Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་མཆེད་པ། མུ་འགོད་ཉེར་གཅིག་པ།

Posted on 2015-05-122015-05-12 By ཁ་བརྡ 8 Comments on སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་མཆེད་པ། མུ་འགོད་ཉེར་གཅིག་པ།

མི་གསོན་པོ།

 image2 coxdasdpy སྤྱི་ཟླ་༥ ཚེས་༧ ཉིན། དུས་བཞིར་མེ་ཏོག་བཞད་པའི་སྐྱེད་ཚལ་དུ་གྲགས་པའི་ཨ་རི་མངའ་སྡེ་ཝ་ཤིང་ཊོན་གྱི་གྲོང་ཁྱེར་སེ་ཨལ་ཊའི་རྒྱལ་སྤྱིའི་གནམ་ཐང་དུ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཞབས་སོར་འཁོད་སྐབས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བླ་ཆེན་ཆོས་མགོན་རིན་པོ་ཆེ་དང་། དཔལ་ས་སྐྱའི་བདག་ཆེན་གོང་མ་ཕུན་ཚོགས་ཕོ་བྲང་གི་བདག་མོ་སྐུ་ཞབས། རྫོགས་ཆེན་དཔོན་སློབ་རིན་པོ་ཆེ། བྱང་ཨ་རི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། དེ་བཞིན་ཆོས་ཚོགས་ཁག་གི་མཁན་སྤྲུལ་བླ་གསུམ་བཅས་གནད་ཡོད་ཀྱི་མི་སྣ་མང་པོས་ཕེབས་བསུ་དང་བཅས་ནུབ་ཕྱོགས་ཀྱི་ན་ལནྜའི་གཙུག་ལག་ཁང་དུ་བོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཕེབས་བསུ་གསོལ་ཇ་འབྲས་ཚིགས་འདེགས་འབུལ་ཞུས་པ་དང་། ན་ལནྜའི་བྱང་ཆུབ་ཆོས་ཚོགས་ཆེན་མོའི་དབུ་འཛིན་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དབུས་ཆོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་གིས་མནྜལ་སྐུ་གསུང་ཐུགས་རྟེན་དགྱེས་རྫས་སུ་ཕུལ་གནང་ཞིང་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སེ་ཨལ་ཊ་དང་ཆོས་ཚོགས་འདིར་ཐེངས་གཉིས་པ་ཆིབས་བསྒྱུར་བསྐྱངས་གནང་བར་འབྱོན་པ་ལེགས་སོ་དང་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཛད་རིམ་ཟབ་རྒྱས་གནང་སོང་།

དགོང་མོའི་སྐབས་སུ་ཕྱི་ལུགས་ལྟར་གྱི་མགྲོན་བསུ་གསོལ་ཇ་དང་བཀའ་མོལ་གྱི་མཛད་རིམ་གོ་སྒྲིག་ཞུས་པ་ལྟར་གྲོང་ཁྱེར་སེ་ཨལ་ཊའི་སྤྱི་ཁྱབ་ཆེན་མོ་ཟུར་པ་སྟེ། ད་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་རྒྱ་ཆེན་གནང་མཁན་རི་ཆར་ཌི་ཁོན་ལིན་དང་། མེག་ཁོར་སི་ཧྥི་གཞན་ཕན་ཚོགས་པའི་འགན་འཛིན་ཟུར་པ། འཛམ་གླིང་དུ་གྲགས་ཅན་གྱི་ཚོང་ལས་ཁང་ཨ་མ་རྫོན་ཀིན་ཌོལ་གྱི་འགན་འཛིན་གཞོན་པ་སོགས་ཆབ་དཔལ་རིག་གསུམ་ཆོས་ལུགས་དང་བཅས་པའི་གནད་ཡོད་ཀྱི་མི་སྣ་ཆེ་ཁག་མང་པོས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གྲོང་ཁྱེར་སེ་ཨལ་ཊ་རུ་ཆིབས་བསྒྱུར་གནང་བར་དགའ་བསུ་དང་གུས་འདུད་འཚམ་འདྲི་བཅས་ཞུས་གནང་བ་དང་།

image3

དེ་བཞིན་གནའ་རབས་ཀྱི་ཨ་རིའི་ཡུལ་མི་རང་བཞིན་པས་སྲོལ་རྒྱུན་དང་མཐུན་པའི་དགའ་བསུ་ཞུས་ཏེ་ས་གཞི་རིལ་མོ་འདི་ཁྱེད་ཀྱི་ཡིན་ལ་ཁྱེད་དང་དཀོན་མཆོག་གི་དྲིན་གྱིས་འཇིག་རྟེན་གྱི་ཁམས་སུ་ཞི་བདེ་ཡོང་ངེས་ཞེས་ཆེ་བསྟོད་དང་། སྙིང་རྗེ་དང་ཁོར་ཡུག་ཐོག་ཏུ་ལས་དོན་བྱ་གཞག་སྤེལ་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་གཙོས་བཀའ་འདྲི་ཞུ་མཁན་ཡོངས་ལ་བཀའ་ལན་ཟབ་རྒྱས་སྩལ་གནང་བ་བཅས་ཀྱི་ཉིན་དེའི་མཛད་རིམ་ལེགས་གྲུབ་བྱུང་སོང་། སྤྱི་ཚེས་༨ ཉིན་གྱི་ཞོགས་པར་ན་ལནྜའི་བྱང་ཆུབ་ཆོས་ཚོགས་ནང་དུ་མཇལ་བཅར་བ་རྣམས་ལ་མཇལ་ཁ་སྩལ་གནང་བ་དང་། ཕྱི་དྲོར་ས་གནས་བོད་རིགས་ཚོགས་པས་ཇི་ལྟར་གསོལ་བ་བཏབས་པ་ལྟར་བོད་རིགས་གཙོས་པའི་འདུས་ཚོགས་སྟོང་ཕྲག་ལས་བརྒལ་བ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཆེན་མོའི་བཀའ་དྲིན་སྩལ་གནང་བར་མ་ཟད་ས་གནས་ཀྱི་བོད་རིགས་རྣམས་ལ་སྐད་ཡིག་རྒྱུན་འཛིན་། ནུས་ཤུགས་མཉམ་སྤུངས། བཀའ་དྲིན་རྗེས་དྲན་བཅས་དོན་ཚན་གསུམ་ཅན་གྱི་བཀའ་སློབ་ལམ་སྟོན་ཡང་བཀའ་དྲིན་སྩལ་གནང་སོང་། ས་གནས་སུ་ཡོད་པའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་སོགས་གནད་ཡོད་མི་སྣ་ཁག་གིས་༧རྒྱལ་དབང་ཀརྨ་པ་ས་གནས་འདིར་ཕེབས་པ་ནི་ས་གནས་ཀྱི་བོད་རིགས་མི་མང་ལ་སྐལ་བཟང་གི་ཉིན་མོ་ཤར་བ་ཡིན་པ་དང་ཕྱིས་སུ་ཡང་ཡང་ཕེབས་རྒྱུའི་གསོལ་འདེབས་དང་གཏམ་བཤད་སོགས་ཀྱང་བྱས་སོང་།

image1(1)

སྤྱི་ཚེས་༩ ཉིན་གྱི་ཞོགས་པར་ས་སྐྱ་དགོན་པས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་༧དཔལ་ས་སྐྱ་གོང་མ་བདག་ཆེན་ཕུན་ཚོགས་ཕོ་བྲང་མཆོག་དང་མཇལ་འཕྲད་གནང་ཞིང་། གངས་ཅན་བོད་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད་དུ་གདུང་བརྒྱུད་ཀྱི་རྒྱལ་པོ་དང་། སྤྲུལ་བརྒྱུད་ཀྱི་ཐོག་མར་གྲགས་པའི་རླབས་ཆེན་གྱི་སྐྱེས་མཆོག་ཟུང་གིས་ཕན་ཚུན་གུས་བཀུར་དང་དད་འདུན་ཆེན་པོས་ཆོས་དང་དམ་ཚིག་ལ་ལྷད་ཞུགས་མ་མྱོང་པའི་ས་སྐྱའི་འཁོན་གདུང་དང་༧ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་དད་དམ་མཛའ་འབྲེལ་གསེར་གྱི་རྒྱུན་ཐག་ཆད་མེད་དུ་རྒྱུན་འཛིན་གནང་བའི་རྣམ་ཐར་འདི་དག་ནི་ངེད་ཅག་རྗེས་འཇུག་པ་ཀུན་གྱི་སྙིང་གི་དཀྱིལ་དུ་འཆང་ཞིང་ལོ་རྒྱུས་ཀྱི་གླེགས་བམ་ནང་དུ་གསེར་གྱི་འབྲི་དགོས་ངེས་ཤིག་ལོས་ཡིན།
༧གོང་མ་བདག་ཆེན་ཕུན་ཚོགས་ཕོ་བྲང་གིས་༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་དང་ཐུགས་འབྲེལ་ཟབ་ཚུལ་དང་། རྒྱལ་བ་བཀའ་བརྒྱུད་པའི་བླ་མ་མང་པོའི་དྲུང་ནས་བཀའ་བརྒྱུད་པའི་ཟབ་ཆོས་ཞུས་ཚུལ་སོགས་གསུངས་ཏེ་༧རྒྱལ་བ་ཀརྨ་པ་དང་མཇལ་འཛོམས་བྱུང་བར་དགྱེས་ཚོར་ཆེན་པོ་གནང་། དེ་ནས་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་ལ་ཞབས་སོར་འཁོད་པ་ན་༧གོང་མ་ཕུན་ཚོགས་ཕོ་བྲང་གི་བདག་མོ་འཇམ་དབྱངས་དཔལ་མོ་མཆོག་གིས་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་པའི་གསུང་བཤད་གནང་བ་དང་། བདག་མོ་མཆོག་དང་། མཁན་པོ་བྱམས་པ་བསྟན་འཕེལ། དེ་བཞིན་ཡབ་གཞིས་སྐུ་འཁོར་རྣམ་པས་གཙོས་དགོན་པའི་གནད་ཡོད་མི་སྣས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་ཟིན་རྗེས་༧རྒྱལ་དབང་ཀརྨ་པས་བཀའ་སློབ་འདི་ལྟར་སྩལ་གནང་སོང་།

དེ་རིང་འདིར་སེ་ཨལ་ཊའི་ས་སྐྱ་དགོན་པའི་ནང་དུ་བཅར་རྒྱུའི་སྐལ་བ་བཟང་པོ་བྱུང་བ་དང་། ཁྱད་པར་དུ་་༧དཔལ་ས་སྐྱའི་བདག་ཆེན་ཕུན་ཚོགས་ཕོ་བྲང་སྐུ་འཁོར་ལྷན་རྒྱས་ཞལ་མཇལ་རྒྱུའི་སྐལ་བཟང་ཐོབ་པར་ཧ་ཅང་དགའ་བོ་བྱུང་། དེ་བཞིན་ཚོགས་ཁང་འདི་ཡི་ནང་དུ་ཕེབས་མཁན་ཚང་མ་ལའང་ངས་དགའ་སྤྲོ་དང་འབྲེལ་བའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་འདས་པའི་ལོ་རྒྱུས་ནང་དུ་༧དཔལ་སྐྱ་པ་དང་། ༧ཀརྨ་པ་སྐུ་འཕྲེང་རིམ་བྱོན་ཕན་ཚུན་ཆོས་དང་སྐུ་སྒེར་གང་ཐད་ནས་འབྲེལ་བ་གཏིང་ཟབ་མོ་ཡོད་མཁན་ཞིག་རེད། དེ་བཞིན་གོང་དུ་བདག་མོ་སྐུ་ཞབས་ཀྱིས་གསུངས་པ་ལྟར་༧རྒྱལ་བ་ཀརྨ་པ་སྐུ་འཕྲེང་གོང་མ་དང་། ༧བདག་ཆེན་ཕུན་ཚོགས་ཕོ་བྲང་། སྡེ་གཞུང་མཆོག་སྤྲུལ་རིན་པོ་བཅས་ཕན་ཚུན་འབྲེལ་ལམ་ཧ་ཅང་ཟབ་མོ་ཡོད་པའི་སྐོར་ངས་ཀྱང་མང་པོ་གོ་མྱོང་ཡོད།
དེས་ན་དེ་རིང་ཀརྨ་པ་སྐུ་གོང་མའི་རྗེས་སུ་འབྲངས་ཏེ་འདིར་བཅར་རྒྱུ་བྱུང་བ་མ་ཟད་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་མོ་མི་ཚེ་མི་རབས་ནས་རྒྱུན་མཐུད་ཐུབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། དེ་བཞིན་དམིགས་བསལ་གྲོང་ཁྱེར་འདིའི་ནང་དུ་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པའི་ཆོས་བརྒྱུད་ཆེན་པོ་ཞིག་གི་དགོན་པ་འདི་འདྲ་བ་ཞིག་མཇལ་རྒྱུ་ཡོད་པ་ནི་ངོ་མཚར་སྐྱེ་དགོས་པ་ཞིག་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ཆེན་རྣམ་པ་དང་པོ་ཨ་རི་ལ་ཕེབས་སྐབས་སྐུ་ངལ་འོ་བརྒྱལ་མང་པོ་འཕྲད་ཡོད་ངེས་ཀྱང་། ཁོང་རྣམ་པའི་ཐུགས་ཁུར་དང་བཀའ་དྲིན་ལ་བརྟེན་དགོན་པ་འདི་འདྲ་བ་མཇལ་རྒྱུ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕྱི་གླིང་གི་མི་མང་ཚོས་ཀྱང་བགོ་སྐལ་དུ་སྤྱོད་ཆོག་པ་བྱུང་བ་འདི་ནི་ངོ་མཚར་དང་བཀའ་དྲིན་གྱི་བདག་ཉིད་ཅིག་རེད། དེ་རིང་ཕྱི་དྲོ་མི་མང་ལ་གཏམ་བཤད་བྱེད་རྒྱུ་མཛད་རིམ་གཉིས་ཡོད་སྟབས་སྐད་ཆ་མང་པོ་ཞིག་ཞུ་དགོས་མི་འདུག
ད་ལན་༧བདག་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཀྱིས་ཐུགས་བརྩེ་ཆེན་པོས་གོ་སྒྲིག་ཟབ་རྒྱས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དམིགས་བསལ་གོང་དུ་ཞུས་པ་ལྟར་༧དཔལ་ས་སྐྱའི་བདག་ཆེན་རིན་པོ་ཆེ་དང་མཇལ་ཏེ་འབྲེལ་བ་འཇོག་ཐུབ་པ་འདི་ནི་ང་རང་གཅིག་པུ་ཙམ་དུ་མ་ཟད་རྒྱལ་བ་ཀམ་ཚང་པའི་ཆོས་བརྒྱུད་སྤྱི་དང་། མ་འོང་པར་འབྱོན་པ་འགྱུར་བའི་༧ཀརྨ་པའི་སྐྱེས་རབས་རྣམས་ལའང་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་མོ་འཇོག་རྒྱུའི་ཤུགས་རྐྱེན་ཐེབས་ཐུབ་པའི་ལོ་རྒྱུས་ཀྱི་བྱུང་རིམ་ཞིག་བྱུང་སོང་དྲན་གྱི་ཡོད། ༧བདག་ཆེན་རིན་པོ་སྐུ་ན་མཐོན་པོ་ལ་ཕེབས་ཡོད་ཀྱང་སྐུ་ལ་བསྙུན་མེད་ཀྱི་སྒོ་ནས་ད་དུང་སྐུ་ཚེ་ཡུན་དུ་བརྟན་པ་དང་། གདུང་སྲས་རྣམ་པས་བསྟན་འགྲོ་དོན་ཆེན་རླབས་པོ་ཆེ་འགྲུབ་པའི་གསོལ་འདེབས་དང་སྨོན་འདུན་སྙིང་ནས་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་གནང་།

མཇུག་ཏུ་སྒྲོལ་བསྟོད་ཀྱི་ལྗགས་ལུང་དང་༧གོང་མ་བདག་ཆེན་མཆོག་གི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཆེད་དུ་ཡིན་ཞེས་གསུངས་ཏེ་༧རྒྱལ་དབང་རང་ཉིད་ཀྱིས་གདངས་རྩོམ་གནང་བའི་སྒྲོལ་བསྟོད་ཚར་གཅིག་རྗེ་ཉིད་ཀྱིས་དབུ་མཛད་གནང་ནས་གསུངས་ཏེ་མཛད་རིམ་ཇི་སྙེད་ལེགས་གྲུབ་བྱུང་སོང་། ཕྱི་དྲོའི་དུས་སུ་ལནྜའི་བྱང་ཆུབ་ཆོས་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་མི་མང་འདུས་པ་ཆིག་སྟོང་བདུན་བརྒྱ་ཙམ་ལ་སྙིང་རྗེའི་རྣམ་འགྱུར་ཏེ་འཚོ་བ་དངོས་ཀྱི་ཁྲོད་དུ་སྙིང་རྗེའི་ལག་ལེན་ཇི་ལྟར་ཇི་ལྟར་བྱེད་ཕྱོགས་དང་། སྟོང་དང་རྟེན་འབྲེལ་གྱི་སྒོ་ནས་མི་དང་མིའི་བར་དང་། མི་དང་ཁོར་ཡུག་གི་བར། མི་དང་དུད་འགྲོ་སོགས་ཀྱི་བར་དུ་འབྲེལ་ལམ་ཉེ་རུ་བཏང་སྟེ་སྙིང་བརྩེ་དང་བྱམས་སེམས་སོགས་ཇི་ལྟར་གོང་མཐོ་བཏང་དགོས་པའི་སྐོར་གྱི་བཀའ་སློབ་དང་བགྲོ་གླེང་རིན་ཐང་དུ་ལྡན་པ་བཀའ་དྲིན་སྩལ་གནང་སྟེ་བྱང་ཨ་མི་རི་ཀར་ཆིབས་བསྒྱུར་ཐེངས་གསུམ་པའི་རླབས་ཆེན་གྱི་མཛད་རིམ་ཡོངས་རྫོགས་ལེགས་གྲུབ་བྱུང་སོང་། དེ་ལྟར་ཟླ་བ་གཉིས་ཀྱི་དུས་ཡུན་ཕལ་ཆེ་བར་སྔོན་བསགས་བསོད་ནམས་བཟང་པོའི་འབྲས་བུ་དུས་སྨིན་ཏེ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་སྐུ་འཁོར་དུ་ཞུགས་རྒྱུ་བྱུང་བ་འདི་ནི་རང་གི་མི་ཚེ་ནང་གི་བྱུང་བ་གཟི་བརྗིད་ཅན་ཞིག་དང་། ཁྱད་པར་དུ་ཁོང་གི་གསང་གསུམ་གྱི་མཛད་པ་ངོ་མཚར་ཅན་དུ་མ་དང་རླབས་ཆེན་གྱི་ཐུགས་བསམ་བཞེས་ཕྱོགས་སོགས་ཀྱིས་རང་རྒྱུད་ལ་དད་པ་དང་ཡིད་ཆེས་ཀྱི་བགས་ཆགས་གཏིང་ཟབ་མོ་བསྐྲུན་པ་འདི་ནི་རྒྱལ་བ་བཀའ་བརྒྱུད་པའི་གྲལ་དུ་འགྲིམ་པའི་དོན་གོ་ཆོད་སོང་སྙམ་པའི་སེམས་ཚོར་བཅས་མི་གསོན་པོ་སེ་ཨལ་ཊ་ནས་ཟིན་བྲིས་བཏབས། བཀའ་སློབ་མང་པོ་ཞིག་དུས་སུ་ཕབ་ཐུབ་མ་སོང་ཡང་རྗེས་སུ་རིམ་བཞིན་གཟིགས་འབུལ་ཞུ་ངེས་ཡིན།། །།

གསར་འགྱུར།

Post navigation

Previous Post: བོན་དགོན་ཁྲི་བརྟན་ནོར་བུའི་རྩེ་ནས་རོགས་མགོན་གནང་གནས།
Next Post: ཕ་ས་བུ་བདག་གི་ཀ་བཤད།

Comments (8) on “སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་མཆེད་པ། མུ་འགོད་ཉེར་གཅིག་པ།”

  1. སྣང་འབྱེད་འོད་རླབས། says:
    2015-05-12 at 11:08 am

    གཟེངས་རྟགས་ཕུལ་བ་ཡི་རང་ཡོད་ཀྱང་ཡིག་ནོར་འདི་ནི་བློ་ཕམ་གྱི་གནས་སུ་གྱུར།

  2. ཤར་པ་ says:
    2015-05-13 at 6:14 am

    རྒྱལ་བའི་དགོངས་པ་ལ།་ སྐུ་གཞོན་པའི་སྐབས་ལ་སླབས་པ་སློབ་གཉེར་ཡག་པོ་དགོས་པ་དང་། དེ་ཡང་མ་མཐའ་ལ་ལོ་བཅུ་ལྔ་དགོས་པར་བོད་ཀྱི་ཟློས་གར་ཚོགས་ཁང་ནང་བཀའ་སློབ་གནང་བ་གོ་བྱུང་བས། སློབ་གཉེར་དང་སྒོམ་ཉམ་ལེན་དང་ནང་ནས་དུལ་བ་བྱུང་ན་བོད་སྤྱི་ལ་ཕན་ཐོག་ཆེ།

  3. ཤར་པ་ says:
    2015-05-13 at 6:25 am

    དངོས་གནས་རྒྱལ་བ་ཀརྨ་པ་དད་པས་གནས་ཚུལ་ངོས་སྤྲོད་གནང་མཁན་ཡིན་ན། མི་གསོན་པོ་ཞེས་མིང་སྐུང་མི་དགོས་པར་རང་མིང་དང། འདྲ་པར་ཞིག་དྲ་ཐོག་བཞག་ན་། དད་པ་དང་ངོ་ལྐོག་མེད་པ་བདག་ཡིད་ཕྱོགས།

  4. འབྲོང་བུ་སོག་ཚ། says:
    2015-05-13 at 9:32 am

    སྤྱིར་བཏང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱེས་སྟོབས་དང་། སྦྱང་སྟོབས་གཉིས་ཀྱི་སྟེང་ནས་མཁྱེན་པ་རྒྱས་པས་ན། སྦྱང་སྟོབས་གཅིག་པུ་ལ་བརྟེན་ནས་ཤེས་ཡོན་སྦྱོང་དགོས་གསུང་པ་དེ་ཏག་ཏག་བསྡད་ཀྱི་ཨེ་ཡོད་སྙམ།

  5. རེ་འབོད says:
    2015-05-13 at 12:39 pm

    ཀ་ཁ་ནས་སྦྱངས་དགོས་པ་གཅིག་པ་དང་། ད་དུང་ཟ་མ་དང་གོས་སོགས་ང་ཚོ་ལ་ཅི་དགོས་ན་ཁོང་ཚོ་ལ་དགོས་པ་དང་ད་དུང་འདོད་ཡོན་དག་ངེད་ཚོ་ལས་ལྷག་པར་དགོས་འདུག

  6. ཤར་པ་ says:
    2015-05-14 at 3:55 am

    རེད་ཡ་ཀརྨ་པ་སྐུ་གོང་མ་་ལོ་རྒྱུས་དང་། སློབ་སྦྱོང་མི་དགོས་པར་སངས་རྒྱས་སུ་ཟེར་ནས་བལྟ་བས་དབང་ལས་གང་བྱུང་བ་གཟིགས་དང། མཐུན་མོང་དང་མཐུན་མོང་་མིན་པའི་སྐབས་ཕྱེ་ཤེས་་ན་རྐྱོན་དེ་དག་ཡོང་བའི་གོ་སྐབས་ཀྱི་དབེས་སོ། རྒྱལ་་བ་རིན་པོ་ཆེ་ཡང་སློབ་སྦྱོང་ལ་སྐུ་་ལས་བརྒྱ་ཕྲག་སྐྱོན་་བ་ཀུན་གྱིས་ཤེས་ན་། བོད་པ་མང་ཆེ་བས་སངས་་སུ་བལྟས་ཀྱང་ངོ

  7. འབྲོང་བུ་སོག་ཚ། says:
    2015-05-14 at 9:54 am

    ༧རྒྱལ་བ་ཀརྨ་པ་གོང་མའི་དགོངས་པ་བཞེས་ཕྱོགས་དང་། སེམས་ཅན་ལ་བརྩེ་སེམས་ཡོད་པ་ཞིག་དེང་དུས་བླ་མིང་འཆང་མཁན་ཚོ་ལ་ཡོད་ན་བོད་འདི་མི་ཤོར་གི

  8. ནུབ་ཕྱོགས་གངས་ཕྲུག says:
    2015-05-14 at 12:21 pm

    ཀརྨ་པ་འདི་ཆབ་སྲིད་གནང་མཁན་ཞིག་ཆགས་འགྲོ་ས་རེད། ཆོས་ཡོང་ས་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme