Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གཞུང་གིས་དགོན་པ་ཆེན་པོ་ཞིག་བཞེངས་རྒྱུ་རེད་འདུག

Posted on 2008-10-21 By དགེ་རབ་ 24 Comments on རྒྱ་ནག་གཞུང་གིས་དགོན་པ་ཆེན་པོ་ཞིག་བཞེངས་རྒྱུ་རེད་འདུག

སྤོབས་པ་མཐའ་ཡས།

ཁྱོད་ཚོས་འདིའི་སྐོར་ཤེས་ཡོད་རྒྱུ་རེད་དེ་ཚེས་བཅོ་བརྒྱད་ཉིན་རྒྱ་ནག་གི་ཤིན་ཧྭ་གསར་ཁང་གིས་བོད་ལྗོངས་ལྷ་ས་ཆུ་ཤུལ་རྫོང་སྙེ་ཐང་དུ་ནང་བསྟན་སློབ་གླིང་ཞིག་འཛུགས་རྒྱུ་དང་དེའི་རྨིངས་རྡོ་བཏིངས་བའི་མཛད་སྒོའི་པར་དང་ལས་གཞིའི་འདྲ་རིས་དང་བཅས་པ་བསྟན་འདུག མཛད་སྒོའི་པར་དེའི་ནང་དུ་དུ་གྲྭ་བ་དང་བོད་ཆས་གྱོན་མཁན་འདྲ་མི་འདུག བོད་ལྗོངས་ཉེན་རྟོག་པའི་མགོ་གཙོ་བློ་བཟང་རྒྱལ་མཚན་ཟེར་བ་དེས་འདི་ནི་ཚད་མཐོ་ཞིང་ཆ་ཚང་བའི་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་ཐོག་མ་དེ་ཆགས་རྒྱུ་ཡིན་ཚུལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་རྩ་དོན་གཞིར་བཟུང་ནས་ཕྱི་ཕྱོགས་ཀྱི་སློབ་མ་རྣམས་ལ་ཡང་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག འདིའི་འགྲོ་སོང་ལ་རྒྱ་ནག་གི་ཡེན་སྒོར་ས་ཡ་བརྒྱད་ཅུ་དབུས་གཞུང་གི་ལོ་འཁོར་སྔོན་རྩིས་ཀྱི་ཁོངས་ནས་བཏང་ཚུལ་འདུག ད་སྐབས་བོད་དུ་དགོན་པ་༡༧༠༠ དང་གྲྭ་བ་༤༦༠༠༠ ཡོད་ཚུལ་དང་༡༩༨༠ ལོ་ནས་ད་བར་དུ་ཡེན་སྒོར་ས་ཡ་བདུན་བརྒྱ་ཉམས་གསོ་རྒྱུན་འཛིན་གྱི་ཆེད་དུ་བཏང་ཚུལ་སོགས་ཀྱང་འཁོད་འདུག
ང་རང་ཉིད་ཀྱི་བསམ་ཚུལ་ལ་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་དགོན་སྡེ་གསར་བཞེངས་མི་ཆོག་པའི་ཐོག་དགོན་རྙིང་སླར་གསོ་ལ་ཡང་གཞུང་གི་ཆོག་མཆན་ངེས་པར་དགོས་པ་དང་ལྷ་ལྡན་སྨོན་ལམ་སོགས་ཆོས་ཀྱི་མཛད་སྒོ་བཀག་སྡོམ་དང་དགོན་སྡེ་ཚང་མའི་གྲྭ་བའི་གྲངས་འབོར་ཚད་བཀག་སོགས་ཆོས་ལུགས་དར་སྤེལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་ཀྱང་ད་ཐེངས་རྒྱ་གཞུང་རང་ཉིད་ཀྱི་སྣེ་ཁྲིད་དེ་དགོན་པ་ཆེན་པོ་ཞིག་གསར་རྒྱག་བྱེད་པ་དེ་བློ་ཡུལ་མི་ཤོང་བ་ལྟ་བུར་གྱུར་སོང་། བོད་ལ་སེ་འབྲས་དགེ་གསུམ་གཙོ་བོར་གྱུར་པའི་ཆོས་ཀྱི་སློབ་སྦྱོང་སྤྲོད་ས་དེ་སྙེད་ཅིག་ཡོད་པ་དེ་ཚོ་སླར་གསོ་ཡག་པོ་ཞིག་ཡོང་ན་དེ་ཀས་འཐུས་པ་ལས་ད་ཆ་རྒྱ་ནག་རང་ཉིད་ཀྱིས་སྣེ་ཁྲིད་པའི་དགོན་ཆེན་ཞིག་བཞེངས་པ་དེར་དམིགས་བསལ་གསལ་གྱི་ཕན་ནུས་དང་དགོས་པ་གང་ཡང་མེད། ཡང་མིན་ན་བོད་ཀྱི་གྲྭ་བཙུན་གཙོས་པའི་དད་ལྡན་པ་ཚོས་རྒྱ་ནག་ལ་ངོ་རྒོལ་མང་པོ་ཡོང་བ་ཉེན་ཁར་མཐོང་སྟེ་དེའི་ཁ་གཏད་ལྟ་བུར་མཐུན་རྐྱེན་དང་གོ་གནས་ཐོབ་ཐང་གི་མཐུན་རྐྱེན་གང་དགོས་སྤྲད་དེ་རྒྱ་གཞུང་ལ་དད་ཞེན་བྱེད་མཁན་གྱི་ཆོས་ལུགས་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་བླ་མས་བླ་མ་འདུལ་བ་དང་སྲུང་མས་སྲུང་མ་གཅུན་རྒྱུའི་ཐབས་ལམ་དེ་དམག་མི་དང་མེ་མདའ་ལས་ཤུགས་ཆེ་བར་མཐོང་བ་ཞིག་ཀྱང་ཡིན་སྲིད།
རྒྱ་གཞུང་གི་ངོས་ནས་བོད་དོན་གྱི་རྩོད་རྙོགས་འདི་ལ་མཚོན་ན་བོད་ནང་ཁུལ་གྱི་མིའི་བློ་ཁ་བྲིད་པ་དང་ཕྱིའི་འཛམ་གླིང་གི་མིའི་མཐོང་སྣང་ལ་མཛེས་པ་ཞིག་དགོས་ན་ངེས་པར་དུ་ཡང་བོད་བརྒྱུད་ནང་ཆོས་ཀྱི་གཟུགས་བརྙན་འདྲ་ཆགས་པོ་ཞིག་མི་སྟོན་ཐབས་མེད་ཡིན་སྟབས་ཁོང་ཚོས་ནམ་ཡིན་ཡང་ཆོས་ལུགས་དང་ཆོས་པ་བེད་སྤྱོད་གཏོང་བ་དེ་འཐབ་ཇུས་གལ་ཆེན་ཞིག་ཏུ་བཟུང་ཡོད་པར་ཁོ་ཐག་ཆོད། རྒྱ་ནག་གཞུང་གི་ངོས་ནས་ཆོས་ལུགས་བེད་སྤྱོད་གཏོང་བ་དེས་མིའི་བློ་སྣ་བྲིད་ཐབས་དང་ཕྱིའི་མཐོང་སྣང་མཛེས་པ་ཁོ་ན་མིན་དང་ད་དུང་ཁ་གཏད་ཀྱི་ནང་ཁུལ་འཐོར་ཞིག་ཏུ་གཏོང་བར་ནུས་པ་ཐོན་པར་མཐོང་གི་ཡོད་པ་རེད། དཔེར་ན་རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་བསྐོ་བཞག་དང་། དོལ་རྒྱལ་ཚོགས་པར་དངོས་སུ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་བ་དང་། ཆུང་ས་ནས་སྲོལ་རྒྱུན་གྱི་གོ་གནས་དང་ཆོས་ཀྱི་ཤེས་ཚད་གང་ཡང་མེད་པའི་གངས་ཅན་སྤྲུལ་སྐུ་ལྟ་བུ་ཡང་གཞུང་གིས་སྤེལ་བའི་བོད་བརྒྱུད་ནང་ཆོས་དང་དང་འབྲེལ་བའི་མཛད་སྒོའི་སྟེང་དུ་ཆད་མེད་དུ་འབོད་པ་དང་། ཟམ་གདོང་གཞུང་གིས་སློབ་དཔོན་པདྨའི་འདྲ་སྐུ་འབུམ་ཐེར་ཡིན་ནམ་ཅིག་བཞེངས་པའི་ལས་འགུལ་གྱི་ཁ་ཐུག་ལ་རྒྱ་གཞུང་གིས་གུ་རུ་རིན་པོའི་སྐུ་འདྲ་ཁ་ཤས་གཏོར་ཁུལ་བྱས་པ་ལྟ་བུ་ལྷ་མེད་ཆོས་མེད་སྨྲ་བའི་གཞུང་ཞིག་གིས་ལྷ་སྐུ་དང་སྲུང་མ་དང་ཡང་སྲིད་སོགས་ལ་དབྱེ་འབྱེད་དང་ཇུས་གཏོགས་དེ་འདྲའི་ཤུགས་ཆེན་ཞིག་བྱེད་པ་དེ་ཡང་གདུགས་སེམས་ནག་པོའི་བྱེད་སྟངས་ཤིག་ཡིན་པ་ང་ཚོས་ངོས་ཟིན་དགོས་རྒྱུ་རེད་སྙམ།
དོན་གནད་འདི་ལ་ང་ཚོས་གདོང་ལེན་གང་ལྟར་བྱེད་དགོས་པ་དེ་ནི་ང་ཚོའི་མདུན་ན་ལུས་པའི་དྲི་རྟགས་ཆེན་པོ་ཞིག་རེད། སྙིང་ཉེ་བའི་སྤུན་ཟླ་དྲྭ་གྲོགས་ཚོ།
གནས་ཚུལ་དངོས་ཀྱི་དྲྭ་ལམ་འདི་ཡིན།
http://news.xinhuanet.com/english/2008-10/18/content_10215198.htm

གསར་འགྱུར།

Post navigation

Previous Post: ལོ་རྒྱུས་ཀྱི་སྒྲུང་རིང་།
Next Post: རྒྱལ་རོང་ལོ་རྒྱུས་ཞིབ་འཇུག

Comments (24) on “རྒྱ་ནག་གཞུང་གིས་དགོན་པ་ཆེན་པོ་ཞིག་བཞེངས་རྒྱུ་རེད་འདུག”

  1. ཀླུ་སྨྱོན། says:
    2008-10-21 at 9:31 pm

    དགོན་པ་འདི་ནས་བླ་མས་བླ་མ་འདུལ་མིན་དང་སྲུང་མས་སྲུང་མ་འདུལ་མིན་གང་ཤེས། གྲྭ་པས་གྲྭ་པ་འདུལ་མི་དགོས་པའི་སྨོན་ལམ་འདེབས། དེ་བཞིན་བསླབ་པ་མཐར་ཕྱིན་དུས་སྒོར་མོའི་གཏོང་སྒོ་མེད་པར་སློབ་ཐོན་ལག་ཁྱེར་རེ་ཡང་འཐོབ་ཐུབ་པའི་རེ་བ་ཡོད།

  2. མྱི་སྨྱོན། says:
    2008-10-21 at 11:48 pm

    སྔོན་མ་རྒྱ་མའི་གཏམ་དཔེ་གཅིག་ལ་བོད་ལ་དམགས་རྒྱབ་ནས་མ་ཐུབ་ན་ལམ་སེང་ས་གནས་དེར་ལྷ་ཁང་ཞིག་བཞེངས་ན་དེ་ལ་མགོ་འཁོར་ནས་བསྡད་ཡོང་སེར་བ་ལྟར་ཐེང་འདིར་ཡང་བོད་མི་མགོ་བསྐོར་གཏོང་འདོད་རེད། ལྷག་པར་གྲྭ་བ་དང་མི་སྐྱ་གཉིས་ཀྱི་དབྱེ་འབྱེད་མེད་པའི་ནང་བསྟན་སློབ་གླིང་འདི། གང་མང་ཞིག་གི་གྲྭ་ལོག་བྱེད་སའི་སྟེ་གནས་ཞིག་ལ་ཡང་འགྱུར་སྲིད

  3. ÇtôzÅ-q- says:
    2008-10-22 at 1:19 am

    ངས་འདི་ལ་བསམ་བློ་མང་ཙམ་བཏང་བ་ཡིན། ཤིན་ཧྭ་གསར་འགྱུར་ལས་ཏིར་ཀི་སི་ཐན་པའི་འཇིགས་སྐུལ་རིང་ལུགས་པ་བཅུ་གཉིས་ཡིན་ནམ་ཅིག་གི་མིང་བཏོན་ནས་གསལ་བསྒྲགས་བྱས་པ་དང་དུས་མཉམ་དུ་བོད་ལ་དགོན་པ་ཆེན་པོ་ཞིག་བཞེངས་རྒྱུའི་གསལ་བསྒྲགས་བྱས་འདུག མི་རིགས་མི་འདྲ་བ་གཉིས་ལ་འཐབ་བྱུས་མི་འདྲ་བ་གཉིས་བཏོན་པ་རེད་སྙམ། ཁ་ཕྱིར་བལྟས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་བརྒྱུད་ནང་ཆོས་འདི་ཕྱི་རྒྱལ་ལ་མཚན་སྙན་ཞིག་ཡོད་པ་དམིགས་ནས་བོད་ལ་དགོན་པ་བཞེངས་པ་དེས་བོད་བརྒྱུད་ནང་བསྟན་དར་རྒྱས་སུ་གཏོང་གི་ཡོད་པའི་བཟོ་ལྟ་འདོན་པ་དང་། ཨ་མེ་རི་ཁ་གཙོས་པའི་རྒྱལ་ཁབ་ཁ་ཤས་ཀྱིས་ཁ་ཆེའི་ཚོགས་པ་མང་པོར་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་འཛུགས་བྱེད་པ་དང་བསྟུན་ནས་ཏིར་ཀི་སི་ཐན་པ་ལ་འཇིགས་སྐུལ་རིང་ལུགས་པའི་མིང་འདོགས་གསལ་བསྒྲགས་བྱས་པ་ཡིན་རྒྱུ་རེད།

  4. ལྕགས་རྒྱ་འགྲམ་ནག says:
    2008-10-22 at 4:52 am

    འདི་ནི་དབུས་གཙང་དུ་སེར་མོ་བའི་ཆེད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གྲྭ་ཞིག་འཛུགས་རྒྱུ་ཡིན་པ་མ་གཏོགས། དགོན་པ་ཞིག་བཞེངས་ཀྱི་ཡོད་པ་ཨེ་རེད།

  5. མྱི་ལྡང༌། says:
    2008-10-22 at 5:50 am

    དགོན་པ་འདི་ནི་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་མཁན་གསོ་སྐྱོང་དང༌། གུང་ཁྲན་ཏང་གི་མགོ་ཁྲིད་རིམ་བྱུང་གི་རིག་པའི་གཞུང་ལུགས་ཟེར་བ་དེ་ཚོ་སློབ་སྦྱོང་བྱེད་ས། བོད་མི་མང་དང་ནང་ཆོས་གཉིས་ཀྱི་བར་ལ་འགལ་བ་བཟོ་ས་སྟེ། ད་ཕན་གདན་ས་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་གི་སྲོལ་རྒྱུན་སྒྲིག་གཞི་དེས་གུང་ཁྲན་གྱི་ལྟ་གྲུབ་རིགས་གཏན་འགོག་བྱས་པ་དེའི་ཁ་གཏད་དུ་བཙུགས་པ་ཞིག་ཡིན་རྒྱུ་རེད་མ་གཏོགས། བོད་པའི་དགོས་མཁོའི་ཆེད་དུ་རྒྱ་གུང་ཁྲན་འདིས་དགོན་པ་རྒྱག་གི་མ་རེད། གཅིག་ཐང་ན། ཤུགས་ལྡན་དར་སྤེལ་ལྟེ་གནས་དང༌། པཎ་ཆེན་རྫུན་མའི་ཆོས་འཁོར་བསྐོར་ས་འདྲ་ཞིག་གི་ཆེད་དུ་མིན་འགྲོ རྒྱ་གུང་ཁྲན་གྱིས་བོད་ལ་དགོན་པ་རྒྱག་པ་འདི་བོད་མིའི་སེམས་ནང་འཆར་མ་མྱོང་བ་ཞིག་ཡིན།

  6. སྟོབས་ལྡན། says:
    2008-10-22 at 12:56 pm

    གསར་འགྱུར་འདི་རིང་དྲགས་ནས་གློག་ཚར་བ་མི་འདུག་

  7. ཀླུ་སྨྱོན། says:
    2008-10-22 at 1:21 pm

    དང་པོར་ང་ཚོས་ལྟད་མོར་བལྟ། དེ་ནས་སྐད་ཆ་བཤད། ངས་བསམས་ན་དགོན་པ་དེའི་ནང་དུ་རྩ་བའི་རྩ་དོན་བཞིའི་སྐོར་ལ་རྒྱུགས་འབྲས་མཐོ་དམན་འགྲན་མཁན་ཡོད་ངེས་ལ། དགོན་པ་དེའི་ནང་དུ་ནང་པའི་བདེན་པ་བཞིའི་གོ་དོན་ལ་བསམ་གཞིག་བྱེད་མཁན་ཡང་ཡོད་རྒྱུ་རེད། དཔེ་ཞིག་བཞག་ན། རྒྱ་གཞུང་གི་རྒྱ་སྒོར་དུང་ཕྱུར་ཁ་ཤས་བཏང་ནས་ཕོ་བྲང་པོ་ཏ་ལ་དང་ས་སྐྱ་དགོན་པ་སོགས་བོད་ཀྱི་གནས་རྩ་ཆེན་ཁ་ཤས་ཉམས་གསོ་བྱས་པ་དེ་ནི་ཉམས་གསོ་བྱེད་མཁན་སུ་ཡིན་ལ་མ་བལྟས་པར་ཉམས་གསོ་བྱེད་ཡུལ་དུ་རྙིང་ཚབ་གསར་འཛུགས་ཀྱིས་གནས་མཆོག་དེ་དག་སྔར་ལས་ཡར་རྒྱས་བཏང་བ་ལ་དེ་བཞིན་གྱི་བསམ་བློ་ཞིག་གཏོང་དགོས་པ་རེད། དེའི་ཕྱིར་གོང་ས་མཆོག་གིས་ཀྱང་འདི་རིགས་ལ་བསྔགས་བརྗོད་གནང་གིན་འདུག དྲང་མོར་བཤད་ན་ང་ཚོས་ཕྱོགས་ཕན་ཚུན་བེད་སྤྱོད་བཏང་སྟེ་ཁེ་ཕན་ཞིག་འཚོལ་བཞིན་པ་མ་ཡིན་ནམ། ང་ཚོས་ཀྱང་རྒྱ་རྒན་ཚང་གིས་ང་བརྒྱད་དང་རིག་གསར་སྐབས་ཀྱི་གཏོར་བཅོམ་དེའི་ཚབ་ཏུ་གནས་མཆོག་ཉམས་གསོ་དང་དགོན་པ་གསར་རྒྱག་བྱེད་དུ་བཅུག་ལ་ལེགས་པོ་རེད། རྒྱ་རྒན་ཚང་གིས་མ་བསྐུལ་དང་བླངས་ཀྱིས་ཆོས་དད་མི་མང་གི་གྲས་སུ་འཛུལ་ནས་གོང་གི་བྱ་འགུལ་འདི་ཚོ་སྤེལ་བ་ཡང་ལྷ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཁོ་ཚོའི་སྙིང་རྩ་ནས་བཙུར་ལྷོད་རེ་བྱས་པ་ཞིག་ལོས་ཡིན་ཡང་བསམ།

  8. ཀླུ་སྨྱོན། says:
    2008-10-22 at 1:28 pm

    འདིའི་སྐབས་སུ་ང་ཚོས་རྒྱ་གཞུང་གི་བཀོད་འདོམས་འོག་བསྐྲུན་པའི་པེ་ཅིང་བོད་བརྒྱུད་ནང་བསྟན་སློབ་གླིང་། བླ་བྲང་ནང་བསྟན་སློབ་གླིང་། སྐུ་འབུམ་ནང་བསྟན་སློབ་གླིང་ལྟ་བུའི་དགེ་སྐྱོན་ལ་ཡང་བསམ་གཞིག་རེ་བྱེད་འོས་པར་སྙམ།

  9. ལྕགས་རྒྱ་འགྲམ་ནག says:
    2008-10-22 at 1:40 pm

    སློབ་གྲྭ་རེད་དམ་དགོན་པ་རེད་ཅེས་གོང་གི་གནས་ཚུལ་གསལ་བོ་བཟོས་ན་བསམ་པ་མ་གཏོགས། དེའི་དགེ་སྐྱོན་ནི་ནང་བསྟན་སློབ་གྲྭར་སོང་མྱོང་བ་དེ་ཚོར་བཤད་རྒྱུ་ཡོད་ཀྱི་རེད་བསམ་ནས་ཅང་བཤད་ཀྱི་མེད་ལ་བཤད་ཤེས་རྒྱུའང་ཅང་མེད།

  10. ཀླུ་སྨྱོན། says:
    2008-10-22 at 1:44 pm

    རེད། དེ་ནི་བོད་ལྗོངས་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་ལྟ་བུ་ཞིག་རེད་དམ་ཆོས་ལུགས་མཉམ་རུབ་ཀྱི་དགོན་པ་ཞིག་རེད།

  11. ལྕགས་རྒྱ་འགྲམ་ནག says:
    2008-10-22 at 2:06 pm

    འདི་གཉིས་ལས་གང་ཡིན་གསལ་བོ་མ་ཤེས་གོང་ནས་དགོན་པ་འདི་ཞེས་བཤད་འགྲོ་བ་དེ་ག་རེ་ཡིན་ནམ།

  12. ཀླུ་སྨྱོན། says:
    2008-10-22 at 3:50 pm

    དགོན་པ་དེ་ཞེས་བཤད་པ་དེ་གོང་གི་གསར་འགྱུར་འགོད་པོའི་རྗེས་སུ་འབྲངས་པ་ཞིག་ཡིན། དོགས་སློང་གནང་བར་ཐུགས་རྗེ་ཆེ་ཞུ།

  13. མགོན་པོ་ཕྱག་གཉིས་པ། says:
    2008-10-22 at 5:43 pm

    དེ་ནང་བསྟན་སློབ་གླིང་ཞིག་ཡིན་པ་འདྲ། དམིགས་ཡུལ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་གསོ་སྐྱོང་བྱེད་ས་རེད།

  14. ÇtôzÅ-q- says:
    2008-10-22 at 5:52 pm

    འགྲམ་ནག་གིས་ཚིག་གི་ཞིབ་ཆ་འདོན་བསམ་འདུག དགོན་པ་དང་ནང་བསྟན་སློབ་གྲྭ། གྲྭ་ཚང་དང་གྲྭ་ས། བཤད་གྲྭ་དང་སྒྲུབ་གྲྭ། ཆོས་ཚོགས་དང་སོགས་ཀྱི་ཁྱད་པར་རེ་རེ་ནས་མ་འདྲེས་པར་འཇོག་ཐུབ་བམ། ནང་བསྟན་སློབ་གྲྭ་ཟེར་ན་ཡང་དེ་དགོན་པའི་བྱེ་བྲག་ཅིག་མ་རེད་དམ། འདི་ཚོ་ལ་ཁྱད་པར་མ་འདྲེས་པའི་མཚན་ཉིད་ལྟ་བུ་རེ་འཇོག་རྒྱུ་ཡོད་ན་ཞོག་དང་ཡག་པོ་རེད།

  15. ÇtôzÅ-q- says:
    2008-10-22 at 6:03 pm

    ྐླུ་སྨྱོན་ལགས། ང་ཚོས་ལྟད་མོ་ཕལ་ཆེར་མཐོང་ཚར་བ་རེད། བོད་ལ་སྲོལ་རྒྱུན་གྱི་གྲྭ་ས་བཤད་གྲྭ་དེ་སྙེད་ཅིག་ཡོད་པ་དེ་ཚོས་མ་འཐུས་པར་རྒྱ་ནག་གཞུང་རང་ཉིད་ཀྱིས་སྣེ་ཁྲིད་དེ་ལས་གཞི་ཆེན་པོ་འདི་འདྲ་ཞིག་འཛུགས་པ་ལ་དམིགས་ཡུལ་ཆེན་པོ་ཡོད་རྒྱུ་རེད། རྒྱ་སྒོར་དུང་ཕྱུར་གཅིག་ལ་ཉེ་བ་ཙམ་གྱི་འགྲོ་སོང་དེ་དེ་གར་གཏོང་གི་མ་རེད་གྲོགས་པོ་ཚོ། དེ་ག་རེ་བཤད་རུང་མ་བཤད་རུང་ལོ་ཤས་རྗེས་ནས་བླ་མས་བླ་མ་འདུལ་བ་སྲུང་མས་མས་སྲུང་མ་གཅུན་དེ་བོད་མི་རྩམ་སྒྱེ་དེ་ཚོའི་མགོ་བོ་གདུགས་ལྟར་སྐོར་རྒྱུ་རེད་ཡ། རྒྱ་ནག་གཞུང་གིས་ཡུ་གུར་བ་ལ་འཇིགས་སྐུལ་རིང་ལུགས་པའི་བསྙོན་འཛུགས་བྱེད་པ་ལས་ཨི་ཟི་ལམ་གྱི་སློབ་གྲྭ་འཛུགས་ཀྱི་མི་འདུག་ག ཁོ་ཚོ་དེ་འདྲས་མགོ་སྐོར་གཏོང་མི་ཐུབ་པ་ཤེས་ཀྱི་ཡོད་རེད། ཡོད་མཆོད་རིམ་པ་གསུམ་གྱི་ལོ་རྒྱུས་ལས་རྒྱ་ནག་གིས་བོད་ལ་དམག་རྒྱག་མི་དགོས་པའི་ཉམས་མྱོང་རག་ཡོད་པ་རེད། གུང་ཁྲན་འདི་ཚང་གི་ཁ་དམྱལ་བའི་ནང་ལ་སྐོར་ཡ།

  16. ལྕགས་རྒྱ་འགྲམ་ནག says:
    2008-10-22 at 6:43 pm

    སེ་འབྲས་དགེ་གསུམ་གྱི་གྲྭ་གྲངས་ལ་ཚོད་འཛིན་བྱེད་བཞིན་དུ་ཟུར་ནས་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་བཤད་པ་ལྟར་དགོན་པ་ཆེན་པོ་ཞིག་བཞེངས་པ་འདི་ག་རེ་ཡིན་ནམ་ཞེས་དོགས་སློང་བྱས་པ་ཡིན། ཁྱོད་ནི་ཆོས་བཤད་བརྒྱག་རྒྱུར་དགའ་ཟེར་བས་ནང་བསྟན་སློབ་གྲྭ་ནི་ར་ལུག་གཉིས་ཀྱི་གང་ལ་གཏོགས་མིན་ཆོས་ལ་དོ་སྣང་ཅན་པ་ཚོས་ཤེས་ཀྱི་རེད་མ་གཏོགས་ང་ལ་རྒྱུས་མེད།
    ཡིན་ནའང་བོད་ལྗོངས་ནང་བསྟན་སློབ་གླིང་བཙུགས་རྗེས། སེ་འབྲས་དགེ་གསུམ་ལྟར་དེའི་འཁྲིས་སུ་ཉེན་རྟོག་ཁང་ཞིག་འཛུགས་རྒྱུ་ཡིན་མིན་ལ་ལྟད་མོ་བལྟ་རྒྱུ་ཡིན། དེ་མཚམས་ནས་ངས་དགོན་པ་དང་ནང་བསྟན་སློབ་གྲྭ་གཉིས་བར་གྱི་ཁྱད་པར་ཤེས་ཨེ་ཡོང་སྙམ། དེ་མ་གཏོགས་གྲྭ་རྡོག་གཅིག་ཕར་ཞོག་ཀ་གདུང་ཅིག་མ་བསླངས་གོང་ནས་སློབ་གྲྭ་འདིར་མཚན་ཉིད་འཇོག་ཤེས་པ་དེ་འདྲ་མིན།

  17. ÇtôzÅ-q- says:
    2008-10-22 at 8:05 pm

    འགྲམ་ནག། འདི་སེ་འབྲས་དགེ་གསུམ་དང་ག་ལ་འདྲ། འདི་དང་པོ་ནས་ཉེན་རྟོག་ཁང་གི་ངོ་བོར་གྲུབ་ཡོད་པ་རེད། ཀ་གདུང་བསླངས་མ་ཚར་ཡང་གུང་ཁྲན་ཏང་གི་ཡིད་ངོར་བློས་བསླངས་བཞེངས་གྲུབ་པ་རེད། གུང་ཁྲན་གྱིས་མི་ལོ་དྲུག་ཅུར་ཉེ་བའི་རིང་ལ་ང་ཚོར་གང་བྱས་བྱས་ཀྱི་ཉམས་མྱོང་གི་ཆ་ནས་ཤོད་ཀྱིན་ཡོད།

  18. ལྕགས་རྒྱ་འགྲམ་ནག says:
    2008-10-23 at 4:50 am

    ག་རེའི་ངོ་བོར་གྲུབ་ཡོད་ན་དེའི་མིང་ནས་བོས་ན་གསར་འགྱུར་ཀློག་མཁན་ཚོར་གནས་ཚུལ་གོ་ནོར་མི་ཐེབས་པའི་ཕན་ཐོགས་ཡོད་ལེ་རེད་བསམ།

  19. yeshe says:
    2008-10-23 at 1:40 pm

    འདྲ་པར་དེ་ཅུང་གསལ་དུ་བཏང་ནས་བལྟས་ན་དེ་ནི་བོད་ལྗོངས་ནང་བསྟན་མཐོ་རིམ་སློབ་གླིང་ཞིག་གི་བློས་བསླངས་རེད་འདུག སྤྱིའི་ཆ་ནས་བལྟས་ན་བོད་ལྗོངས་སུ་བོད་ཀྱི་ཞིང་ཆེན་བཞན་པ་དག་དང་འདྲ་བར་དེང་རབས་ཅན་གྱི་ནང་བསྟན་མཐོ་རིམ་སློབ་གླིང་ཞིག་དགོས་ཀྱི་རེད་ལ། དེའི་ནང་དུ་ནང་ཆོས་གཅིག་པོ་མ་ཡིན་པར་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སོགས་ཚན་རིག་སྡེ་ཁག དབྱིན་ཡིག་དང་རྒྱ་སྐད་སོགས་སྐད་ཡིག་སྡེ་ཁག ལྷ་བཟོ་འབག་བཟོ་སོགས་བཟོ་རིག་སྡེ་ཁག བོད་སྨན་རྒྱ་སྨན་སོགས་གསོ་རིག་སྡེ་ཁག་བཙུགས་ནས་མི་མང་ལ་ཞབས་འདེགས་ཞུ་ཐུབ་པའི་གྲྭ་བཙུན་གསོ་སྐྱོང་བྱེད་དགོས། སྲོལ་རྒྱུན་གྱི་ལུགས་སྲོལ་གཅིག་པོ་སྐྱོང་བཞིན་པའི་དགོན་སྡེ་ནས་གྲྭ་བཙུན་ཞིག་སྐྱ་བབས་ཏེ་གྲོང་དུ་ལོག་དུས་མཇེ་སྐམ་པོ་ཞིག་མ་གཏོགས་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པའི་ཤེས་བྱ་ཡོན་ཏན་ཞིག་ངོ་མ་དཀོན་པོ་རེད། རྒྱུད་གྲྭ་རེ་ནས་ཐོན་པ་ཡིན་ན་གྲོང་ཆོག་རེར་འགྲོ་ཐུབ་ཙམ་ཡོད་རྒྱུ་རེད།

  20. ལྕགས་རྒྱ་འགྲམ་ནག says:
    2008-10-23 at 3:42 pm

    ཀན་སུའུ་དང་མཚོ་སྔོན་དུ་ནང་བསྟན་སློབ་གླིང་ལོ་ཉི་ཤུ་ལྷག་གི་གོང་ནས་བཙུགས་རུང་བོད་ལྗོངས་སུ་ད་ལོ་མ་གཏོགས་མ་བཙུགས་པ་འདིའི་རྒྱུ་མཚན་གང་ཡིན་ནམ།

  21. ÇtôzÅ-q- says:
    2008-10-23 at 5:02 pm

    དེ་ཚོ་ཆབ་སྲིདཀྱི་དགོས་མཁོ་ཁོ་ན་རེད། སི་ཁྲོན་མཚོ་སྔོན་པེ་ཅིང་སོགས་སུ་ནང་བསྟན་སློབ་གྲྭ་བཙུགས་པ་དེ་ཚོ་ནས་ཐོན་པ་ཚོར་ཡང་མཇེ་སྐམ་པོ་མ་གཏོགས་གང་ཡང་འབྱར་ཡོད་པ་མ་རེད། ཆོས་ཀྱི་གོ་རྟོགས་ནི་སྲོལ་རྒྱུན་ནང་བསྟན་གྲྭ་ས་དག་ལས་ཐོན་པ་ཚོར་ཡག་གི་རེད། ཁོ་ཚོས་ཅིག་ཤེས་ཡོད་ན་དེ་ནི་ཏཱ་ལའི་དང་དེའི་རྗེས་འབྲངས་ལ་སྐྱོན་བརྗོད་བྱེད་པ་ཙམ་ཡིན་འགྲོ། ཀན་སུའི་མཚོ་སྔོན་སི་ཁྲོན་སོགས་སུ་ཡོད་པའི་ནང་བསྟན་སློབ་གྲྭ་ཆུང་ཆུང་དེ་འདྲ་བོད་ལྗོངས་སུ་ཡང་སྔོན་མ་ནས་བཙུགས་ཟིན་ཡོད་འགྲོ། ལྷག་པར་ཡང་ཡུལ་དུས་གང་གི་ཆ་ནས་བལྟས་ཀྱང་འདི་ལ་བཟང་ཕྱོགས་ཀྱི་དམིགས་ཡུལ་ཞིག་མེད་ཁོ་ཐག་ཡིན། པེ་ཅིང་ནང་བསྟན་སློབ་གྲྭ་ལྟ་བུ་པཎ་ཆེན་བླ་མས་བཙུགས་པ་ཡིན་སྟབས་དྲག་དགོས་པར་མངོན་ཡང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་རེད། སྔོན་ཨ་མེ་རི་ཁས་ཀོ་སོ་ཝོར་ཡོད་པའི་རྒྱ་མིའི་གཞུང་ཚབ་ལ་གཏོར་སྐྱོན་བཏང་སྐབས་རྒྱ་ནག་གཞུང་གིས་བཙན་གྱིས་ནང་བསྟན་སློབ་གྲྭ་སློབ་མ་བླ་གྲྭ་ཚོར་ངོ་རྒོལ་གཏམ་བཤད་སྤེལ་དུ་བཅུག་པ་ལྟ་བུ་རྒྱུན་དུ་འབྱུང་གི་ཡོད་རེད།

  22. ÇtôzÅ-q- says:
    2008-10-23 at 5:17 pm

    རྒྱ་མི་འདི་ཚོས་བོད་ཀྱིནང་ཆོས་ཡར་རྒྱས་སུ་མི་གཏོང་ཐག་ཆོད་རེད། དེ་ལས་དཔལ་དཔལ་འབྱོར་ཡར་རྒྱས་སུ་གཏོང་ཞེས་འབྱོར་ཡར་རྒྱས་སུ་གཏོང་ཞེས་པ་དེར་ང་ལ་ཡིད་ཆེས་ཅུང་ཟད་འདུག རྒྱ་མི་འདི་ཚོས་ཆོས་ཀྱི་རིན་ཐང་གང་ཡང་ཤེས་ཀྱི་ཡོད་མ་རེད། དཔལ་འབྱོར་གྱི་རིན་ཐང་ཤེས་ཀྱི་ཡོད་རེད། ཁོ་རང་ཚོས་ཀྱང་བོད་ལྗོངས་སུ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་གཙོ་བོར་འཛིན་གྱི་ཡོད་ཅེས་བརྗོད་བཞིན་པ་དེ་བདེན་པ་ཡིན་རྒྱུ་རེད་སྙམ། བོད་ལ་མཚོན་ན་ཡོན་མཆོད་གསུམ་གྱི་རིང་ལ་རྒྱ་ནག་གིས་དགོན་པ་བཞེངས་པའི་སྦྱིན་བདག་བྱས་པ་ཙམ་གྱིས་བོད་མི་ཚོ་ཚིམ་འགྲོ་བའི་ཉམས་མྱོང་ལས་ད་རྩེད་མོ་རྩེད་སྤྱད་བྱེད་ཀྱི་ཡོད་རེད། རྒྱ་ནག་གིས་སྒོར་དུང་ཕྱུར་གཅིག་ལ་ཉེ་བའི་འགྲོ་སོང་དེ་ནང་བསྟན་ཡར་རྒྱས་སུ་གཏོང་བ་ཁོ་ནའི་ཆེད་ག་ལ་གཏོང་།

  23. kunchok says:
    2008-10-23 at 6:30 pm

    གོང་དུ་སྐུ་ཞབས་ཡེ་ཤེས་དང་སྤོབས་པས་མཇེ་སྐམ་པོའི་སྐད་ཆ་མང་པོ་ཞིག་བཤད་སོང་། གྲ་བ་ལོག་ཡོང་དུས་མཇེ་སྐམ་པོ་མ་གཏོགས་འཁྱེར་ཡ་མི་འདུག་ཟེར་བ་དངོས་བདེན་ཡིན་དབང་དུ་བཏང་རུང་། བཙུན་མ་ལོག་ཡོང་དུས་ཡང་དེ་དང་གཅིག་པ་འདྲ་ཞིག་གསུངས་འདུག་པ་ག་རེ་ཡིན་ནམ།

  24. ཀླུ་སྨྱོན། says:
    2008-10-23 at 8:50 pm

    དགོངས་དག་ཚིག་བཙོག་པ་ཞིག་ཤོར་འདུག་ལ། གོང་གི་མ་ཇ་འགྲེང་བུ་ཞེས་པའི་རྗེས་སུ་ས་ཏ་བཏགས་སྟ་ཞབས་ཀྱུ་ཞིག་ཆད་འདུག ད་དེ་ཙམ་ཡིན། དགོངས་དག མྱི་ངན་ཁ་ན་ཚིག་ངན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme