས།།
    ཉིན་མཚན་གཅིག་ཏུ་སྦྲེལ་བའི་ཐོབ་ཤོར་ཁྲོད།།
    དུས་དང་ལས་ཀྱིས་གཙིར་གནོན་བྱས་པ་ན།།
    བློ་ཟད་ཆོས་ཟད་འདྲ་བའི་རྟོག་པ་བརྡོལ།།
    རྟོག་པ་རང་སར་གྲོལ་ལ་ནོར་ར་རེ།།

    འགའ་ཞིག་ཉིན་མཚན་སྦྲེལ་བའི་ཐུན་བར་ནས།།
    ཁེར་རྐྱང་མལ་ཁྲི་ཐོག་དུ་ལུས་པ་ན།།
    འཁོར་འདས་ཆོས་ཀུན་ཁ་དོག་མེད་པ་འམ།།
    བཟུང་འཛིན་འཁྲུལ་ཐག་ཆོད་འདྲའི་བློ་ཞིག་འབྱུང་།།
    རྣམ་རྟོག་ཆོས་སྐུར་ཤར་ལ་ནོར་ར་རེ།།

    འདོད་ལྷའི་མེ་ལྕེ་འབར་བའི་དར་མའི་ལུས།།
    དོ་ནུབ་བྱབས་ཁྲུས་སིམ་པོ་མ་ཐོབ་ན།།
    སང་ཉིན་གང་སྣང་ཐམས་ཅད་དགྲ་རུ་ལངས།།
    ན་རྒ་འཆི་ལ་མི་འཇིགས་བློ་གཅིག་འབྱུང་།།
    ཐར་པའི་བཙན་ས་ཟིན་ལ་ནོར་ར་རེ།།

    མདོར་ན་མངོན་པའི་དོན་ཞིག་མ་འགྲུབ་ན།།
    འཁོར་འདས་མཉམ་པར་བརྡལ་བའི་བློ་ཞིག་འབྱུང་།།
    འཇིག་རྟེན་མི་ཆོས་ལུགས་ཀྱི་སྤྲོ་ཐུང་དང་།།
    དམ་པ་ལྷ་ཆོས་ལུགས་ཀྱི་ངེས་འབྱུང་གཉིས།།
    མ་བརྟགས་སྐྱིད་པའི་ངོ་ན་ནོར་ར་རེ།། །།

  33. རྒྱ་ནག་ཉམས་ཞིབ་པ། says:
    2010-03-21 at 6:01 am

    ང་བོད་ཀྱི་སྐྱ་མིན་སེར་མིན་གྱི་སྨྱུག་ཐོགས་པ་འདི་ཚོ་དངོས་གནས་ཡ་མཚར་གྱིན་འདུག་།ཚེ་རིང་སྐྱིད་ཀྱི་རྩོམ་ཐོག་ན་བྷ་ག་ཤར་འདུག་གམ་།དེ་མིན་རྩོམ་ཡག་པ་འབྲི་མིན་ལ་མཚན་མའི་ཁྱད་པར་ཅི་ཡོད་།ཁྱེད་ཚོས་བྱ་བ་ཅི་ཞིག་བྱས་ཀྱང་།ཐོག་མར་མཚན་མ་དང་།དེའི་སྐྱེས་ཁུངས་།མི་རིགས་སོགས་མཐོང་གིན་ཡོད་ན་།ཁྱེད་ཚོ་ནི་སྐྱེས་མ་རྣམས་བརྙས་བཅོས་གཏོང་མཁན་དང་།རིགས་རྒྱུད་རིང་ལུགས་པ་ཞིག་མཚོན་རྟགས་རེད་།

  34. མེ་ཆ་། says:
    2010-03-21 at 11:01 am

    རྒྱ་ནག་ཉམས་ཞིབ་པ་འདི་ཡང་ཁྲིམས་དཔོན་ཞིག་ཡིན་ས་རེད་། ད་ཡིན་ན་ངས་སྒྲོངས་ཅིག་བཤད་ན་འདོད་བྱུང་། ཨ་ཁུ་ཅིག་གིས་དགེ་ཁྲུག་ཁ་རྒྱག་ཞིག་ལ་། བརྡུང་བའི་ལོ་རྒྱས་དེ་ཁྱེད་རང་འཚོས་ཧ་གོ་ཡོད་རྒྱུ་ར་། འོ་དེའི་སྒྲོངས་འདི་ད་གོང་གི་ཉམས་ཞིབ་པ་ཚང་ལ་བཞེངས་བཞག་ཡོད་གི་ཡ་།

  35. རྒྱ་ནག་ཉམས་ཞིབ་པ། says:
    2010-03-21 at 12:14 pm

    མེ་ཆ་།སྒྲུང་བཤད་བསམ་ན་སྒྲུང་ཤོད་།་ང་ཚོ་ཁྱོད་ཀྱིས་སྒྲུང་ག་རེ་ཡིན་ནམ་ཞེས་མོ་འདེབས་པའི་ཆུ་ཚོད་མི་འདུག་།ངའི་བཤད་པའི་སྐད་ཆ་ཚང་མ་བདེན་པོ་ཡིན་།ཚེ་རིང་སྐྱིད་མཐོང་དུས་ཚེ་རིང་སྐྱིད་ཀྱི་བྷ་ག་མ་གཏོགས་མཐོང་གིན་མེད་པ་འདྲ་།དེ་མིན་ཁོ་མོའི་རྩོམ་གི་ནང་ན་སྐྱེད་མའི་རྟགས་ཤིག་རྩ་བ་ཉིད་ནས་མི་འདུག་།རྩོམ་གྱི་བཟང་ངན་དེ་རྩོམ་ལ་ལྟོས་ནས་མཇོག་རྒྱུ་ཤིག་ལས་འབྲི་མཁན་གྱི་མཚན་མ་ལ་ལྟོས་ནས་མཇོག་གིན་ཡོད་བོད་དུ་བོད་ཀྱི་སྨྱུག་ཐོགས་པ་འགའ་དང་།སྒྲུང་བཤད་པ་འགའ་ལས་མཐོང་མ་སོང་།
    ད་སྒྲུང་ཤིག་ཤོད་དང་།ང་ཚོས་ཉན་ནས་བསྡད་གིན་ཡིན།

  36. མུ་ཏོ་བ། says:
    2010-03-21 at 1:40 pm

    རྒྱ་ནག་མཉམ་ཞིབ་པ་ལགས། རྩོམ་གྱི་ལེགས་ཉེས་ལ་ལྟོས་ཏེ་བཤད་དགོས་པ་མཚན་མ་ལ་ལྟོས་ནས་ཐག་གཅོད་བྱས་མི་ཆོག་ན། ཁྱེད་རང་གིས་ཚེ་རིང་སྐྱིད་ཀྱི་རྩོམ་གཤིས་ནང་དུ་བུད་མེད་ཀྱི་གཤིས་ཀ་མི་འདུག་ཟེར། དེ་ན་རྩོམ་གཤིས་ནང་དུ་བུད་མེད་ཀྱི་གཤིས་ཀ་ཡོད་མེད་ལ་ལྟ་གྱིན་ཡོད་ན་རང་བཞིན་ཁྱེད་རང་གིས་ཀྱང་རང་བཞིན་གྱིས་སྐྱེས་ཁམས་ནས་ཐག་གཅོད་ཀྱི་འདུག་གཱ སྐད་ཆ་གོ་ལྡོག་མ་བཤད། དོན་དངོས་སུ་ཁྱོད་རང་གིས་ག་རེ་བཤད་འདོད་པ་ཧ་གོ་བ་གྱིས།

  37. རྒྱ་ནག་ཉམས་ཞིབ་པ། says:
    2010-03-21 at 6:42 pm

    མུ་ཏོ་བ་ལགས་།
    ད་སྨྱོས་བ་ཡིན་ནམ།་རྩོམ་གྱི་ཐོག་ནས་ཕོ་མོ་ཡི་ཤན་ཇི་ལྟར་འབྱེད་།གསུང་དང་ངས་བྲིས་བ་འདི་ཕོ་རེད་དམ་མོ་རེད་།ངས་ཐོག་དང་པོ་ནས་བཤད་ཡོད་པ་བཞིན་།ཚེ་རིང་སྐྱིད་གྱི་རྩོམ་གླེང་དུས་།ཁོ་མོའི་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་སོགས་ཀྱི་ཐོག་ནས་ཤོད་།དེ་མིན་མོ་ཡི་ནང་ནས་འདི་འདྲ་འབྲི་ཤེས་མཁན་དཀོན་ཞེས་ཁོ་མོ་ལ་ངོ་བསྟོད་བྱས་བཞིན་པ་འདྲ་བ་ཞིག་འདུག་ཀྱང་།དོན་གྱི་བུ་མོ་རྣམས་ལ་འཕྱ་སྨོད་དང་།བརྙས་བཅོས་བཏང་བ་ཞིག་རེད་།སློབ་གཉེར་ཡོད་པའི་སྐལ་བ་ལྡན་ན་ཕོ་མོ་ལ་དབྱེ་བ་ཅི་ཡང་ཡོད་པ་མ་རེད་།དེ་བས་ཁྱེད་ཅག་གི་ཕོ་མོ་ཡི་དབྱེ་བ་ཤིག་ཕྱེ་བཞིན་པ་ནི་།མོ་ཞིག་སེམས་ནང་དུ་དྲན་ཡོང་དུས་སྟུ་ཤིག་ཤར་བཞིན་ཡོད་པ་དེ་ལས་བྱུང་བ་རེད་།

  38. བསྟན་འཛིན་བདེ་གསལ says:
    2010-03-21 at 7:09 pm

    འ་ནི། སྒང་གི་མཆན་ནས་ཤེས་གསལ་ལ། ཚེ་རིང་སྐྱིད་རྣམ་པ་དཔེ་ཡག་པོ་ཡོད་ཤག
    ང་རང་རྩོམ་ཀློག་ཡ་ལ་དེ་འདྲ་མཉེས་པོ་མེད། མཛེས་མ་མཐོང་ན་ལམ་སེང་ཐིགས་པ་ཤོར་འགྲོ་ཉན་གྲས་ཡིན། བྱས་ཙང་། མོ་རང་གི་རྣམ་པ་ལ་ཞེ་དྲ་བལྟ་ཉན་དྲོ།
    བྱས་ན། མོ་རང་གི་འདྲ་པར་ག་བ་ནས་བལྟ་ཡ་རེག་གི་རེད།

  39. མུ་ཏོ་བ། says:
    2010-03-22 at 7:17 am

    རྒྱ་ནག་མཉམ་ཞིབ་པ་ལགས། ཁྱེད་རང་གིས་ཚེ་རིང་སྐྱིད་ཀྱི་རྩོམ་གཤིས་ནང་དུ་བུད་མེད་ཀྱི་གཤིས་ཀ་མི་འདུག་ཟེར། དེ་ན་རྩོམ་གཤིས་ནང་དུ་བུད་མེད་ཀྱི་གཤིས་ཀ་ཡོད་མེད་ལ་ལྟ་གྱིན་ཡོད་ན་རང་བཞིན་ཁྱེད་རང་གིས་ཀྱང་རང་བཞིན་གྱིས་སྐྱེས་ཁམས་ནས་ཐག་གཅོད་ཀྱི་འདུག་གཱ སྐད་ཆ་གོ་ལྡོག་མ་བཤད། དོན་དངོས་སུ་ཁྱོད་རང་གིས་ག་རེ་བཤད་འདོད་པ་ཧ་གོ་བ་གྱིས།

  40. ཆོས་འཕེལ says:
    2010-03-22 at 1:32 pm

    མི་ཚེ་ཐུང་ཡང་བདེ་སྡུག་རི་མོ་མོད།།
    སྐྱེ་གཟུགས་མཚར་ཀྱང་དབྱར་ཀའི་པད་མོའི་ཟླ།།
    འདོད་བདེ་ཆེ་ཡང་ཚིམ་པའི་དུས་མེད་པ།།
    ཇི་བཞིན་རྟོགས་ནས་གྲོལ་ལ་ཉེ་བ་འདྲ།།

  41. ཆོས་འཕེལ says:
    2010-03-22 at 1:41 pm

    འདི་སྣང་མཛེས་ཀྱང་འཇའ་མཚོན་བལྟད་མོའི་འཕྲུལ།།
    ཡོད་རྒུས་འཚོལ་བའི་འཁྲིགས་བདེ་གློག་འགྱུར་འགྲོས།།
    རོབ་ཙམ་ཤེས་ཀྱང་གོམས་པའི་ཤུགས་བརྟས་འཐུས།།
    ཡིད་ཀྱི་ཡུལ་ལས་འཕྲལ་བ་སླ་མོ་མིན།།

  42. ཆོས་འཕེལ says:
    2010-03-22 at 1:48 pm

    རྒན་པོ་ནུས་མེད་སེམས་འཕྲེང་སྐྱེ་བའི་རྒྱུ།།
    དར་མ་ནུས་ལྡན་བདེ་སྐྱིད་རོལ་བའི་གནས།།
    གཞོན་ནུ་ཆུང་ཆུང་རྨི་ལམ་གཏོང་བའི་རྐྱེན།།
    ཆགས་སྲེག་ཉམས་ལྡན་བུད་མེད་སྐྱིད་པའི་རྩ།།

  43. ཆོས་འཕེལ says:
    2010-03-22 at 1:57 pm

    ཞིམ་པའི་མཆུ་ལས་ཐོན་པའི་མཆི་མའི་རོ།།
    འཇམ་པའི་ཕྱག་གིས་རེག་པའི་རེག་བྱ་དང་།།
    ཆགས་པའི་ཉམས་ཀྱི་བལྟ་བའི་བདུད་བརྩི་ནི།།
    འཇིག་རྟེན་ཆོས་ཀྱི་དགའ་སྟོན་དང་པོར་གྱུར་།།

  44. གཞོན་ནུ་ཟླ་མེད says:
    2010-03-22 at 6:36 pm

    གོང་གི་ཆོས་འཕེལ་དྲིན་ཆེན་པོ་ལ། ངས་ཚིག་སྦྱོར་སྤེལ་སྟངས་ཀྱི་ཆ་ནས་ཞུ་དག་མ་བཏང་བར། ཡིག་ནོར་ལ་ཞུ་དག་བཏང་བ་ཡིན། འདི་ཞལ་འདེབས་ཡིན་པས་རིན་པ་མི་དགོས། རྗེས་མ་ཡིག་ནོར་མང་ན་རིན་པ་ལེན་གྱི་ཡིན་ད།
    སྐྱེ་གཟུགས་མཚར་ཀྱང་༼ཡང༽དབྱར་ཀའི་པད་མོའི་ཟླ།།
    འདི་སྣང་མཛེས་ཀྱང་འཇའ་མཚོན་༼ཚོན༽བལྟད་༼ལྟད་མོ༽མོའི་འཕྲུལ།།
    ཡོད་རྒུས་འཚོལ་བའི་འཁྲིགས་༼འཁྲིག༽བདེ་གློག་འགྱུར་འགྲོས།།
    ཞིམ་པའི་མཆུ་ལས་ཐོན་པའི་མཆི་༼མཆིལ༽མའི་རོ།།

  45. ཆོས་འཕེལ says:
    2010-03-23 at 12:50 am

    ལྟོ་གོས་གཏམ་གྱིས་དམར་སེར་གྱོན་པས་གཡོག
    འཁྲིག་བདེའི་དམིགས་པ་ནམ་ཡང་མ་ཤོར་ནས།།
    རྒན་མོའི་དྲོ་འཇམ་མལ་ས་གདེམས་པའི་གྲོགས།།
    རིན་མེད་ཞལ་འདེབས་གནང་བ་ཐུགས་རྗེ་ཆེ།།

    ཚིགས་སྦྱོར་ཞུ་དག་བྱེད་པའི་ཆ་རྐྱེན་ཞིག
    འདུག་ན་ནམ་ཡང་དགའ་བསུས་གདན་འདྲེན་ཞུ།།
    བཅོས་མིན་ཉམས་མྱོང་སྒྲོགས་པའི་བསླབ་བྱ་ཞིག
    འདུག་ན་རིན་ཆེན་དང་པོ་དགོས་ཀྱང་བསླུ།།

  46. འབའ་སྲས། says:
    2010-03-23 at 2:06 pm

    དེ་ནང་དུ་ལེན་རྒྱུ་ཞིག་མི་འདུག

  47. ཀརྨ་རྡོ་རྗེ་ says:
    2010-03-23 at 5:12 pm

    སྙན་དངགས་མཁན་ལ་ཅི་ཡང་རྒྱན། ཞེས་པ་བདེན་པ་འདུག

  48. ཆོས་འཕེལ says:
    2010-03-24 at 12:31 am

    གཞོན་ནུའི་མིང་གིས་མཛེས་ཀྱང་རྒན་གོག་ཞིག།
    སྐྱ་མིན་སེར་མིན་སྔགས་མིན་མདོ་མིན་འཛིན།།
    གསང་གནས་གླ་བར་གང་ལའང་ཆོག་པའི་བུ།།
    ཀུན་གྱི་དོ་ཟླ་མེད་པ་གང་དུ་སོང་།།

    དྲྭ་གྲོགས་གཞོན་ནུ་ཟླ་མེད་ལགས། ཉིད་ཀྱི་མཆན་བུ་རྣམ་ཀྱི་བརྒྱུད་ནས། གུས་པའི་ཡིད་ངོར་ཁྱེད་འདི་འདྲ་ཞིག་འཆར་གྱི་འདུག དགོང་པ་ཁྱོན་ནས་མ་འཚོམ་ལགས།

  49. ཝཱ་ར་ཎཱ་སི་ནས། says:
    2010-03-24 at 7:58 am

    སྣང་བ་ཀུན་རྫོབ་ཆོས་འདི་མི་བདེན་ནམ༎
    དཔྱད་བཟོད་དོན་དམ་ཆོས་འདི་བདེན་ནམ་ཅི༎
    བདེན་དང་མི་བདེན་ཚད་དེ་ཇི་ལྟར་ཡིན༎
    ཚད་དེ་འཇལ་བྱེད་བློ་དེ་ཇི་འདྲ་ཡིན༎

  50. གཞོན་ནུ་ཟླ་མེད says:
    2010-03-24 at 5:55 pm

    སྣང་བ་ཚིང་ཚིང་འཁྲིགས་པའི་ནགས་ཀློང་ན།།
    སྨིག་རྒྱུའི་རི་དྭགས་བདེན་པའི་སྲོལ་གྱིས་རྒྱུ།།
    འཛིན་པ་ཨ་འཐས་ཤ་ལ་དགའ་བ་དག།
    དེ་ཡི་རྗེས་སུ་རྐང་འཇབ་ལག་འཇབ་བྱེད།།

    དབང་བོ་སྒོ་དྲུག་མདུན་ན་སྐུ་སྲུང་དག།
    ཀུན་ཉོན་ཆང་གིས་མྱོས་ནས་ར་རོར་གྱུར།།
    སྲང་ན་གྱ་གྱུར་རྒྱུ་བའི་ཆུ་རྙོག་ལ།།
    བདུད་རྩི་བསིལ་མའི་རོ་བཞིན་སྤྱོད་པ་མཚར།།

    ཟླ་བ་གྲགས་པའི་རིགས་པ་ཀེ་ཏ་ཀས།།
    སྣང་བས་ཡོད་མཐའ་སྟོང་བས་མེད་མཐའ་ཡི།།
    རྙོག་མ་གཙང་བར་སེལ་བའི་དྭངས་གསལ་གྱི།།
    ཡན་ལག་བརྒྱད་ལྡན་སྤྱོད་ལ་བསོད་ནམས་དགོས།།

    སུག་བཞི་རླུང་ལ་འགྲན་པའི་རྟ་མཆོག་དང་།།
    རྣ་འབྱོག་དགོང་ལ་འཕྱར་བའི་བོང་བུ་གཉིས།།
    འདྲ་འདྲ་བསམ་རུང་བྱང་ལམ་གཅོད་པའི་དུས།།
    ངུ་སྒྲས་ལུང་བ་འགེང་ནོ་བོང་བུ་ཡིན།།

  51. ཝཱ་ར་ཎཱ་སི་ནས། says:
    2010-03-26 at 2:59 am

    སྨིག་རྒྱུའི་རི་དྭགས་མོ་ཡི་ནུ་མ་འདི༎
    ལོངས་སྤྱོད་བརྒྱ་རྩའི་གཏེར་གཅིག་སྦྱིན་པ་ཡིན༎
    ཐིག་ལེ་ཁྲ་ཡིས་རབ་མཛེས་པགས་པ་འདི༎
    ཉོན་མོངས་ཚ་གདུང་སེལ་བྱེད་ཚུལ་ཁྲིམས་ཡིན༎
    རི་ཀླུང་གང་སར་བགྲོད་བྱེད་སུག་བཞི་འདི༎
    ཐར་པའི་གེགས་སེལ་བྱེད་པོ་བཟོད་པ་ཡིན༎
    ངལ་མེད་མཆོངས་བཞིན་རྒྱུགས་པའི་བང་རྩལ་དེ༎
    དགེ་ལ་སྤྲོ་བ་བརྟས་པའི་བརྩོ་འགྲུས་ཡིན༎
    རྣ་བ་དཀྲོངས་བཞིན་རྫི་གསང་འགུལ་བྱེད་པ༎
    དྲན་ཤེས་བར་མེད་བསྟེན་པའི་བསམ་གཏན་ཡིན༎
    མཛེས་པའི་ཕུལ་བྱུང་འདྲེན་བྱེད་ཟུང་འདི་ནི༎
    ཆོས་ཉིད་མ་ནོར་བལྟ་བའི་ཤེས་རབ་ཡིན༎

    ཕྱིན་དྲུག་རི་དྭགས་ཤ་ལྤགས་མ་འཐོབ་ན༎
    ཚོགས་གཉིས་ལམ་རྒྱགས་ཀྱིས་ནི་ཕོངས་འགྱུར་པས༎
    ཐར་པའི་གྲོང་ཁྱེར་ཆེན་པོར་ཇི་ལྟར་སླེབས༎
    དོན་དམ་ཀུན་རྫོབ་ཡ་བྲལ་ཉམས་ལེན་དེས༎
    རྟག་ཆད་གཅོང་རོངས་ཆེན་པོར་ལྷུང་བར་ངེས༎

  52. བློ་དགའ་ says:
    2010-03-27 at 5:58 pm

    ཕྱིན་དྲུག་བལྟས་ནི་མ་མྱོང་ག་ལས་མྱོང་།
    རྟག་པ་གང་དང་ཆད་པ་ག་ལས་ཤེས།
    འོན་ཀྱང་གསལ་ལྡན་གྲོང་གི་རྩོམ་ཐུང་འདིས།
    གུས་པར་རེ་ཞིག་ཕྱིན་དྲུག་གོ་བ་བསྩལ།

  53. ཝཱ་ར་ཎཱ་སི། says:
    2010-03-28 at 12:29 am

    ལྟ་བ་གོལ་ལ་གོལ་སྟངས་རྣམ་པ་གཉིས༎
    དོན་དམ་རིགས་པས་བཏགས་དོན་རྙེད་ནས་ནི༎
    དེ་ཉིད་བདེན་པར་བཟུང་བ་རྟག་པའི་མཐའ༎
    དཔེར་ན་ཕྱི་རོལ་མུ་སྟེགས་ལྟ་བ་བཞིན༎
    ལས་འབྲས་ལ་སོགས་ལེགས་ཉེས་བླང་དོར་རྣམས༎
    སྒྲོ་འདོགས་ཙམ་དུ་ཞེན་ནས་དོར་བྱ་རུ༎
    འདོད་མཁན་དག་ནི་ཆད་པའི་མཐའ་རུ་ལྷུང༌༎
    རྒྱ་ནག་ཧ་ཤང་ལྟ་བ་ཡིན་པར་གྲགས༎

    ཀླུ་སྒྲུབ་ཀྱིས་མཛད་རིན་ཕྲེང་ལས༎ (ཤླཽཀ་ 57་པ།)
    མེད་པ་པ་ནི་ངན་འགྲོར་འགྲོ།
    ཡོད་པ་པ་ནི་བདེ་འགྲོར་འགྲོ།
    ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར༎
    གཉིས་ལ་མི་བརྟེན་ཐར་པར་འགྱུར༎
    གསུངས་པའི་དོན་ནི་འདི་ལྟར་སྟེ༎
    ཆད་ལྟ་ལས་འབྲས་སྤངས་པས་ན༎
    ངན་སོང་དུ་ནི་ལྷུང་བར་ངེས༎
    རྟག་མཐས་འཁོར་རྩ་མ་གཅོད་ཕྱིར༎
    བདེ་འགྲོ་ཙམ་ལས་ཐར་ལམ་མེད༎
    དེས་ན་རྟག་ཆད་གོལ་བའི་ལམ༎
    སྤངས་ནས་དབུས་སུ་གནས་པ་ཡི༎
    ཡང་དག་ལམ་ནི་དབུ་མ་ཉིད༎
    མདོར་ན།
    ཐོས་པ་གོལ་ན་རྟག་ཆད་ལྟ་བ་སྐྱེ༎
    བསམ་པ་གོལ་ན་རྟག་ཆད་ལྟ་བ་བརྟན༎
    སྒོམ་པ་གོལ་ན་རྟག་ཆད་མཐའ་རུ་ལྷུང༌༎
    དེས་ན་ཐོས་པ་ནན་ཏན་གལ་ཆེ་བའོ༎

  54. གངས་སྨྱུག says:
    2010-04-07 at 5:49 am

    འཇམ་རླུང་དལ་གྱིས་རྡལ་བའི་རྩ་ཐང་ཁྲོད། །
    བདག་གི་མིག་ཏུ་སྒྱུ་མའི་རི་མོ་ཞིག །
    ཡང་ཡང་འཁོར་བའི་རྟགས་མཚན་ཁ་སྦྱོར་འདི། །
    ལན་གཅིག་མིན་པར་ཡང་ཡང་འཆར་ན་བསམ། །

    དྲན་པའི་ལུག་གུ་དཀར་ཆུང་ཉིད། །
    གཡང་མོ་རྗེས་སུ་ཡང་ཡང་རྒྱུ། །
    བརྩེ་གདུང་གོམ་རླབས་གཅིག་གིས་ནི། །
    བདུད་རྩིའི་ཐིག་པ་ནར་གྱིས་ལྷུང༌། །

    གནམ་གྱི་དགུ་རྩེགས་འཐོར་བ་དང༌། །
    ས་ཡི་རྟེན་ཕུར་ཆག་ཡང་རུང༌། །
    ཁྱེད་ལ་ཉེར་འཚེས་བར་ཆད་རིགས། །
    ནམ་ཡང་མེད་པའི་སྨོན་ལམ་འདེབས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme