Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)

Posted on 2015-05-152015-05-15 By བྱ་སྒྲོ་དཀར་པོ་ 14 Comments on བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)

དགེ་འདུན་བསྟན་འཛིན་གྱིས་བྲིས།

2015/5/4 གཟའ་ཟླ་བ།

NepalTowerMain

དེ་རིང་བུ་འཁྲིད་ནས་སླར་ཡང་དྷ་ར་ཧ་རཱ་ལ་ལྟ་རུ་ཕྱིན་པ་ཡིན་ལ། འདི་ནི་ས་ཡོམ་བྱུང་རྗེས་དེར་ལྟ་རུ་ཕྱིན་པ་ཐེངས་གཉིས་པ་ཡིན། ལོ་གཉིས་ཀྱི་གོང་དུ་བུ་འཁྲིད་ནས་དེའི་རྩེར་སོང་ནས་རྒྱལ་ས་ཀ་ཐ་མན་གྲུའི་མཛེས་ལྗོངས་ལ་བལྟས་པ་ད་ལྟའང་ཡིད་ལ་ལྷང་ངེར་འཆར་འོང་། ཐག་རིང་ནས་བལྟས་རུང་གསལ་ལྷང་ངེར་མཐོང་བའི་ལྕོག་མཁར་མཐོན་པོ་དེ་ད་ལྟ་འདི་ལྟར་ཐལ་རྡུལ་དུ་གྱུར་ཏེ་ཤུལ་ཙམ་ལས་མེད་པ་མཐོང་དུས། ངོ་མ། སེམས་ལ་སྐྱོ་བ་དཔག་ཏུ་མེད་པ་སྐྱེས་བྱུང་། དེར་བརྟེན། དེ་རིང་ལྕོག་མཁར་དེ་ངོ་སྤྲོད་མདོར་བསྡུས་ཤིག་བྱ་བར་འདོད།

དྷ་ར་ཧ་རཱ་ལྕོག་མཁར་ནི་སྤྱི་ལོ་ ༡༨༣༢ ལོར་སྲིད་བློན་བྷིམ་སེན་ ཐ་པ་ཡིས་བཙུན་མོ་ ལ་ལི་ཏའི་བཀོད་མངགས་འོག་གསར་བསྐྲུན་བྱས་ཤིང་། ཐག་རིང་ནས་ཕ་རོལ་གྱི་དམག་དཔུང་ཡོང་གི་ཡོད་མེད་སོ་ལྟ་བྱེད་ས་ཡིན། དེའི་སྟེང་ནས་བརྡ་བཏང་ཚེ་དམག་དཔུང་རུ་བསྒྲིགས་ནས་འགོག་སྲུང་གི་གྲ་སྒྲིག་བྱེད་དགོས།

འདི་ལ་ཐོག་བརྩེགས་དགུ་ཡོད་ཅིང་། མཐོ་ཚད་ལ་མི་ཊར་ 61.88 ཡོད། ཐོག་བརྩེགས་བརྒྱད་པའི་མཐའ་སྐོར་དུ་བྱ་འདབ་བཟོས་ཡོད་ཅིང་དེ་ནི་རྒྱང་ལྟ་བྱེད་ས་ཡིན།

སྤྱི་ལོ་ ༢༠༠༥ ལོར་མི་དམངས་ལ་སྒོ་ཕྱེས་ཏེ་ཡུལ་སྐོར་བ་རྣམས་དེའི་སྟེང་ལ་འཛེགས་ནས་རྒྱལ་ས་ཀ་ཐ་མན་ཌུའི་མཛེས་ལྗོངས་ལ་ལྟ་བར་དགའ། དགུ་ཐོག་ཏུ་ལྷ་དབང་ཕྱུག་ཆེན་པོའི་རྡོ་སྐུ་ཞིག་བཞུགས་ཡོད་པ་དང་། རྩེ་ན་ཟངས་ཀྱི་གན་དྷོ་ལ་ཡོད།

༡༨༣༤ ལོའི་ས་འགུལ་གྱིས་གནོད་སྐྱོན་ཚབས་ཆེན་མ་བཏང་། སྤྱི་ལོ་༡༩༣༤ ལོའི་ས་ཡོམ་གྱིས་གནོད་ཚབས་ཆེ་སྟེ་རྩེ་མོ་ཆག་རུང་བསྐྱར་གསོ་བྱས་ཡོད།  ༢༠༡༥/༤/༢༥ ཉིན་གྱི་ས་ཡོམ་དེས་རྦད་དེ་གཏོར་བཤིག་བཏང་བས་ད་ལྟ་རྨང་གཞི་ཙམ་ལས་ལྷག་མེད།

འདི་ནི་ད་རེས་ཀྱི་ས་ཡོམ་ཁྲོད་དུ་འཛམ་གླིང་གནའ་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་ཚུད་ཡོད་པའི་གནའ་ཤུལ་བཅུ་གཉིས་ལ་གཏོར་སྐྱོན་བྱུང་བའི་ནང་གི་གཅིག་ཡིན་སྐད།

འདིའི་ཞིག་རོའི་འོག་ནས་མི་རོ་བརྒྱ་དང་བརྒྱད་ཅུ་རྙེད་ཡོད་པ་དང་། དེའི་ཁྲོད་ནས་ཧ་ཅང་སྐྱི་གཡའ་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རྙེད་ཡོད་པ་ནི།  གཞོན་ནུ་ཕོ་མོ་ཟུང་ཕན་ཚུན་འཐམས་ནས་ཤི་ཡོད་པ་དེ་རེད། ལ་ལས་བཤད་ན་ཁོ་གཉིས་ནི་རྒྱལ་སར་གནས་སྤོས་ནས་ལོ་འགའ་འགོར་ཡོད་སྐད།

ས་ཡོམ་བྱུང་བའི་ཉིན་མོ་དེ་ནི་གཟའ་སྤེན་པ་ཡིན་པས། བལ་ཡུལ་གྱི་བདུན་རེའི་གུང་སེང་གི་ཉིན་མོ་རེད། ཉིན་མོ་དེར་ཁོ་གཉིས་མཛའ་བརྩེའི་ཞགས་པས་དམ་དུ་བཅིངས་ཤིང་འབྱུང་འགྱུར་ལ་རེ་བའི་མིག་ཞགས་འཕེན་བཞིན། དཔུང་པ་གཤིབས་ནས་དགོད་སྒྲ་ཐག་གེར་སྤྲོ་སྣང་གི་གོམ་པ་རེ་རེ་མདུན་དུ་སྤོས། འོན་ཀྱང་། ལྕོག་མཁར་སྨྱུག་གསར་རླུང་བུས་བསྐྱོད་པ་བཞིན་དུ་གཡོས་ཤིང་བར་སྣང་ཁམས་ནས་ས་གཞིའི་ངོས་སུ་ཇེ་ཉེར་གྱུར་དང་འགྱུར་བཞིན་པ་ཚོར་དུས། ཨ་ཙི། སྐབས་དེའི་སེམས་ཁམས་ནི་སུ་ཞིག་གིས་རྟོགས་ཐུབ་ཨང་། ཨ་ཙི། ས་གཞིའི་གཡོ་འགུལ་ཐེངས་གཅིག་གིས་ཚེ་སྲོག་སྟོང་ཕྲག་དུ་མ་ཁྱུར་མིད་བཏང་སོང་།

འོན་ཀྱང་། སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ས་ཡོམ་དྲག་པོ་དེས་ཀྱང་གཞོན་ནུ་ཕོ་མོ་དེ་གཉིས་པོ་ཁ་འབྲལ་དུ་འཇུག་མ་འདོད་པ་འདྲ་སྟེ། དེ་ལྟར་མིན་ན་ཁོ་གཉིས་གཏན་དུ་འཐམས་ནས་སྡོད་དུ་ག་ལ་འཇུག

 2015/5/7 Thursday

ང་ཚོ་དེ་རིང་ཞོགས་པ་ཆུ་ཚོད་གསུམ་པར་ལངས་ནས་སིན་དྷུ་པལ་ཅོག་ཕྱོགས་སུ་བསྐྱོད། དོས་འདྲེན་རླངས་འཁོར་བཞིའི་ནང་དུ་འབྲས་དོ་བོ་ 475 དང་སྣུམ་འགྱིག་ཁུག་ 500 བསྐྱལ་ནས་ཕྱིན། ཊ་ཊ་སོ་མ་ཞིག་གི་ནང་ལ་ཁ་ལོ་བ་དང་ཤར་པའི་བུད་མེད་གཅིག་(མོ་རང་གསར་འགོད་པ་ཡིན་མོད། ཐེངས་འདིར་དང་བླངས་པ་བྱས་ནས་ཡོང་ཡོད། རྒྱུ་མཚན་ནི་ངེད་ཅག་འགྲོ་ས་དེ་མོའི་གྲོང་སྡེ་རེད་འདུག)དང་གཞན་ངེད་ཅག་ཨ་མདོ་བ་བདུན་བཅས་བསྡད་ནས་སོང་། ཨ་མདོ་བ་གཅིག་གིས་སྦག་སྦག་བཏང་ནས་སྔོན་དུ་བསྐྱོད་པ་དང་། ད་དུང་གྲོང་སྡེ་དེ་ག་རང་ནས་ཡིན་པའི་ཤར་པ་འགའ་ཡང་ཡོད།

ལམ་དུ་ཐོ་འགོད་མང་དུ་བྱས་ནས་སོང་། གང་ནས་ཡོང་དང་གང་གི་ཡིན་སོགས་དྲི་བ་མང་པོ་ལ་ལན་འདེབས་ཀྱིན་སོང་། ང་ཚོ་བོད་མི་ཤ་སྟག་ཡིན་པས་དངོས་པོ་རྣམས་ཤར་པ་ཚོའི་ཡིན་པ་དང་། རང་གི་ཡུལ་མི་རྣམས་ལ་རོགས་སྐྱོབ་ཀྱི་དོན་དུ་སྐྱེལ་གྱི་ཡོད་པ་སོགས་སྨྲས་ནས་སོང་། ང་ཚོ་གཞན་ལ་རོགས་རམ་བྱེད་དུ་འགྲོ་གི་ཡོད་ཀྱང་ནག་ཅན་ཁྱུ་གཅིག་དང་འདྲ་བར་རང་རང་གི་ངོ་གདོང་ངོ་མ་སྦས་ནས་འགྲོ་དགོས་བྱུང་།

ང་ཚོས་མི་དང་དུད་འགྲོ་ཤི་བའི་རོ་བདག་མེད་དུ་བོར་བ་རུལ་བའི་དྲི་མ་ངར་བོ་འཐུལ་ས་མང་པོ་བརྒྱུད་ནས་བྷ་ར་བྷི་སི་ལ་སླེབས་ཤིང་། དེ་ནས་གཡས་སུ་དཀྱོགས་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་ནས་གྱེན་དུ་སོང་བས་ཆུ་ཚོད་དགུ་བ་ཡོལ་ཙམ་ལ་ང་ཚོའི་དམིགས་ཡུལ་ཨེ་ཀི་ལེ་ཞེས་པའི་གྲོང་སྡེར་འབྱོར། ང་ཚོས་བསམ་པར་ཡུལ་མི་རྣམས་སྔ་ས་ནས་འཛོམས་ནས་ང་ཚོར་བསྒུགས་ནས་བསྡད་ཡོད་སྙམ་ཞིང་དེ་ལྟར་རྗོད་ཀྱིན་སོང་། འོན་ཀྱང་། ང་ཚོ་འབྱོར་ནས་ཆུ་ཚོད་འགའི་རྗེས་སུ་ད་དུང་ཆ་ཚང་བ་མ་འབྱོར་བས། ང་ཚོས་ང་ཚོ་ཕྱིར་ལོག་རན་སོང་། མགྱོགས་པོ་གྱིས་ཞེས་ཡང་ཡང་ལབ་དགོས་བྱུང་། ཆུ་ཚོད ༡༠ ཙམ་ལ་ང་ཚོར་མགྱོགས་ཐུག་ར་རའི་ནང་ལ་སྒོ་ང་བླུགས་ནས་བསྐོལ་བ་ལྕགས་ཕོར་གང་རེ་བསྟབས།

རི་མགོ་དེར་ཉི་མ་ཧ་ཅང་ཚ་བོ་འདུག ཉི་མ་ཧ་ཅང་ཚ་བའི་ཁར་འཐུང་ཆུ་གཙང་མ་ཞིག་ཀྱང་མེད་པས། ཁ་སྐོམས་ནས་ཤི་ལ་ཁད་ཅིག་བྱུང་།

གྲོང་མི་ཕལ་ཆེ་བ་དངོས་གནས་སྐྱོ་བོ་འདུག འགའ་ཞིག་ལ་རོགས་རམ་ག་རེ་འབྱོར་ཡོད་མེད་དྲིས་པ་ལ། སྲིད་གཞུང་གིས་ཁྱིམ་ཚང་རེར་འབྲས་དོ་བོ་རེ་སྤྲད་པ་ལས་གཞན་རོགས་སྐྱོར་ཅི་ཡང་འབྱོར་མ་སོང་ཟེར། སྲིད་གཞུང་གིས་མི་ཤི་དོན་རྐྱེན་་བྱུང་བའི་ཁྱིམ་ཚང་ལ་ནེ་སྒོར་འབུམ་གཅིག་དང་། ཁང་པ་བརྡིབས་པ་ལ་ནེ་སྒོར་བཞི་ཁྲི་སྟེར་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་དུང་དངུལ་རག་མེད་ཟེར། སྒོར་མོ་ཁྲི་བཞིས་སོ་ཕག་འདང་ངེས་ཞིག་ཀྱང་མི་ཁུག་པས་དེས་ཁང་པ་བསྐྱར་གསོ་ཇི་ལྟར་བྱེད་ཨང་། མ་གཞི་རོགས་སྐྱོར་མང་པོ་རག་མ་རག་ནི་གྲོང་སྡེ་སོ་སོ་ནས་མི་འཇོན་ཐང་ཅན་ཡོད་མེད་ལ་རག་ལས་འདུག འཇོན་ཐང་ཅན་ཡོད་ན་ཡར་མར་ལ་འབྲེལ་བ་བྱས་ཏེ་རོགས་སྐྱོར་མང་པོ་རག་གི་ཡོད་པ་དང་། དེ་འདྲ་མེད་ན་གྲོང་མི་ཚང་མས་དཀའ་སྡུག་མྱངས་ནས་བསྡད་རྒྱུ་ལས་ལྷག་མེད། ང་ཚོ་འགྲོ་ས་དེ་ཡང་གྲོང་སྡེ་དེ་ནས་ཡིན་པའི་ཀོ་པན་དགོན་པའི་གྲྭ་བ་ཞིག་བརྒྱུད་ནས་འབྲེལ་བ་བྱུང་འདུག

བཟའ་བཅའ་རྣམས་ས་གནས་གཉིས་ལ་མང་ཚོགས་བསྡུས་ཏེ་ཁྱིམ་ཚང་རེ་ལ་འབྲས་དོ་བོ་རེ་དང་སྣུམ་འགྱིག་ཁུག་རེ་སྤྲད། དབང་པོ་སྐྱོན་ཅན་དང་མི་ཤི་ཆག་སྒོ་བྱུང་རིགས་ལ་དམིགས་བསལ་འཕར་མ་རེ་སྤྲད།  ཡུལ་མི་རྣམས་ཀྱིས་སྐད་ཅོར་ཆེན་པོ་བརྒྱབ། ང་ཚོ་ཉི་མས་འཚིག་ཅིང་ཕོ་བ་ལྟོགས། ཐོག་མར་དབང་སྐྱོན་བཞི་ལས་མེད་ཟེར་ཡང་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་གྱུར། ཁོ་ཚོ་ཕན་ཚུན་ཁ་རྩོད་ཡང་ཡང་ཤོར། མཐར་ང་ཚོས་སྤྲོད་མཚམས་བཞག་སྟེ། ལྷག་མ་རྣམས་མར་འཁྱེར་འོངས་ནས་ལམ་སྐེད་དུ་སྡོད་ཁང་ཞིག་རོ་ཙམ་ལས་ལྷག་མེད་པའི་ཁྱིམ་ཚང་འགའ་ལ་བགོ་བཤའ་བྱས་ནས་སྤྲད་ཅིང་། ད་དུང་ལྷག་ཡོད་པ་དེ་ནས་ཡང་མར་བབས་ཏེ་གྲོང་སྡེ་གཞན་ཞིག་ལ་སྤྲད་ནས་འོངས།

མཐར་ཆུ་ཚོད་བདུན་པར་རང་གནས་སུ་འབྱོར། ང་ལྟ་བུས་རང་གི་རྒྱུ་ནོར་བཏང་ནས་དེ་ལྟ་བུ་སྒྲུབ་མི་ཐུབ་མོད། དེ་རིང་གཞན་གྱི་རོགས་ལ་འགྲོ་ཐུབ་པ་བྱུང་བས་དགའ་བོ་བྱུང་།

 2015/5/9 གཟའ་སྤེན་པ།

དེ་རིང་ནེ་པ་ལིའི་གྲོགས་འགའ་དང་ལྷན་དུ་ཀོ་ལ་ཏི་ཞེས་པའི་གྲོང་སྡེར་སོང་བ་ཡིན། དེ་ཡང་སིན་དྷུ་པལ་ཅོག་རྫོང་ཁོངས་རེད་འདུག རུ་ཁག་བདུན་པ་དང་བརྒྱད་པ་གཉིས་ལ་ཁྱིམ་ཚང་༦༥ ཡོད་པ་རེ་རེ་ལ་འབྲས་དོ་བོ་རེ། ཚྭ་དང་སྣུམ། འདག་ཆལ་དང་སོ་འཁྲུད་སོ་སྨན། བྱིས་པ་ཚོར་བྱི་རིལ་བཅས་བྱིན། མཇུག་ཏུ་འཕྲོད་བསྟེན་ཤེས་བྱ་དྲིལ་བསྒྲགས་བསྡུས་པ་ཞིག་ཀྱང་བྱས།

སི་ཏུ་པལ་ཅོགལམ་བར་དུ་མི་ངན་འགའ་ལ་ཐུག་ནས་དལ་འགོར་བྱས་པར་མ་ཟད། རྙོག་དྲ་བསླངས་ནས་སྟེར་དུ་མ་བཅུག་པར་ཕྱིར་འཁྱེར་ནས་འོང་ལ་ཁད་ཅིག་བྱས། འོན་ཀྱང་། མཇུག་མཐར་ཐོག་མའི་དམིགས་འབེན་ལ་འཕྲོད་ཐུབ་སོང་།

དེ་རིང་གི་རོགས་དངོས་ནི་ཝི་པ་ཤྱ་ན་ཉམས་ལེན་པ་སྐོར་ཞིག་གིས་ཐབས་ཤེས་བྱས་ནས་བསྡུ་རུབ་བྱས་པ་དང་། དེའི་ནང་དུ་བལ་པོ་དང་ཕྱི་རྒྱལ་བ་གཉིས་ཀ་ཡོད། དང་བླང་ལས་མི་རྣམས་ནི་ན་གཞོན་ཚོ་རེད་ལ་རྒན་པ་ཚོས་དངོས་པོས་འགྲོ་གྲོན་བཏང་ཡོད། ང་ཚོ་མི་བཅུ་བཞི་ཡོད་ཅིང་ང་དང་ཨ་ལིན། ཕོ་ལཱ་བཅས་མ་གཏོགས་ཚང་མ་བལ་པོའི་ཕོ་གསར་ཤ་སྟག་ཡིན། ང་ཚོ་ཁ་མཚར་རྩེད་བཞིན་དང་བགད་མོ་དགོད་ཀྱིན་སོང་། ཊུ་ལུ་དྷ་ཡེ་ནི་སྣང་བ་སྐྱིད་ཤོས་དང་ཁ་མཚར་མང་ཤོས་རེད།

གྲོང་སྡེ་དེ་བྷོ་ཊི་ཀོ་སི་གཙང་པོའི་འགྲམ་དུ་ཆགས་ཡོད་མོད། ལམ་མི་བཟང་བས་གྲོང་སྡེའི་ནང་ལ་འགྲོ་མ་ཐུབ། འོན་ཀྱང་། དངོས་པོ་ལེན་དུ་འོངས་པའི་ཡུལ་མི་རྣམས་ལ་བལྟས་ན་ཁོ་ཚོའི་གྲོང་སྡེར་མ་སོང་རུང་། གང་འདྲ་ཡོད་མེད་ཟུར་བལྟས་ལེབ་མཐོང་གི་དཔེ་ལས་མ་འདས་པར་འདུག ཡིན་ནའང་མི་ལ་ཤི་སྐྱོན་མ་བྱུང་ཟེར་བས་དགའ་འོས་པ་ཙམ་ལགས།

ཕྱིར་ལོག་ཡོང་སྐབས་ང་ཚོའི་ངག་གི་དགོད་སྒྲ་སྔར་བས་མཐོ་ཞིང་། གདོང་གི་འཛུམ་མདངས་སྔར་བས་བཀྲ། ཚང་མའི་སེམས་ལ་དགའ་བ་སྐྱེས་ཤིང་ལུས་ལ་སྟོབས་ཤུགས་རྒྱས། གདོང་ལ་ཐལ་རྡུལ་སྐྱ་ཐག་གེར་ཆགས་ཡོད་ཀྱང་། ཁ་མཚར་རྒྱུན་མ་ཆད། པཉྩཁཱལ་ཞེས་པར་ལཱ་སེ་འཐུང་བཞིན་ངལ་གསོ་བྱས་ཤིང་། སང་ཉིན་ནམ་གནངས་ཉིན་ནུ་བ་ཀོ་ཊའི་ཕྱོགས་སུ་ཇི་ལྟར་བསྐྱོད་དགོས་སྐོར་ལ་གྲོས་ཁ་བྱས། ཚང་མ་སྦག་སྦག་བཏང་ནས་འགྲོ་རྩིས་འདུག་པས་ང་དང་ཨ་ལིན་ཞུགས་ཐབས་བྲལ།

ས་རུབ་ཙམ་ལ་རང་གནས་སུ་འབྱོར།

 

2015/5/12 གཟའ་མིག་དམར།

སྐབས་དེར་ང་ཚོས་རང་ཁྱིམ་དུ་བརྙན་འཕྲིན་ལྟ་བཞིན་ཡོད། གྲྭ་ཕྲུག་ལྔ་དྲུག་ཅིག་ཀྱང་ཡོད། ལྡིར་སྒྲ་དྲག་པོ་ཞིག་དང་ལྷན་ཅིག་ཁང་པ་འགུལ་བྱུང་ལ། དེ་མ་ཐག་བྱིས་པ་རྣམས་འབྲོས་པར་བརྩམས། ངས་མ་འབྲོས་མ་འབྲོས་ཞེས་བརྗོད་པ་ཡིན། རྒྱུ་མཚན་ནི། ས་འགུལ་དྲག་པོ་ཞིག་བྱུང་ནས་བདུན་ཕྲག་གཉིས་ལྷག་ལས་ཕྱིན་མེད་པས་འདི་ལྟ་བུའི་ཤུགས་ཆེན་ཞིག་འོང་གི་རེད་བསམ་པ་གཏན་ནས་མེད། ཟླ་སྔོན་མའི་ཚེས་ 25 ཉིན་ས་ཡོམ་དྲག་པོ་དེ་བྱུང་རྗེས། ས་ཡོམ་ཆུང་ངུ་རེ་ཉིན་རེར་ཡང་ཐེངས་ལྔ་དྲུག་རེ་འོངས་དང་འོང་བཞིན་པ་ཡིན་པས། དེ་རིང་གི་དེ་ཡང་དེ་འདྲ་ཞིག་ཡིན་རྒྱུ་རེད་སྙམ། འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་མ་ཐག་ཁང་པའི་ནང་གི་ཅ་དངོས་རྣམས་ཚག་སྒྲ་དང་བཅས་འདར་ཡོམ་ཡོམ་བྱས་པར་མ་ཟད། ཤིང་གི་ཆ་སྒམ་དེ་ཡང་འགྱེལ་ལ་ཁད་ཅིག་བྱས་པ་དང་། ཁང་པ་ཡང་གཡོ་འགུལ་ཆེ་རུ་གྱུར་པས། ངས་བྲོས་བྲོས་ཞེས་བྲེལ་བ་བྱས་པས་བྱིས་པ་རྣམས་མྱུར་དུ་ཕྱི་ལ་ཐོན། དེའི་རྗེས་ལ་ངའི་བཟའ་ཟླ་རྒྱུགས། ཚང་མའི་རྗེས་ལ་ང་རྒྱུགས།

ང་ཚོ་ཕྱི་རོལ་དུ་འབྱོར་སྐབས། ཁྱིམ་མཚེས་རྒད་པོ་ཞིག་ཡོད་པ་ཁོས་འདོམས་ཁེབས་གཅིག་པོ་གྱོན་ནས་ཕྱི་ལ་བྲོས་འོང་བ་དང་འཕྲད་པས། བྱིས་པ་འགས་ཁོ་ལ་མཛུབ་མོ་བཙུགས་ནས་”ཀུ་མཱ་ར་ལ་ལྟོས་དང་”ཟེར་བཞིན་གད་མོ་བགད། ཁོ་སླར་ཡང་ཁང་པའི་ནང་ལ་བྲོས། ཧ་ཧ་ཧ། བྱིས་པ་འགའ་མུ་མཐུད་ནས་བགད། འགའ་ཞིག་བླ་འཁྱམས་པ་ལྟར་གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་གནས།

ས་ཡོམ་རྒྱུག་སྐབས་ཉིན་གུང་གི་ཆུ་ཚོད་ ༡༢:༥༠ ཙམ་རེད། ཅུང་མ་འགོར་བར་སི་ཨེན་ཨེན་CNN གསར་ཁང་གིས་ཐེངས་འདིའི་ས་ཡོམ་གྱི་འགུལ་ཚད་ ༧་༤  ཡིན་པ་དང་། རྒྱུགས་ཡུལ་ལྟེ་བ་གནམ་ཆེ་གྲོང་བརྡལ་ཡིན་པ་བསྒྲགས་བྱུང་། གནམ་ཆེ་ནི་ཤར་ཁུམ་བུ་རྫོང་གི་ལྟེ་བ་ཡིན་ལ། བོད་དང་ཧ་ཅང་ཉེ་བས། ད་རེས་བོད་ལའང་མི་ཟོག་ལ་འཆི་སྐྱོན་དང་ཁང་ཁྱིམ་ལ་རྡིབ་ཞིག་བྱུང་ཡོད་ངེས་རེད།

ཟླ་སྔོན་མའི་ས་ཡོམ་དེས་མི་རྣམས་ལ་ཞེད་སྣང་ཚད་མེད་བསླངས། ཉིན་འགའི་གོང་ནས་མི་རྣམས་ཅུང་ཟད་ལྷོད་ལ་བབས་ཏེ་རང་རང་སོ་སོའི་ཁྱིམ་དུ་སྤོས་ནས་ཉལ་འགོ་བརྩམས་ཡོད། འོན་ཀྱང་། དེ་རིང་གི་ས་འགུལ་གྱིས་མི་རྣམས་སླར་ཡང་ཕྱི་ལ་ཕུད། ད་ལྟ་ང་ཚོ་གུར་ཁང་ནང་ན་ཉལ་བཞིན་ཡོད། དྲང་པོར་བཤད་ན་གུར་ངོ་མ་ཞིག་མིན་པར། འགྱིག་ཤོག་གྲུ་བཞི་ཞིག་གི་སྣེ་མོར་ཐག་པ་བཏགས་ནས་དཀྱིལ་མཐོ་ཙམ་དང་མཐའ་དམའ་ཙམ་བྱས་པ་ཞིག་ཡིན། དོ་དགོང་གནམ་ངོ་གཙང་སང་ངེར་འདུག་པས་ཕལ་ཆེར་ཆར་བ་འབབ་ས་མ་རེད་སྙམ།

ད་ལྟ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་གི་ས་ཡོམ་གྱི་གོད་ཆག་ཁྲོད་དུ་མི་ ༣༦ ལ་ཤི་སྐྱོན་བྱུང་ཡོད་པ་དང་། ༡༡༢༩ ལ་རྨས་སྐྱོན་བྱུང་། ཁང་པ་མང་པོ་ལ་རྡིབ་སྐྱོན་བྱུང་ཡོད་འདུག

2015/5/13 གཟའ་ལྷག་པ།

 དེ་རིང་ང་ཚོས་འབྲས་དོ་བོ་ ༩༠ དང་སྣུམ་འགྱིག་ཁུག་༡༠༠། སྦ་རྗེ་དོ་བོ་ ༢༠། ཚྭ་བཅས་བསྐྱལ་ནས་ནུ་ཝ་ཀོ་ཊ་རྫོང་གི་པི་པོལ་ཊཱལ་ཞེས་པའི་ས་ཆར་སོང་བ་ཡིན། དེ་ནི་གྲོང་སྡེ་དེ་ག་རང་གི་མི་ཡིས་ཐོ་འགོད་བྱས་ནས་ང་ཚོར་སྤྲད་པ་གཞིར་བཞག་ནས་གྲ་སྒྲིག་བྱས་པ་ཡིན། ཡིན་ནའང་། བགོ་བཤའ་བྱེད་སྐབས་ཁྱིམ་ཚང་གསུམ་ཙམ་ལ་འདང་མ་སོང་། གྲོང་སྡེ་གཞན་གྱི་མི་འགའ་རེ་ཡང་འོངས་ནས་རེ་བའི་མིག་ཟུང་བགྲད་ནས་ང་ཚོའི་ཉེ་འཁོར་ན་ཅི་ཞིག་ཨེ་རག་ལྟ་བཞིན་འདུག དེར་བརྟེན། ང་ཚོས་ཉིན་འགའི་རྗེས་ནས་སླར་ཡང་དངོས་པོ་འཁྱེར་ནས་འོང་ངེས་ཡིན་ཞེས་བརྗོད་དེ་སེམས་གསོ་བྱས། ང་ཚོ་དངོས་གནས་འགྲོ་རྩིས་ཡོད།

གྲོང་སྡེ་དེ་ཆགས་ས་ནི་རྒྱ་ཅུང་ཟད་ཆུང་བ་མ་གཏོགས་ཧ་ལམ་ཀ་ཋ་མན་ཌུ་དང་འདྲ་སེ་འདུག མཐའ་ཀུན་ནགས་རིས་བསྐོར་བའི་དབུས་ན་ཐང་ཆུང་ཆུང་ཞིག་ཡོད་པ་ནི་པི་པོལ་ཊཱལ་གྲོང་སྡེ་རེད། སྡོད་ཁང་མང་ཆེ་བ་ལ་རྡིབ་སྐྱོན་བྱུང་འདུག་པས། ཧ་ཅང་ཉུང་ཉུང་ཞིག་ལས་ཀྲོང་ངེར་ལངས་ཡོད་པ་མཐོང་རྒྱུ་མེད། ང་ཚོ་ཉིན་གུང་གི་ཆུ་ཚོད་༢་པ་ཙམ་ལ་འབྱོར་བས་ཚ་བ་ཧ་ཅང་ཆེ་བའི་སྐབས་རེད། ང་ཚོ་སླེབས་པ་ཤེས་པ་དང་སྔོན་ལ་བྱིས་པ་རྣམས་རྒྱུགས་ནས་འོངས་པ་དང་། དེ་ནས་བུད་མེད་རྣམས་བྲེལ་སྟབས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་འོངས། སྐྱེས་པ་འགའ་ཡང་སླེབས་སོང་། སྐྱེས་པ་ཉུང་ཉུང་ཞིག་ལས་མེད་དེ་སྐྱེས་པ་རྣམས་ཡུལ་གཞན་དུ་ལས་ཀ་བྱེད་དུ་སོང་ཡོད་པ་བལ་ཡུལ་གྱི་གྲོང་གསེབ་ཕལ་ཆེ་བ་གཅིག་མཚུངས་རེད། བུད་མེད་ཁ་ཤས་ཀྱིས་འབྲས་དོ་བོ་གཅིག་པོ་དེ་ཡང་ལས་སླ་བོ་བྱས་ནས་འཁྱེར་མི་ཐུབ་པས་ང་ཚོའི་ལས་རོགས་ཚོས་སྐྱེལ་རོགས་བྱས། བྱིས་པ་རྣམས་ལ་བྱེ་རིལ་དང་བཤལ་འགོག་སྨན་ཡང་སྤྲད།

མི་འགའ་ཞིག་ལ་དྲིས་པར། གྲོང་སྡེ་དེ་རུ་མི་གཅིག་ཀྱང་ཤི་མེད་པ་ཤེས་བྱུང་། དེ་ནི་དགའ་འོས་པ་ཞིག་རེད། གཞུང་གིས་ཁྱིམ་རེ་ལ་སྒོར་མོ་ ༢༠༠༠ རེ་ལས་སྤྲད་མ་སོང་ཟེར། མི་ལྔ་ཡོད་པའི་ཁྱིམ་ཚང་གཅིག་ལ་ཆ་བཞག་ན། སྒོར་ཉིས་སྟོང་གིས་བདུན་ཕྲག་གཅིག་གི་འགྲོ་གྲོན་ཡང་མི་འདང་། ཅི་འདྲའི་སྲིད་གཞུང་ཐབས་རྡུགས་ཤིག་རེད་ཨང་། སྤྱི་སེམས་ཀྱིས་དབུལ་བའི་འགོ་ཁྲིད་དེ་ཚོ་ས་གཞི་འདིས་ཀྱང་ཁྱུར་མིད་གཏོང་མ་འདོད་པ་འདྲ། དེ་ལྟར་མིན་ན་མི་སྟོང་ཕྲག་བཅུ་ལ་ཉེ་བའི་ཚེ་སྲོག་འཕྲོག་སྐབས་གཞུང་གི་འགོ་ཁྲིད་དེ་དག་གཅིག་ཀྱང་མ་ཤི་བ་ག་རེ་ཡིན་ནམ།

11202952_1121696207857095_7008018035973221270_nང་ལྟ་བུ་ལ་རང་གི་སྦ་ཁུག་ནས་དངུལ་བཏོན་ནས་རོགས་རམ་བྱེད་པའི་ནུས་པ་མེད། འོན་ཀྱང་། དུས་སྐབས་འདི་འདྲ་ལ་ཙོག་གེར་སྡོད་པ་ནི་དངོས་གནས་མི་འོས་པ་ཞིག་རེད། གལ་ཏེ་ཁྱེད་རང་གིས་གནོད་ཐེབས་མང་ཚོགས་ཀྱི་གནས་བབ་ངོ་མ་དངོས་སུ་མཐོང་ཡོད་ཚེ། ཁྱོད་ཀྱིས་སྙིང་དམར་པོས་ཁྱེད་རང་སོས་དལ་བག་ཕེབས་སུ་སྡོད་དུ་མི་འཇུག་ཐག་ཆོད་ཡིན།

ཉིན་འདི་གར་ང་ཚོས་རོགས་སྐྱོར་བྱས་པའི་འགྲོ་གྲོན་ནི་ཆུང་ཆུང་ཞིག་མིན་རུང་། དེ་དག་བདག་གི་ཆུང་མ་དང་ཆི་ལི་ནས་ཡིན་པའི་ཕའོ་ལཱ། ད་དུང་ཝི་པ་ཤོ་ནཱ་ཉམས་ལེན་པ་འགའ་དང་། ཁོ་ཚོའི་ངོ་ཤེས་འཛམ་གླིང་གི་ས་གནས་གང་སར་ཡོད་པ་རྣམས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་བསྡུ་རུབ་བྱས་པ་ཡིན་ལ། ཐེངས་འདིའི་གོད་ཆག་ལ་མི་རྒྱུ་ཅི་རིགས་ཀྱི་རོགས་རམ་བྱེད་མཁན་རྣམས་ལ་སྙིང་ཐག་པ་ཡི་རང་དང་བསྔགས་བརྗོད་ཞུ། བལ་ཡུལ་མི་དམངས་ལ་ད་དུང་ཡང་འཛམ་གླིང་གི་རོགས་རམ་དགོས་མཁོ་ཆེ།

དྲན་ཐོ།

Post navigation

Previous Post: ང་རང་ཁུ་སིམ་སིམ་ལམ་ལ་ཆས།
Next Post: སེམས་ཀྱི་རྒྱབ་མདུན།

Comments (14) on “བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)”

  1. ཇུས་ཏོག་ says:
    2015-05-15 at 5:00 am

    ལས་ངན་བསགས་ནས་ལུས་ངན་བླང་།
    རྒྱལ་པོ་རྒྱལ་མོ་ནང་མི་བསད་།
    དཀར་པོའི་དགེ་ལ་དུག་ལྟར་འཛིན་།
    ནག་པོའི་ཆོས་ཀྱི་དམར་མཆོད་འབུལ་།
    ལས་འདི་འདྲ་བྱས་ན་འདི་ལས་གཞན་གང་ཡོང་།

  2. ཁྱུང་སེ། says:
    2015-05-15 at 5:31 am

    ངོ་མ་དེ་འདྲའི་མི་སྤྱོད་དགེ་བའི་ལས་ལ་ཡིད་རངས་དང་བསྔགས་བརྗོད་ཞུ། ཤི་བའི་རོ་ཐོག་ཏུ་བྲོ་བརྡུང་མི་ཉན། དེ་ལྟར་ན་ཡུལ་ཤུལ་དུ་ས་གཡོས་ཀྱིས་བོད་པ་ནང་བསྟན་པ་སྟོང་ཕྲག་མང་པོར་འཆི་བ་དེ་ཡང་དམར་མཆོད་དང་ལས་འབྲས་སྨིན་པ་ཡིན་ནམ།

  3. རིན་ཆེན་དར་རྒྱས། says:
    2015-05-15 at 5:49 am

    གཞན་ཕན་གྱི་ལེགས་བྱས་ལ་ཡི་རང་དང་བསྔགས་བརྗོད་ཞུ།

  4. ཡར་ལྷ་ཤམ་པོ། says:
    2015-05-15 at 6:59 am

    འབྱུང་ཆེན་ཁྲོས་པས་ས་གཞི་འགུལ།
    ཤི་བའི་མི་རོས་ས་གཞི་གང་།
    རྨས་མ་ཁྱུ་ཡིས་སྨན་ཁང་ཁེངས།
    དེ་འདྲའི་སེམས་ཅན་སྙིང་རེ་རྗེ།

    ཕ་མ་བུ་ཕྲུག་ཁ་བྲལ་བཏང་།
    བརྩེ་ལྡན་ཁྱིམ་ཚང་ཡུགས་ཚང་བཟོས།
    སྙིང་གི་བརྩེ་གྲོགས་ལྔ་ལམ་བཏང་།
    སྙིང་མེད་འབྱུང་བའི་ལྷ་ཆེན་ཁྱོད།

    ཀྱེ་མ་ཉམ་ཐག་སེམས་ཅན་ལ།
    དངོས་དང་བརྒྱུད་པས་ཕན་མཛད་པའི།
    ལུས་ཅན་ཚོགས་ལ་ཡི་རངས་སོ།
    མཁའ་ཁྱབ་འགྲོ་ཀུན་བདེ་ལྡན་ཤོག།

  5. ཇུས་ཏོག་ says:
    2015-05-15 at 7:20 am

    ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
    སྐལ་བ་བརྒྱར་ཡང་ཆུད་མི་བཟའ་།
    ཚོགས་ཤིང་དུས་ལ་བབས་པ་ན་།
    འབྲས་བུ་སྨིན་པ་ཉིད་དུ་གྱུར་་།
    ཀུན་བཟང་བླ་མའི་ཞལ་ལུང་ནས་དྲངས་།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 7:52 am

    དངོས་བྱུང་ལོ་རྒྱུས།
    ་་་་་་་་་་་ ༡༨༣༤ ལོའི་ས་འགུལ་གྱིས་གནོད་སྐྱོན་ཚབས་ཆེན་མ་བཏང་། སྤྱི་ལོ་༡༩༣༤ ལོའི་ས་ཡོམ་གྱིས་གནོད་ཚབས་ཆེ་སྟེ་རྩེ་མོ་ཆག་རུང་བསྐྱར་གསོ་བྱས་ཡོད། ༢༠༡༥/༤/༢༥ ཉིན་གྱི་ས་ཡོམ་དེས་རྦད་དེ་གཏོར་བཤིག་བཏང་བས་ད་ལྟ་རྨང་གཞི་ཙམ་ལས་ལྷག་མེད། ་་་་་་་་་་་་་
    ་་་་་་་་་་་་ ང་ཚོས་མི་དང་དུད་འགྲོ་ཤི་བའི་རོ་བདག་མེད་དུ་བོར་བ་རུལ་བའི་དྲི་མ་ངར་བོ་འཐུལ་ས་མང་པོ་བརྒྱུད་ནས་བྷ་ར་བྷི་སི་ལ་སླེབས་ཤིང་། དེ་ནས་གཡས་སུ་དཀྱོགས་ཏེ་རི་ལམ་ཀྱག་ཀྱོག་བརྒྱུད་ནས་གྱེན་དུ་སོང་བས་ཆུ་ཚོད་དགུ་བ་ཡོལ་ཙམ་ལ་ང་ཚོའི་དམིགས་ཡུལ་ཨེ་ཀི་ལེ་ཞེས་པའི་གྲོང་སྡེར་འབྱོར། ་་་་་་་་་་་་་་་་
    ་་་་་་་་་ ས་ཡོམ་རྒྱུག་སྐབས་ཉིན་གུང་གི་ཆུ་ཚོད་ ༡༢:༥༠ ཙམ་རེད། ཅུང་མ་འགོར་བར་སི་ཨེན་ཨེན་CNN གསར་ཁང་གིས་ཐེངས་འདིའི་ས་ཡོམ་གྱི་འགུལ་ཚད་ ༧་༤ ཡིན་པ་དང་། རྒྱུགས་ཡུལ་ལྟེ་བ་གནམ་ཆེ་གྲོང་བརྡལ་ཡིན་པ་བསྒྲགས་བྱུང་། གནམ་ཆེ་ནི་ཤར་ཁུམ་བུ་རྫོང་གི་ལྟེ་བ་ཡིན་ལ། བོད་དང་ཧ་ཅང་ཉེ་བས། ད་རེས་བོད་ལའང་མི་ཟོག་ལ་འཆི་སྐྱོན་དང་ཁང་ཁྱིམ་ལ་རྡིབ་ཞིག་བྱུང་ཡོད་ངེས་རེད། ་་་་་་་་་་
    ་་་་་་་་་་་་་་ དེ་ལྟར་མིན་ན་མི་སྟོང་ཕྲག་བཅུ་ལ་ཉེ་བའི་ཚེ་སྲོག་འཕྲོག་སྐབས་གཞུང་གི་འགོ་ཁྲིད་དེ་དག་གཅིག་ཀྱང་མ་ཤི་བ་ག་རེ་ཡིན་ནམ།
    ང་ལྟ་བུ་ལ་རང་གི་སྦ་ཁུག་ནས་དངུལ་བཏོན་ནས་རོགས་རམ་བྱེད་པའི་ནུས་པ་མེད། འོན་ཀྱང་། དུས་སྐབས་འདི་འདྲ་ལ་ཙོག་གེར་སྡོད་པ་ནི་དངོས་གནས་མི་འོས་པ་ཞིག་རེད། གལ་ཏེ་ཁྱེད་རང་གིས་གནོད་ཐེབས་མང་ཚོགས་ཀྱི་གནས་བབ་ངོ་མ་དངོས་སུ་མཐོང་ཡོད་ཚེ། ཁྱོད་ཀྱིས་སྙིང་དམར་པོས་ཁྱེད་རང་སོས་དལ་བག་ཕེབས་སུ་སྡོད་དུ་མི་འཇུག་ཐག་ཆོད་ཡིན། ་་་་་་་་་་་་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-05-15 at 7:54 am

    ཉིན་ཐོའདི། སེམས་ལ་ཕན་པོ་བྱུང་བས། ད་དུང་འབྲི་རོགས་ཞུའོ།།

  8. BONPO says:
    2015-05-15 at 11:26 am

    དེ་རིང་གི་བལ་ཡུལ་གྱི་གསར་གནས་འདིར། འདྲ་དཔར་དང་ལྷན་དུ་ཁོང་ཚོས་བཤད་སྟངས་ལ། ས་འགུལ་ཁྲོད་ཕ་མ་རྐྱེན་འདས་སུ་ཕྱིན་ནས་དྭ་ཕྲུག་ཏུ་ལུས་པའི་བྱིས་པ་རྣམས་ཀྱི་ཤེས་ཡོན་སོགས་ལ་བལ་གཞུང་གིས་འགན་ལེན་བྱེད་ཀྱི་ཡིན་སྐོར་བཤད་འདུག འདྲ་དཔར་དེར་བོད་རིགས་ཀྱི་ངོ་གདོང་གསོན་པོར་འཚོ་བའི་བྱིས་པ་ཁྱུ་གཅིག་གི་རྒྱབ་ཏུ་རོང་རྒན་སྣ་རིང་ཞིག་ལང་ནས་བསྡད་བཞག དེར་ཁྱེད་ཚོས་ཡག་པོ་བྱས་ནས་གཟིགས་ཏེ་བོད་གདོད་མའི་མི་རིགས་འདིའི་སྐྱིད་སྡུག་དང་མ་འོངས་པའི་མདུན་ལམ་ལ་བསམ་བློ་ཐོངས།
    http://www.ekantipur.com/2015/05/15/top-story/govt-to-fund-education-of-quake-orphaned-children/405262.html

  9. ལྡོང་གསེར་མིག says:
    2015-05-15 at 2:07 pm

    ཁ་ནས་སྙིང་རྗེ་དང་བྱང་སེམས་ཆེ་མདོག་བྱེད་པ་ལས་ཁྱོད་ལྟར་ཁ་ཡོད་ལག་ཡོད་ཀྱི་ལས་དོན་རེ་གཉེར་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  10. ཚེ་བཀྲ། says:
    2015-05-16 at 11:11 pm

    བལ་པོའི་སྲིད་གཞུང་གི་ལངས་ཕྱོགས་གང་ལྟར་ཡང་། ཉམ་ཆུང་མི་མང་ཁྲི་འབུམ་མང་པོར་སྡུག་བསྔལ་སྣ་དགུ་གཟོད་བརླག་མེད་པ་བྱུང་བར་འགྲོ་བ་མི་ཞིག་དང་། སྒོས་སུ་བོད་ཀྱི་ཁྱིམ་མཚེས་ལོ་ངོ་བརྒྱ་ཕྲག་རིང་གི་ལོ་རྒྱུས་ཡོད་མཁན་ཞིག་གི་བོད་པ་ཚང་གིས་གདུང་སེམས་མཉམ་སྐྱེད་ལོས་བྱ་འོས། བལ་ཡུལ་དུ་བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་མེ་རོ་གསོས་ཡོད་པའང་ཡུལ་དེའི་མི་མངོན་པའི་བཀྲིན་ཡིན་པ་ཤེས་དགོས།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-05-17 at 6:29 am

    བལ་པོས་བལ་བཟའ་ཁྲི་བཙུན་སོམས། །
    རྒྱ་མིས་རྒྱ་བཟའ་ཀོང་ཇོ་སོམས། །
    རྒྱ་གར་ནལེན་ཌར་དེ་སོམས། །
    བོད་པས་གསུམ་གའི་ལོ་རྒྱུས་སོམས། །

  12. དགེ་འདུན་བསྟན་འཛིན། says:
    2015-05-17 at 8:09 am

    ཁྱེད་རྣམ་པས་བདག་གི་ཉིན་ཐོ་ལ་གཟིགས་པ་བཀའ་དྲིན་ཆེ། ལྷག་པར་དུ་སྐུ་ཞབས་བྱ་སྒྲོ་དཀར་པོ་ལགས་ཀྱིས་བཟོ་འགོད་གང་ལེགས་གནང་བར་ཐུགས་རྗེ་ཆེ།
    རང་བྱུང་ཁམས་ཀྱི་གོད་ཆག་འདི་ལྟ་བུ་ག་ས་ག་ལ་འབྱུང་གི་ཡོད་ཅིང་སུས་ཀྱང་ཟློག་མི་ནུས། འགའ་ཞིག་དགའ་བ་སྐྱེས་པ་ལྟ་བུའང་མཐོང་རྒྱུ་ཡོད་པ་ནི་ང་ལ་མཚོན་ན་བསམ་པའི་ཡུལ་ལས་འདས་ཤིང་འཇིགས་སུ་རུང་བ་ཞིག་ཀྱང་རེད།
    འདི་ལྟ་བུའི་དུས་སུ་ལས་འབྲས་སྨིན་པ་རེད་ཅེས་ལྟད་མོ་བལྟས་ནས་བསྡད་པ་ཡིན་ན། ཁྱེད་ལ་སྙིང་རྗེ་སྐྱེ་བའི་ཡུལ་ནམ་ཡང་གཞི་མ་གྲུབ་སྟེ། རང་རེ་ནང་པ་སངས་རྒྱས་པའི་ལུགས་ལ། ལུས་ལ་ཚེར་མ་ཟུག་པ་ཚུན་ཆད་ལས་ཀྱི་འབྲས་བུ་ཡིན་པས། འདི་ལྟ་བུའི་གོད་ཆག་ཆེན་པོ་ནི་ལས་ཀྱི་འབྲས་བུ་ཡིན་པ་སྨོས་ཅི་དགོས།
    རྒྱ་དཀར་ནག་གི་བཙིར་ཤུགས་ཤིན་ཏུ་ཆེ་བའི་ཡུལ་གྲུ་ཆུང་ཆུང་འདི་ལ་བོད་མི་འགས་འཁང་ར་བྱེད་པའང་རྒྱུས་མེད་ཀྱི་བྱེད་སྟངས་ལས་མ་འདས་སོ་སྙམ།

  13. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-05-19 at 11:23 am

    ངོ་མ་ཡག་པོ་བྲིས་འདུག ང་ནི་ཉིན་འགར་མ་ཁོམ་པས། ཟིན་ཐོ་འབྲི་རྒྱུ་མ་ཟད། གཉིད་ཡག་པོ་ཟིག་ཉལ་ཁོམ་ཡང་མ་བྱུང་ཐ།

  14. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-07-09 at 5:48 pm

    འདི་ནི་ཧ་ཅང་འགུལ་ཤུགས་ལྡན་པའི་ཉིན་ཐོ་ཧ་ལས་པ་ཞིག་ཡིན་པ་མ་ཟད། གསར་གཏོད་དང་སྒྱུ་རྩལ་གྱིས་ཧ་ཅང་ཕྱུག་པའི་འབྲི་རྩལ་སྤྱད་པའི་རྒྱུ་ཆ་ཞིག་ཀྱང་རེད་འདུག བྲིས་ནས་བཀོད་པར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme