Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་སེམས་ཀྱིས་བསླུས་པའི་ཨ་མའི་རྫུན་གཏམ་བརྒྱད།

Posted on 2015-05-172015-05-17 By ཁ་བརྡ 17 Comments on བརྩེ་སེམས་ཀྱིས་བསླུས་པའི་ཨ་མའི་རྫུན་གཏམ་བརྒྱད།

རྔ་བཟའ་བདེ་པོ་འཚོས་དབྱིན་ཡིག་ལས་བསྒྱུར།

unnamed-1ང་བྱིས་པ་ཆུང་ཆུང་ཡིན་དུས་ཤིག་ནས་སྒྲུང་འདི་འགོ་བརྩམས་པ་རེད། ང་ནི་མི་ཚང་ཧ་ཅང་སྐྱོ་བོ་ཚང་ཞིག་གི་བུ་ཡིན། ང་ཚོ་ལ་འདང་ངེས་ཀྱི་ཟས་ཀྱང་བཟའ་རྒྱུ་མེད་པས། ཟ་མ་བཟའ་ཐུན་སླེབས་ཐེངས་རེར། ཨ་མས་ཁོང་མོོའི་ཕོར་བའི་ནང་གི་འབྲས་ཕྱེད་ཀ་དེ་ངའི་ཕོར་བུའི་ནང་བླུགས་ནས། གཅེས་ཕྲུག་འདི་ཟོ་དང་ཨ་མ་ལྟོགས་ཀྱི་མི་འདུག་ཟེར།
དེ་ནི་ཨ་མའི་རྫུན་གཏམ་དང་པོ་ཡིན།

ང་ནར་སོན་དུས། བཟོད་སྲན་ཆེ་བའི་ངའི་ཨ་མས། རང་ཉིད་ཀྱིས་དུས་ཚོད་སྟོང་པ་ཕྲན་བུ་རེ་སྤྱད་དེ། བུ་ང་འཚར་ལོངས་ཡོང་ཆེད་དང་ཟས་བཟའ་བའི་དང་ག་ཡར་སྐྱེད་ཡོང་སླད། ང་ལ་ཟས་བཅུད་ལྡན་པའི་ཟ་མ་ཅུང་ཙམ་སྟེ་ཉ་རྡོག་འགའ་རེ་རག་མིན་ལ་རེ་ལྟོས་ཀྱིས། ང་ཚོའི་ཁང་པའི་ཉེ་འགྲམ་ན་ཡོད་པའི་ཆུ་ཕྲན་དེར་ཕྱིན་ནས་ཉ་བཟུང་སྟེ། ཁོང་མོས་ཉ་ཤའི་ཐང་གསར་བ་བསྐོལ་ནས་ང་ལ་སྟེར། ངས་དེ་བཟའ་བཏུང་བྱེད་སྐབས། ཁོང་མོས་ཅི་ཡང་མི་བཟའ་བར་ངས་ཉ་ཤ་ཚང་མ་གཙང་དག་མ་ཟོས་ཀྱི་བར་དུ་ངའི་འཁྲིས་སུ་སྡོད་ལ། ཁོ་མོས་ངས་ཟོས་ཟིན་པའི་རུས་པའི་སྟེང་དུ་ལུས་པའི་ཤ་དེ་ཚོ་བཏོགས་བྱུང་། ངས་སེམས་ཀྱིས་མ་བཟོད་པར། ཨ་མ་འདི་བཞེས་རོགས་ཞེས་ཏེ། ཀང་དྲ་ཕར་བསྲིངས་ཏེ་ཉ་རྡོག་ཅིག་ཁོ་མོར་གཏད་ཀྱང་། ཨ་མས་དེ་མ་ཐག་ཏུ་མིན་མིན་གཅེས་ཕྲུག། ཁྱེད་ཀྱིས་ཟོ་དང་། ཨ་མ་མ་གཞི་ནས་ཉ་ཤ་ལ་མི་དགའ་མོ་ཟེར་ནས་ཚུར་བསྲིངས་ཡོང་།
དེ་ནི་ཨ་མའི་རྫུན་གཏམ་གཉིས་པ་ཡིན།

དེ་ནས་ང་གཞི་རིམ་སློབ་གྲྭར་འགྲོ་བཞིན་སྐབས་སུ། ངའི་སློབ་ཡོན་ཆེད་དུ། ཨ་མས་གཞན་གྱིས་བེད་སྤྱོད་བཏང་ཟིན་པའི་མུ་སིིའི་སྒམ་ཆུང་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས། ཁེ་ལས་ཆུང་ཆུང་ཞིག་ལ་གཞོལ་བྱུང་། དེས་ཁོ་མོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འགྲོ་གྲོན་ལ་ཕན་ཐོགས་ཅུང་ཙམ་བྱུང་ཡོད། དགུན་གཞུང་གི་ཙག་ངར་གྱི་མཚན་མོ་རེ་རེ། ང་གཉིད་ལས་སད་དེ་ཕར་ལྟ་དུས། ཨ་མས་ད་དུང་ཞག་སྒྲོན་ཆུང་ཆུང་ཞིག་གི་འོད་ངོགས་ནས། མུ་མཐུད་དུ་བེད་སྤྱོད་བཏང་ཟིན་པའི་མུ་སིའི་སྒམ་ཆུང་དག་ལྷུ་སྒྲིག་བཞིན་འདུག ངས་”ཨ་མ་ད་འཕྱི་བོ་ཆགས་འདུག སང་ཉིན་ཞོགས་པ་ཡང་ལས་ཀ་ལ་འགྲོ་དགོས་པས། གཟིམས་དང་”ཞེས་བསྐུལ་མ་བཏང་ཡང་། ཨ་མས་འཛུམ་དམུལ་དམུལ་ངང་། གཅེས་ཕྲུག་ཁྱེད་རང་གཉིད་དང་། ཨ་མ་དཀའ་ལས་ཁག་གི་མི་འདུག་གསུངས།
དེ་ནི་ཨ་མའི་རྫུན་གཏམ་གསུམ་པ་ཡིན།

དུས་ཚིགས་མཐའ་མའི་ཡིག་རྒྱུགས་སླེབས་བྱུང་། ཡིག་རྒྱུགས་གཏོང་བའི་སྐབས་སུ་ང་ལ་རམ་འདེགས་བྱེད་སླད། ཨ་མས་ལས་ཀ་ནས་དགོངས་པ་ཞུས་ཏེ་ཡིག་རྒྱུགས་གཏོང་སར་སླེབས་འདུག
ཚ་གདུག་གི་ཉི་མ་འཆར་འགོ་བརྩམས་ཤིང་ཚ་བ་ཧ་ཅང་ཆེ་བའི་ཉི་འོད་ཁྲོད་ནས། བཟོད་སྲན་ཆེ་བའི་ཨ་མ་ལགས་ནས། ཆུ་ཚོད་འགའ་ལ་ང་བསྒུགས་ནས་འདུག ཡིག་རྒྱུགས་མཇུག་སྒྲིལ་བའི་ཅོང་བརྡ་ཡི་སྒྲ་སང་སེ་གྲགས་པ་དང་། ཨ་མ་ངའི་ཕྱོགས་སུ་བརྒྱུགས་ཡོང་ནས་དེ་མ་ཐག་ཏུ། ཁོང་མོས་ཁྱེར་བའི་ཇ་དམ་ནང་ནས་ང་ལ་ཇ་དཀར་ཡོལ་གང་ཤག་སེ་བླུགས་སོང་། ངས་ཨ་མའི་གདོང་ལ་ག་ལེར་ལྟ་དུས། ཁོང་མོའི་མགོ་ལུས་ཡོངས་རྫོགས་རྔུལ་ཆུས་ཁེངས་འདུག ངས་དཀར་ཡོལ་དེ་ཕར་སྤྲད་ནས། ཨ་མ་ཁྱེད་ཀྱང་བཞེས་དང་ཞེས་ལབ་ཀྱང་། ཨ་མས་གཅེས་ཕྲུག ཁྱེད་ཀྱིས་ཐུངས་དང་ཨ་མ་སྐོམ་གྱི་མི་འདུག་ཟེར།
དེ་ནི་ཨ་མའི་རྫུན་གཏམ་བཞི་བ་ཡིན།

ངའི་ཨ་ཕ་ན་ཚས་མནར་ནས་སྔ་མོ་ནས་གྲོངས་སོང་། དེའི་རྗེས་ནས། ཉམ་ཆུང་བའི་ངའི་ཨ་མས་ཁྱིམ་ཚང་འདིའི་ཕ་མ་གཉིས་ཀྱི་ཚབ་བྱས་ཡོད། ཁྱིམ་ཚང་གི་འགྲོ་གྲོན་ཆ་ཚང་ཁོང་མོ་གཅིག་པུས་འཚོལ་ཐབས་བྱ་དགོས། ཁྱིམ་ཚང་འདིར་རྙོག་འཛིང་ཧ་ཅང་ཆེ་ལ། ངེད་གཉིས་ཀྱི་འཚོ་བ་ཡང་ཉིན་རེ་ནས་ཉིན་རེར་སྐྱོ་རུ་ཕྱིན་པས། དཀའ་ངལ་མེད་པའི་ཉིན་གཅིག་ཀྱང་མི་འདུག སྐབས་དེ་ཤེད་ན། ངེད་ཚང་དང་ཐག་མི་རིང་ས་ཞིག་ན་མི་ཞིག་ཡོད། ཁོས་ངེད་གཉིས་ལ་རྒྱུན་དུ་རོགས་པ་བྱས། ཁྱིམ་མཚེས་ཀྱི་མི་རྣམས་པས་རྟག་ཏུ་ཨ་མར་ཁོང་དང་མཉམ་དུ་ཡང་བསྐྱར་གཉེན་སྒྲིག་བྱས་ན་རན་ཚུལ་སོགས་ཀྱི་བསྐུལ་མ་ཅི་ཙམ་བཏང་ཡང་། ཨ་མས་རང་ཚུགས་བརྟན་པོས་ཁོང་ཚོའི་སྐད་ཆར་མ་ཉན་པར། ང་ལ་བརྩེ་བ་མི་དགོས་ཟེར།
དེ་ནི་ཨ་མའི་རྫུན་གཏམ་ལྔ་བ་ཡིན།

རྗེས་སུ་ང་བསླབ་པ་མཐར་ཕྱིན་པ་དང་བྱ་བ་རེག་བྱུང་བས། ད་ནི་རྒས་ལ་འཁོགས་པའི་ངའི་ཨ་མས་ངལ་གསོ་བྱ་རན་རེད། འོན་ཀྱང་ཁོ་མོས་ནམ་ཡང་ངལ་གསོ་བྱ་མི་འདོད་པར། ཞོགས་ལྟར་ཁྲོམ་ལ་ཕྱིན་ཏེ་སྔོ་ཚལ་ཙག་ཙིག་རེ་བཙོང་ནས། ཁོང་མོའི་ཉིན་རེའི་འགྲོ་གྲོན་ཐད་ལ་འདང་བར་བྱས། སྐབས་དེར་ང་གྲོང་ཁྱེར་གཞན་ཞིག་ཏུ་ལས་ཀ་བྱེད་མུས་ཡིན། ངས་རྒྱུན་དུ་ཁོང་མོའི་འགྲོ་གྲོན་སླད་དུ་དངུལ་འབོར་མི་ཉུང་བ་རེ་བསྐུར་ཡང་། ཁོང་མོས་དེ་དང་ལེན་རྩ་བ་ནས་མི་བྱེད་པར་ཕྱིར་བསློགས་ནས། ང་ལ་དངུལ་བསྐུར་མི་དགོས། ང་དངུལ་འདང་ངེས་ཤིག་ཡོད་ཅེས་བརྗོད།
དེ་ནི་ཨ་མའི་རྫུན་གཏམ་དྲུག་པ་ཡིན།

རིག་གནས་རམ་འབྱམས་པའི་བསླབ་པ་མཐར་ཕྱིན་པ་དང་། ངས་མུ་མཐུད་ནས་སློབ་དཔོན་རམ་འབྱམས་པ་བཏོན་པ་ཡིན། གོ་སྐབས་དེ་ནི་ཚོང་ཁང་ག་གེ་མོ་ཞིག་གིས་སློབ་ཡོན་གནང་སྦྱིན་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། མཐར་མཇུག་ངས་ཚོང་ཁང་དེར་ལས་ཀ་བྱས་པས་གླ་ཆ་ཡང་མི་མཐོ་རྒྱུ་མེད། ངས་རང་གི་ཨ་མར་དེར་གདན་དྲངས་ཏེ་མི་ཚེ་སྐྱིད་པོ་ཞིག་བསྐྱལ་འཇུག་འདོད་ཀྱིས་ཁོང་མོར་སྐད་ཆ་དྲིས་ཀྱང་། ངའི་བརྩེ་བའི་མ་ལོས་རང་གི་བུར་སུན་པོ་བཟོ་འདོད་མེད་པས། ཨ་མའི་གཅེས་ཕྲུག ཨ་མ་དེ་ལ་གོམས་མེད་པས་མི་ཡོང་གསུངས།
དེ་ནི་ཨ་མའི་རྫུན་གཏམ་བདུན་པ་ཡིན།

ཨ་མ་རྒས་དུས། ཁོང་མོ་ཕོ་བའི་སྐྲན་ནད་ཀྱི་ན་ཚས་མནར་ཏེ་སྨན་ཁང་དུ་ལུས། སྐབས་དེར་ང་ནི་ལེ་དབར་དུ་མའི་ཕར་རོལ་ཞིག་ན་ཡོད་པས། རྒྱ་མཚོ་འཕྲེད་དུ་བརྒལ་ཏེ་ཕ་ཡུལ་དུ་ང་རང་གི་སྙིང་ནས་བརྩེ་བའི་ཨ་མར་བལྟ་རུ་ཡོང་བ་ཡིན། ཉམ་ཐག་པའི་ངའི་ཨ་མ་ལགས་ནི་གཤག་བཅོས་བཏང་ནས་མལ་ཁྲིའི་སྟེང་ལ་གཟིམས་འདུག ཁོང་མོ་ངོ་མ་རྒས་འདུག་ལ་ཁོ་མོའི་བསམ་གཞིགས་ཀྱི་མིག་ཟུང་གིས་ངའི་གདོང་ལ་བལྟས་ཏེ། ཞལ་རས་འཛུམ་གྱིས་ཁེངས་བར་འབད་ཙམ་བྱས་ཀྱང་། དེ་ནི་ཨུ་ཚུགས་ཤིག་ལས་རང་བཞིན་ལས་བྱུང་བ་ཞིག་མིན་པ་རྟོགས་ཡོང་། ན་ཚ་དེས་ངའི་མ་ལོའི་ལུས་ཟུངས་རྦད་དེ་བཅོམ་ཟིན་པ་གསལ་བོ་ཤེས། ཁོང་མོ་སྐམ་ལ་རིད་པར་མ་ཟད་ལུས་ཀྱི་ཟུངས་ཤུགས་རྒུད་ལ་ཟད་འདུག ངས་རང་གི་ཨ་མའི་གནས་སྟངས་དེ་མཐོང་དུས། ངའི་སེམས་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གིས་མནར་བཞིན་མིག་ཟུང་ལས་མཆི་མ་ཁྲོམ་ཁྲོམ་དུ་ཨ་མའི་གདོང་ལ་ལྟ་སྐབས་ཨ་མས་ད་དུང་ནུས་སྟོབས་ཕྲ་མོ་དེ་དང་ལྷན་དུ། གཅེས་ཕྲུག མ་ངུ་དང་། ཨ་མ་ན་བ་མི་འདུག་གསུངས་བྱུང་།
དེ་ནི་ཨ་མའི་རྫུན་གཏམ་བརྒྱད་པའམ་ཆེས་མཐའ་མ་དེ་ཡིན་ཞིང་རྫུན་གཏམ་མཐའ་མ་དེ་གསུངས་ནས། ངའི་སྙིང་ནས་བརྩེ་བའི་ཨ་མ་ལགས་ཀྱིས་སྤྱན་ཟུང་གཉིས་བཙུམས་སོང་གཏན་དུ་བཙུམས་སོང་།

2015.5.17

འགྱུར་རྩོམ།

Post navigation

Previous Post: དྲན་པའི་སྒྲུང་། སྨྲེང་བའི་གཏམ།
Next Post: གྲགས་ཅན་སྙན་ངག་ཅིག་གྱེར་འདོན།

Comments (17) on “བརྩེ་སེམས་ཀྱིས་བསླུས་པའི་ཨ་མའི་རྫུན་གཏམ་བརྒྱད།”

  1. པདྨ says:
    2015-05-17 at 1:10 pm

    ཆོས་དང་མཐུན་པའི་རྩོམ་བསྒྱུར་གནང་བར་བཀའ་དྲིན་ཆེ། རྔ་བཟའ་བདེ་མོ་འཚོ་ཟེར་བ་དེ་བུ་མོ་ངོ་མ་ཞིག་ཡིན་ན་ཚེ་རིང་སྐྱིད་ལས་ལྷག་གི་འདི་ཉིད་བཟང་བ་ཁོ་ཐག་རེད། རྩོམ་རྩལ་དང་ཕུག་མདུན་དང་བཟང་ངན་ཤེས་པའི་བུད་མེད་ཅིག་ཡིན་པར་འདུག་པས་ཡི་རང་ཞུ། ཕོ་མོ་གང་ལྟར་སྒྱུར་རྩོམ་དེས་བྱམས་བརྩེ་ལ་ཕན་ཐོག་དང་བོད་མིའི་རྣམ་དག་གི་རང་གཤིས་ཞིག་མཚོན་ཐུབ་ཀི་འདུག མདོར་ན་མ་རྩོམ་མམ་དབྱིན་ཡིག་རྩོམ་གཞི་དེ་འདིར་འགོད་པར་མཁྱེན་ནོ། །

  2. ལྡོང་གསེར་མིག says:
    2015-05-17 at 1:17 pm

    རྔ་བཟའ་ལགས། མ་འོངས་པར་སྒྱུར་རྩོམ་རིགས་འགོད་སྐབས་མ་ཡིག་གང་ཡིན་དྲ་ཐོག་ཏུ་འོས་སྦྱོར་གནང་རོགས། སྒྱུར་གཞི་དང་སྒྱུར་ཡིག་ཕན་ཚུན་གཤིབ་བསྡུར་དང་བཅས་ཀློག་ན་དེ་བས་ཀྱང་ཀློག་སྤྲོ་བོ་དང་བློ་བསྐྱེད་རེག་པར་ཕན། ཞི་མོ། ཤུགས་རྒྱོབས། ནམ་ཞིག་མཛངས་མའི་ཆོ་ལོ་རེག་ཐག་ཆོད་རེད།

  3. ལྡོང་གསེར་མིག says:
    2015-05-17 at 1:18 pm

    དྲ་གྲོགས་པདྨ་ལགས་ངའི་སྔུན་དུ་སླེབས་འདུག་ག ཕལ་ཆེར་སྐར་ཆ་ཁ་ཤས་མ་གཏོགས་ཁྱད་པར་ཤོར་ཡོད་ས་མེད། ཧཧཧ།

  4. དཔལ་ལྡན། says:
    2015-05-17 at 2:07 pm

    འཇིག་རྟེན་གྱི་ཨ་མ་ད་དེ་འདྲ་ཞིག་ལོས་ཡིན། ང་རང་ལོ་ན་བཅུ་བཞིའི་སློབ་གསེང་ཞིག་གི་སྐབས་ནང་ལ་སོང་བ་ཡིན། དེ་དུས་ངའི་རྐང་བའི་མཐེ་བོང་ཀྱི་སེན་མོའི་ཟུར་ཞིག་ཤའི་གསེང་ལ་སྐྱེས་པས་ན་ཟུག་ཧ་ཅང་ཆེ། ངའི་ཨ་མ་ལགས་ཀྱིས་སེན་གཏུབ་ཀྱི་མ་གཏུབ་པར་མོའི་སོ་ཡིས་བླངས་སོང་། ཨ་མའི་ལོ་ལོ་སེན་གཏུབ་ཆག་འདུག་མོས་ཟེར། ང་སེམས་གཏིང་ནས་ངུ་རྒྱུ་ཞིག་སླེབས་སོང་མོད། ངུས་ནི་མ་ངུས། འདི་ནི་ངའི་ཨ་མའི་གཏམ་རྒྱུད་དངོས་ཡིན། ཨ་མ་ཚེ་རང་དབང་མོ་ལགས་རེད། ཨ་ཅག་འདིའི་བསྒྱུར་བ་བཟང་གི

  5. ཁྱུང་སེ། says:
    2015-05-17 at 2:50 pm

    ཨ་མདོའི་སྐད་དག་མ་བརྒྱབ་འདུག ཚེ་རང་དབང་མོ་མ་རེད། ཚེ་རིང་དབང་མོ་རེད། རྔ་བཟའ་འདི་ཡིས་མནའ་མར་མ་ཕྱིན་ནས་འདི་ལྟར་རྩོམ་ལ་འབད་བརྩོན་བྱེད་ཐུབ་ན་མཁས་བརྒྱ་སེམས་པ་ཤོར་ས་ཞིག་ཡོང་ནི་ཁོ་དག་རེད། ཞི་མོ་འདི་ཡི་ངོ་གདོང་མི་ཤེས་མོད་མཛུབ་རྩལ་ལ་སེམས་པ་ཅུང་ཤོར་སོང།

  6. རྟ་བདུན་དབང་བོ says:
    2015-05-17 at 2:51 pm

    བསྒྱུར་ནོ་བཟང་གི ཐུགས་རྗེ་ཆེ། ཨ་མ་དྲན་དུ་བཅུགས་སོང་། ཨ་མ་དྲན་ནས་ངུ་རུ་བཅུགས་སོང་། འོན་ཀྱང་སེམས་ཅན་ཡོད་དོ་ཕ་མར་གྱུར་ཟིན་པས། སེམས་ཅན་ཐམས་ཅད་ད་ལྟའི་ཨ་མ་ནང་བཞིན་གཅེས་སྐྱོང་བྱེད་དགོས་པ་སྨོས་མེད་རེད། །

  7. རླུང་། says:
    2015-05-17 at 4:38 pm

    བཙན་བྱོལ་ནང་གི་གཞོན་སྐྱེས་བུད་མེད་རྩོམ་པོ་བདེ་པོ་མཚོ་ལ་རེ་བས་སྒུག་ཡོད། འདི་ལྟར་སྒྱུར་རྩོམ་མང་དག་ཅིག་ཐོན་པར་རེ་བས་སྒུག་ནས་ཡོད།

  8. པདྨ says:
    2015-05-17 at 4:52 pm

    ད་ལོ་ཁ་བརྡའི་དྲ་བར་འདི་འདྲ་རྩོམ་དོན་སྙིང་ཅན་སྤེལ་བ་དངོས་ནས་ཡག་བྱུང་། སྒྱུར་རྩོམ་མིན་པར་རང་རྩོམ་ཞིག་ཡིན་ས་རེད་དྲན། རྔ་བཟའ་འདི་ནི་ངོ་མ་བཟང་གི། མུ་འཐུད་དུ་དེ་རིགས་ཆོས་དང་རིག་གཞུང་དང་མཐུན་པར་གནང་རོགས། སྐུ་ཚེ་བརྟན་ཅིང་མཛེས་མཛངས་ཀྱི་དཔལ་ཡོན་འཛམ་གླིང་འཛིན་མའི་རྒྱན་ཏུ་འཛུམ་པར་འཚལ།།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-17 at 11:03 pm

    རྔ་བཟའ་བདེ་པོ་འཚོས་པན་སྐད་ལས་བསྒྱུར་པའི་སྙན་པ་དང་བོད་མི་རིགས་ལ་རྣམ་དཔྱོད་སྟེར་བ་ཞིག་ཏུ་མཆིས།
    སྒྱུར་བ་པའི་བརྩོན་འགྲུས་ཀྱི་ལད་མོ་བྱེད་དགོས་ཏེ། རྒྱ་གར་སློབ་དཔོན་ཟླ་གྲགས་ཀྱིས།
    ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ་ ་ ཞེས་གསུངས་།
    ་
    “ང་ཚོ་ལ་འདང་ངེས་ཀྱི་ཟས་ཀྱང་བཟའ་རྒྱུ་མེད་པས།”ཞེས་པར་ལ་དྭགས་པའི་ཕལ་སྐད་དུ་ཡང་ལ་མགོ་གསལ་བར་འབོད་པས་ང་ཚོ་ལ་ལྡང་ངེས་ཀྱི་ཟས་ཀྱང་བཟའ་རྒྱུ་མེད་པས། ཞེས་པ་བོད་ཀྱི་དཔེ་ཆ་རྙིང་པ་དག་དང་མཐུན་པར་མ་ཟད་ཟ་མ་ཏོག་དང་། ངག་སྒྲོན་སོགས་བོད་ཀྱི་དག་ཡིག་དང་མཐུན།

    “ཨ་མས་གཞན་གྱིས་བེད་སྤྱོད་བཏང་”ཁོ་བོ་སོགས་ལ་དྭགས་པ་དག་གི་བགྲོ་གླེང་དུ་བྱུང་བ་ལྟར་༧རྒྱལ་བ་སྐུ་འཕྲེང་བརྒྱད་པས་བྲིས་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཤོག་གྲངས་༡༤༢ན་ན། “གོར་ཥ་སྡིག་ཅན་གྱིས་མི་བསྲུན་པའི་བྱེད་སྤྱོད་ངན་པ་སྣ་ཚོགས་ལ་བརྟེན།” ཞེས་པ་ཁོ་བོ་སྔོན་ཁ་བརྡར་མཆན་ཡིག་བྲིས་པ་ལ་རྒྱབ་སྐྱོར་མཛད་པ་བཞིན་དུ་ཡོད་པས་དགའ་སྤྲོ་བརྟས་སོ།

  10. དཔལ་ལྡན། says:
    2015-05-18 at 12:15 am

    ཁྱུང་སེ་ལགས་ཐུགས་རྗེ་ཆེ། སྤྱིར་ངས་ཡིག་ཉོག་རེ་འབྲི་ཞོར་དག་ཆ་ལ་གཟབ་ནན་བྱེད་ཁུལ་ཡིན་མོད། ཨ་མའི་སྐོར་དྲན་ཞོར་བྲིས་པ་ཡིན་པས་ན། རང་ཉིད་ཀྱི་ཨ་མའི་མིང་གི་དག་ཆ་ནོར་འདུག རེད་ཚེ་རིང་དབང་མོ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་ཚང་གིས་རང་རེའི་ལུང་ཁུག་དག་གི་ཕལ་སྐད་མི་དག་པ་སོགས་ཡིག་མཛོད་དང་དེབ་སོགས་སུ་བྲིས་ནས་མ་དག་རྒྱུན་འཇགས་སུ་སོང་ན། སྐད་ཡིག་ཉམས་པའི་རྒྱུ་རྐྱེན་དུ་འགྲོ་གསུངས་འདུག་པས་ངས་ནི་དེར་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད། རྗེས་ཕྱོགས་གཟབ་ངེས་ཡིན། ཐུགས་རྗེ་ཆེ་ཞུ།

  11. དཔལ་ལྡན། says:
    2015-05-18 at 12:24 am

    ཨོ་རེད་ཡ་ཁྱུང་སེ་ལགས། ༼རྔ་བཟའ་འདི་ཡིས་མནའ་མར་མ་ཕྱིན་ནས༽ཞེས་པའི་འདི་སུ་རེད། རྔ་བཟའ་མནའ་མར་མ་སོང་བར་འབད་རྩོན་བྱས་ན་མཁས་བརྒྱ་སེམས་ཤོར་སར་འགྱུར་ངེས་ཟེར་བ་ཨེ་ཡིན། ༼སེམས་ཤོར་ས་ཞིག་ཡིན་ཁོ་དག་རེད༽འདི་ནི་སེམས་ཤོར་ས་ཞིག་ཡོང་ཐག་ཆོད་རེད་ཟེར་བ་ཨེ་ཡིན། ངས་ཡིག་ཉོག་ལ་དག་ཐེར་བྱས་པ་མ་དགའ་ནི་ཡིན། ཧ་ཧ་ཧ་ཨ་ལ་ཀུ་རེ་ཡིན་གྲོགས །

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-18 at 8:22 am

    “མཁས་དབང་དགེ་འདུན་ཆོས་འཕེལ་ཚང་གིས་རང་རེའི་ལུང་ཁུག་དག་གི་ཕལ་སྐད་མི་དག་པ་སོགས་ཡིག་མཛོད་དང་དེབ་སོགས་སུ་བྲིས་ནས་མ་དག་རྒྱུན་འཇགས་སུ་སོང་ན། སྐད་ཡིག་ཉམས་པའི་རྒྱུ་རྐྱེན་དུ་འགྲོ་གསུངས་འདུག་པས་” ལུང་འདི་ཁོ་བོ་གཙོས་བོད་ཀྱི་སྲོལ་བཟང་རྨོངས་པའི་དབང་གིས་མེད་པར་བྱེད་པ་དག་ལ་ཤིན་ཏུ་ནས་མཁོ་བ་ཞིག་ཏུ་མཐོང་། བོད་ཡིག་འབྲི་ན་ཡི་གེ་དག་པོ་འབྲི་བ་ལ་བརྩོན་དགོས་དེ་མིན་མ་ལེགས་ཞེས་༧་གོང་ས་མཆོག་གིས་གསུངས། བཀའ་སློབ་འདི་དག་སྙིང་ལ་བཅངས་ཏེ། རང་རེས་ཅི་ཐུབ་བོད་ཡིག་དག་པར་འབྲི་བ་ལ་འབད་ན། བོད་ཀྱི་ཞབས་འདེགས་སུ་འགྱུར་རོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-05-18 at 8:26 am

    དེ་མིན་མ་ལེགས་ཞེསཔར་དེ་མིན་མ་འབྲི་ལེགས་ཞེས་ཞུས་དག་བྱས་སོ།

  14. ཁྱུང་སེ། says:
    2015-05-18 at 10:32 am

    དཔལ་ལྡན་ལགས་འདི་ཞེས་པ་རྔ་བཟའ་ལ་བཤད་ཀྱི་ཡོད་ཞུ། རེད་རེད་རྔ་བཟའ་མནའ་མར་མ་ཕྱིན་པར་ཅེས་པའི་དོན་ཡིན་ལགས་་་་ལེགས་+

  15. བཀྲ་ཡེ་ཚང་། says:
    2015-05-18 at 7:01 pm

    རྔ་བཟའ་མ་འདི་ངས་ཏོག་ཙམ་ངོ་ཤེས་གི་ཡོད། ཕར་ལྟས་ཚོད་ལ་སྤྱོད་པ་དང་སློབ་སྦྱོང་གང་ཐད་ནས་ཡག་པོ་ཡོད་པ་དང་ད་དུང་རྣམ་པའི་ཆ་ནས་ཡང་སྙིང་རྗེ་བོ་ཞིག་ཡིན། གང་ལྟར་སློབ་སྦྱོང་ལ་ཤུགས་ཡག་པོ་རྒྱགས་རོགས་ཀྱིས།

  16. Sangye T Naga says:
    2015-05-20 at 9:08 am

    བཀའ་དྲིན་ཆེ། བོད་འགྱུར་འདི་ཤིན་ཏུ་བཟང་། ཡིན་ནའང་བསམ་འཆར་གཅིག་ཡོད། ཁྱེད་ཀྱིས་ཁོང་མོ་གང་དུ་ཡོད་སར་ཨ་མ་ཞེས་བྲིས་ན་ལེགས་པ་མཐོང་། དཔེར་ན། ཁོང་མོ་ངོ་མ་རྒས་འདུག་ལ་ཁོ་མོའི་བསམ་གཞིགས་ཀྱི་མིག་ཟུང་གིས་ངའི་གདོང་ལ་བལྟས་ཏེ། ལྟ་བུར། ཨ་མ་ངོ་མ་རྒས་འདུག་ལ། ཨ་མའི་བསམ་གཞིགས་ཀྱི་མིག་ཟུང་གིས་ངའི་གདོང་ལ་བལྟས་ཏེ། ལྟ་བུར་བཅོས་ན་ལེགས། ན་གས་ཕུལ།

  17. ལྡོང་གསེར་མིག says:
    2015-05-20 at 7:29 pm

    ན་ག་སངས་དར་གྱིས་དྲ་འབུའི་གཟུགས་སུ་མ་བརྫིས་པར་མཚན་དངོས་སུ་བྲིས་ཏེ་ཁ་བརྡའི་ཐོག་ཐོན་པར་དགའ་བས་བརྟས། ཁྱེད་ནི་ངེད་བོད་པ་ཚང་གི་ཤེས་རིག་གི་རྫི་བོར་བཞེངས་པའི་རིག་གནས་ཀྱི་བང་མཛོད་ངོ་མ་ཞིག་ཡིན། ད་དུང་ལོ་ཙཱ་བའི་ཁྱུ་མཆོག་ཅིག་ཀྱང་ངོ། ཁ་བརྡའི་ཁྱིམ་གཞིར་བརྫངས་པའི་དཔྱད་རིན་ཡོད་པའི་རྩོམ་ཡིག་ཁག་ལ་མཆན་རེ་དང་དགོངས་ཚུལ་གསར་པ་རེ་འདོན་པར་རེ་བས་སྒུག་ཡོད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme