Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་ཆེ་སྟག་ལུང་རིན་པོ་ཆེས་ཉེན་སྐྱོབ་གནང་བཞིན་པ་ལས་འཕྲོས་པའི་གཏམ།

Posted on 2015-05-012015-05-01 By ཁ་བརྡ 9 Comments on རི་ཆེ་སྟག་ལུང་རིན་པོ་ཆེས་ཉེན་སྐྱོབ་གནང་བཞིན་པ་ལས་འཕྲོས་པའི་གཏམ།

མི་གསོན་པོ།

unnamed

རི་ཆེ་སྟག་ལུང་༧སྐྱབས་མགོན་འཕགས་མཆོག་རིན་པོ་ཆེས་ས་ཡོམ་གནོད་ཐེབས་མི་མང་ལ་ཉེན་སྐྱོབ་གནང་བཞིན་པ་ལས་འཕྲོས་པའི་གཏམ།

མི་ལོ་བཞི་བཅུ་བརྒལ་བའི་ཁོ་བོའི་མི་ཚེ་བརྒྱུད་རིམ་ནང་དུ་བློ་གཏད་ཡིད་ཆེས་བྱེད་ཆོག་པའི་སྙིང་གི་གྲོགས་པོ་ཧ་ཅང་མང་ནའང་། སྐྱིད་སྡུག་དང་དར་རྒུད་ཀྱི་རྣམ་པ་ཇི་ལྟར་འགྱུར་ཀྱང་གྲོགས་ཀྱི་ལ་རྒྱ་དང་དམ་ཚིག་ནམ་ཡང་འགྱུར་ལྡོག་མེད་པའི་གཏན་ཚུགས་ཀྱི་རང་གཤིས་མངའ་བའི་གྲོགས་མཆོག འཚོ་བའི་བརྒྱུད་རིམ་ནང་དུ་དཀའ་ངལ་འཕྲད་སྐབས་སྙིང་བརྩེ་ཆེན་པོས་རོགས་སྐྱོར་བྱེད་པའི་བྱམས་བརྩེའི་བཀའ་དྲིན་གཞལ་བར་དཀའ་བའི་དྲིན་ཅན་གྱི་སྐྱེས་བུ། སྒོ་གསུམ་གྱི་སྤྱོད་པ་དང་དུས་གསུམ་གྱི་བྱ་གཞག་ལ་བླང་དོར་གྱི་བསླབ་བྱ་་ནམ་ནམ་ཞར་ཞར་དུ་སྩལ་ཅིང་རི་བོ་ལྟ་བུར་རྒྱབ་བརྟེན་དང་དཔུང་རོགས་བྱེད་པའི་མཛའ་གྲོགས་ཀྱི་དྭངས་མ། བཞུགས་ཁྲི་མཐོན་པོའི་སྒང་ནས་འགྱིང་ཉམས་ཀྱི་གཟི་བརྗིད་མི་སྟོན་པར་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་བླ་མེད་ཀྱི་སྐྱེས་མཆོག་དམ་པ་སྟེ། ལོ་རྒྱུས་ཀྱི་རྒྱུན་རིང་ཡང་བསྟན་པའི་ཉག་ཕྲ་བའི་སྟག་ལུང་བཀའ་བརྒྱུད་ཀྱི་དོན་དམ་པའི་སྐྱབས་མགོན་ངོ་མ་རི་ཆེ་འཕགས་མཆོག་ཚང་གིས་འདི་ལྟར་ས་ཡོམ་ཀྱིས་གནོད་ཐེབས་མི་མང་ལ་རོགས་སྐྱོར་བྱེད་བཞིན་པའི་སྐུ་པར་དག་མཇལ་སྐབས་དད་འདུན་དང་སྐྱོ་སེམས་འདྲེས་མའི་མིག་ཆུས་ངོ་གདོང་བརླན་སོང་།

unnamed-1ཁོང་ལ་ཧ་ཅང་རྒྱུས་མངའ་ཆེ་བའི་གུས་པའི་སེམས་གཏིང་ནས་ངེས་ཤེས་རྙེད་ཐུབ་པ་ཞིག་ནི་འཕགས་མཆོག་རིན་པོ་ཆེས་འདི་ལྟར་གཞན་ཕན་གྱི་ཐུགས་བསྐྱེད་དང་ཉམ་ཐག་ལ་རོགས་སྐྱོར་ནི་བཅོས་མིན་སྙིང་བརྩེ་དང་ལྡན་པའི་བྱ་གཞག་ཅིག་ཡིན་པ་ལས་ངོམ་ཆོས་དང་དྲིལ་བསྒྲགས་ཀྱི་ཆེད་དུ་མིན་པ་ཚིག་ཐག་ཆོད་པོས་ཞུ་ཐུབ། བྱམས་བརྩེའི་དང་འདྲེས་པའི་ཁོང་གི་མཛད་སྤྱོད་མང་པོས་ངའི་སེམས་སུ་ནམ་ཡང་བརྗེད་པ་དཀའ་བའི་ཡིད་ཆེས་དང་དད་འདུན་ཟབ་མོ་བསྐྲུན་ཡོད་ལ་རྒྱུ་མཚན་དེ་དག་གིས་ཁོང་ནི་གཞན་དོན་བརྩོན་པའི་རྒྱལ་སྲས་སེམས་དཔའ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
བདག་གི་མི་ཚེ་འདི་ལྟར་གསོན་པོ་འཚོ་བཞིན་པ་ནི་ཁོང་གི་བཀའ་དྲིན་དང་བྱམས་སྐྱོང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་རང་ངོས་ནས་བཤད་ན་ཁོང་ནི་སྲོག་སྐྱོབ་ཀྱི་དྲིན་ཅན་ཞིག་ཡིན་ཞེས་བརྗོད་ནའང་ཆོག

དེའང་གུས་པ་རིས་མེད་ཀྱི་ཆོས་སྡེ་ཆེན་པོ་རྫོང་སར་བཤད་གྲྭའི་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་འཁྲིས་ནད་དྲག་པོ་ཞིག་གིས་ཟིན་ནས་བོད་སྨན་གྱི་ལྷ་རྗེ་དག་གིས་འཆི་ཐག་བཅད་ཟིན་པ་ལྟར་རང་ངོས་ནས་ཀྱང་གསོན་པའི་རེ་བ་དེ་ཙམ་མེད་པའི་སྐབས་སུ་ཁོང་གིས་འགྲོ་གྲོན་ཆ་ཚང་གནང་ཞིང་བལ་ཡུལ་དུ་སྨན་བཅོས་ཆེད་དུ་བཏང་བ་མ་ཟད་འགྲོ་གྲོན་ལ་མ་འཛེམས་པར་སྨན་བཅོས་གང་ལེགས་བྱས་པའི་འཇུག་འབྲས་ཚེ་སྲོག་འདི་འཚོ་གནས་ཐུབ་ཙམ་བྱུང་། ཕ་མ་སྤུན་མཆེད་དང་ཁ་བྲལ་ཏེ་གཉེན་ཉེ་བཤེས་གསུམ་གྱི་ཁོར་ཡུག་དེ་ཙམ་མེད་པའི་གསར་འབྱོར་བའི་འཚོ་བ་སྐྱུར་པོའི་ཁྲོད་དུ་མི་འདོད་པའི་ནད་ཀྱིས་ཟིན་ཏེ་དཀའ་སྡུག་དྲག་པོ་འཕྲད་སྐབས་ཁོང་གིས་རོགས་སྐྱོར་དང་སེམས་གསོས་ནུས་ཤུགས་དང་བློ་སྟོབས་སྩལ་གནང་བའི་བཀའ་དྲིན་ནི་ཚིག་གི་ལམ་ནས་བརྗོད་ཐབས་བྲལ།
unnamed-2སྐབས་རེ་ཁོང་གི་ཉེ་གནས་ལ་འབྲས་ཐུག་དང་རྩམ་ཐུག་སོགས་ནད་པའི་ལུས་ཁམས་དང་མཐུན་པའི་ཁ་ཟས་བཟོ་བཅུག་ནས་ཁོང་ཉིད་སྐུ་ངོ་མ་བདག་གི་གྲྭ་ཤག་ཏུ་ཕེབས་ཏེ་འཚམ་འདྲི་དང་སེམས་གསོ་གནང་སྐབས་ངས་ལྐོག་ནས་མི་ཆུ་བཏང་བཞིན་ཡོད། གལ་སྲིད་ནད་གཞི་འདི་ལས་གྲོལ་ཏེ་མི་ཚེ་གསོན་པོ་སྡོད་རྒྱུའི་གོ་སྐབས་ཤིག་ཐོབ་ཚེ་ངེས་པར་དུ་ཁོང་གི་བཀའ་དྲིན་སེམས་ལ་བཞག་སྟེ་སྐུ་དྲིན་འཇལ་རྒྱུའི་དམ་བཅའ་སྙིང་ནས་བྱས་ཀྱང་ད་བར་ཁོང་གི་སྐུ་དྲིན་ཆ་ཤས་ཙམ་ཞིག་ཀྱང་འཇལ་ཐུབ་པའི་ཞབས་ཞུ་བྱེད་རྒྱུ་མ་བྱུང་བ་ནི་ངོ་མ་ངོ་ཚའི་གནས་ལས་གཞན་བཤད་དུ་ཅི་ཡོད།

ད་དུང་ཐེངས་ཤིག་འཕྲལ་རྐྱེན་ངན་པ་ཞིག་ལ་གདོང་ལེན་བྱེད་རྒྱུའི་བློ་སྤོབས་ཀྱིས་མ་འདངས་ནས་རང་གི་མི་ཚེའི་རིན་ཐང་རྙེད་ཡུལ་གྱི་རྫོང་སར་བཤད་གྲྭ་དང་ཁ་བྲལ་ནས་བྲོས་བྱོལ་དུ་སོང་བས་༧འཕགས་མཆོག་རིན་པོ་ཆེ་སྐུ་ངོ་མས་ལྡི་ལི་བར་དུ་རྗེས་དེད་གནང་ནས་བཤད་གྲྭ་རུ་ཕྱི་ཁྲིད་གནང་བར་མ་ཟད་བཤད་གྲྭ་ལ་ཞུ་བཤགས་ཀྱི་དངུལ་ཆད་ཆ་ཚང་འཇལ་བ་སོགས་ལམ་ནོར་ལས་བསྐྱབས་པའི་བཀའ་དྲིན་ནི་བསམ་བརྗོད་ཡུལ་ལས་འདས།unnamed-3
དུས་དེ་ནས་ངས་ཁྱེད་ཉིད་རང་གི་མི་ཚེའི་སློབ་སྟོན་པ་རུ་བརྩིས་ཏེ་བྱ་སྤྱོད་གང་ཞིག་བསྒྲུབ་འདོད་པ་ཀུན་ཀྱང་ཁྱེད་ལ་བཀའ་འདྲི་ལམ་སྟོན་ཞུས་ཏེ་མི་ལོ་བརྒྱད་དགུ་ཙམ་དུ་འབྲལ་མེད་དུ་འགྲོགས་སྐབས་ཁྱེད་ཀྱིས་ཞིམ་པའི་ཟས་དང་། དྲོ་བའི་གོས། སློབ་སྦྱོང་གི་མཐུན་རྐྱེན་སོགས་ཅི་འདོད་གང་དགོས་ཀྱི་བཀའ་དྲིན་སྩལ་གནང་ཞིང་། སྐབས་རེ་ཁྱེད་ཀྱིས་ཀུ་རེ་ཚུལ་དུ་ང་ལ་བུ་རང་ལས་ལོ་ཆེ་བ་ཞིག་ཡོད་ཅེས་སྐུ་རྩེད་གསུངས་གནང་བ་ལྟར་བཀའ་དྲིན་དང་བྱམས་སྐྱོང་གི་ཆ་ནས་ང་ནི་ཁྱེད་ཀྱི་བུ་ཕྲུག་ཅིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་རྒྱུ་ཅི་ཡང་མེད། བཤད་གྲྭ་ལས་ཐོན་ཏེ་རང་གི་བྱ་གཞག་གི་ཆེད་དུ་མི་ཚེ་བྲེལ་ཟིང་གིས་དུས་ཡུན་ཇི་འདྲ་བྱས་ཏེ་ཕྱིན་པའང་མ་ཤེས་པར་མི་ལོ་ལྔ་དྲུག་ཙམ་ལ་ཁྱེད་ཉིད་མཇལ་རྒྱུའི་གོ་སྐབས་མ་ཐོབ།

ལོ་སྔོན་མར་ཁྱེད་ཉིད་ནེའུ་ཡོག་ཏུ་ཕེབས་སྐབས་མཇལ་བཅར་ཞུ་རྒྱུ་བྱུང་ཡང་རང་ཉིད་ངོ་གནོང་གིས་སྐད་ཆ་གང་ཞིག་ཞུ་དགོས་པའང་མ་ཤེས་ནས་མགོ་བོ་བསྒུར་ནས་སྡོད་སྐབས་ཁྱེད་ཀྱིས་སྔར་བཞིན་ཐུགས་བརྩེ་ཆེན་པོས་སྣེ་ལེན་མགྲོན་བསུ་གནང་ཞིང་ཉིན་ཞག་གསུམ་གྱི་རིང་དུ་སྐྱིད་སྡུག་གི་ཁ་བརྡ་ལྷུག་པོར་གནང་བ་དང་། ཆོས་དང་རིག་གཞུང་མི་རིགས་སོགས་ཀྱི་ཐད་ནས་བགྲོ་གླེང་ཟབ་རྒྱས་གནང་ཏེ་གཤིས་ཀ་སྤྲོ་སྣང་ཅན་དེ་སྔོན་བཞིན་འགྱུར་མེད་དུ་གནས་འདུག་པས་དགའ་སྤྲོ་ཧ་ཅང་ཆེ་སོང་། དེ་རིང་ས་ཆེན་གྱི་འགུལ་བསྐྱོད་ཆེན་པོས་སྐྱེ་འགྲོ་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་བར་ཆད་དང་མི་མང་ས་ཡ་མང་པོའི་འཚོ་གནས་ལ་དཀའ་ངལ་སྤྲད་སྐབས་ཁྱེད་ཀྱི་བྱམས་བརྩེ་ཟབ་མོས་ཉེན་སྐྱོབ་ཀྱི་ཆེད་དུ་གནོད་ཐེབས་ཀྱི་ཡུལ་དངོས་སུ་ཕེབས་ཏེ་རོགས་སྐྱོར་དང་མཐུན་འགྱུར་འདི་ལྟར་གནང་བ་ནི་བླ་སྤྲུལ་གཞན་གྱི་མིག་དཔེ་བལྟ་འོས་ཉག་ཅིག་གོ། རིན་པོ་ཆེ། ཁྱེད་དང་ཁྱེད་ལྟ་བུར་བསྟན་འགྲོའི་བདེ་དོན་ལ་སེམས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་སྨོན་འདུན་བཅས།། །།

སྣ་ཚོགས།

Post navigation

Previous Post: “སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད།”
Next Post: ས་དང་སེམས་གཡོས་པ།

Comments (9) on “རི་ཆེ་སྟག་ལུང་རིན་པོ་ཆེས་ཉེན་སྐྱོབ་གནང་བཞིན་པ་ལས་འཕྲོས་པའི་གཏམ།”

  1. པདྨ says:
    2015-05-01 at 4:01 pm

    ད་རིས་མི་གསོན་པོས་དངོས་ཡོད་ཀྱི་དྲང་བདེན་གྱི་སྐད་ཆ་ཡག་པོ་བཤད་པར་དགའ་ཡོད། འཕགས་མཆོག་རིན་པོ་ཆེ་ལ་ངོ་མ་ཡི་རང་དང་སྔགས་བརྗོད་ཡོད། ཡང་སྔོན་ཞིག་གི་ལོ་ངོ་གསུམ་བཞི་རིང་སྐུ་མཚམས་བཞུགས་ནས་སྐུ་ཡིས་སྲས་དང་སྲས་མོ་དུ་མ་བཟོས་ནས་བོད་མི་རིགས་ཀྱི་རྒྱུད་འཛིན་སྤེལ་བའི་སྔགས་པ་ཆེན་པོ། བྱམས་དང་སྙིང་རྗེ་ཆེན་པོས་བལ་བོ་དང་བོད་མི་ཉམས་ཐག་ལ་ཚེ་སྲོག་དང་ཟས་གོས་སྟེར་བའི་སྐྱབས་མགོན་རིན་པོ་ཆེ། དཀའ་སྤྱད་ཆེན་པོས་སྙིང་རྗེ་དང་བྱང་ཆུབ་སེམས་ཞེས་པ་ཁ་ལ་མ་ཁྱེར་བར་དངོས་སུ་ལག་ལེན་གནང་བའི་སྤྲུལ་སྐུ་ཡག་པོ་མཇལ་སོང་། དེ་མིན་དིལ་མཁྱེན་གྱི་ཡང་སྲིད་དང་འབྲུག་བདུད་འཇོམས་དང་གཡུང་ཐང་རིན་པོ་ཆེ་ཟེར་བ་སོགས་བལ་ཡུལ་ས་ཡོམ་སྐབས་དེ་ན་ཡོད་བཞིན་རོགས་དན་སོགས་གང་ཡང་མེད་པར་འབྲུག་ཡུལ་དུ་བྲོས་པ་ཡག་པོ་གཏན་ནས་མཐོང་མ་སོང་།

  2. ཁྱུང་སེ། says:
    2015-05-01 at 8:28 pm

    མི་གསོན་པོ་འདི་ཡང་རྫ་ཚེ་ནང་བཞིན་མང་པོ་ཞིག་བཤད་ནས་དོན་དུ་རང་ཉིད་དྲིལ་བསྒྲགས་པའི་ཆེད་དུ་་མིན་ནམ། གཞན་ཞིག་ལོ་རྒྱུས་བཤད་ཁུལ་བྱས་རང་ཉིད་ཀྱི་ལོ་རྒྱུས་སྒྲོགས་སྟངས་འདི་ཡ་མཚར། ངས་དྲི་བ་བཏོན་ཡིན་མོད་དེ་ལ་ལན་གང་ཡང་མི་འདུག གནས་ཚུལ་འབྲི་དགོས་ན་གནས་སྟངས་ཇི་ཡིན་ཁ་གསལ་དགོས་པ་ལས་པར་རིས་ཙམ་གྱིས་ལ་དག་གི་མ་རེད། འོ་ད་བྱེད་དུས་མཚམས་ལ་བཞུགས་ནས་མཚམས་ཕྲུག་གང་འཚམས་འཁྲུངས་བ་ཡིན་ས་རེད་པདྨ་ཟེར་བ་འདི་བཀའ་རྙིང་གི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་རེད་འདུག

  3. རེ་འབོད says:
    2015-05-01 at 9:22 pm

    བྱ་བ་ལ་ཡི་རངས་ཞུ

  4. རེ་འབོད says:
    2015-05-03 at 5:27 am

    ལར་ནི་བྱ་བ་ལ་ཡི་རངས་ཞུ་ཀྱང་། མི་གསོན་པོ་འདི་ཕྱེད་མི་སྨྱོན་པ་རེད་འདུག ངོ་བསྟོད་དང་འུར་ཤུབ་ཀྱིས་གང་འདུག རི་ཆེ་འཕགས་སྤྲུལ་ཟེར་བ་དང་པོ་སྤྲུལ་སྐུའི་བཟོ་གྲྭས་དངུལ་དང་གཡོ་རྒྱུས་བཟོས་པའི་སྤྲུལ་སྐུ་རྫུན་མ་ལས་རི་ཆེ་འཕགས་མཆོག་སྤྲུལ་སྐུ་རང་གདན་ས་རི་བོ་ཆེ་ལ་ཡོད་པ་རེད། ད་ལྟ་འདི་ནི་དགོན་པས་ངོས་ལེན་མེད་པས་དགོན་ནང་ལ་གཏན་ནས་ཕེབས་མྱོང་མེད་པ་རེད། གཉིས་ནས་སྡོམ་པ་ལོག་སྟོན་པའི་བསླབ་ཁྲིམས་དོར་ནས་མནའ་མ་བླངས་པས་བླ་ལོག་དང་གྲྭ་ལོག་རེད། ད་དུང་སྟོན་པའི་ན་བཟའ་གོ་ནས་དཀོར་ལ་རོལ་ཕྱི་རྒྱལ་མགོ་བསྐོར་བ་རེད།

  5. རེ་འབོད says:
    2015-05-03 at 5:28 am

    ཀ

  6. པདྨ says:
    2015-05-03 at 8:39 am

    བོན་ཁྱུང་སེས་ངར་བདེན་ཁ་སྟེར་བ་ཡག་པོ་རེད། རེ་འབོད་ཟེར་བས་རི་རེ་སྟག་ལུང་སྤྲུལ་སྐུ་ལ་སྐྱོན་བརྗོད་པ་དེ་འཕགས་མཆོག་རིན་པོ་ཆེ་བསྟོད་པ་ལས་སྨད་པ་འགྲོ་མི་ཐུབ། རབ་བྱུང་འགའ་རེས་སྔགས་པ་དང་སྤྲུལ་སྐུ་ལ་ཕག་ཕྲུག་ལྟ་བུ་རེད་ཟེར་ནས་སོ་སོའི་ཕྱོགས་ཀྱི་མགོ་རུལ་བ་སྣ་ཡིས་མ་ཚོར་ནས་ཕྱུག་པོ་དང་མཛེས་མ་ཚོ་མཐོང་དུས་རྒྱལ་བསྟན་བཙོང་བ་རྣམས་ཀྱང་སྡོམ་ཤོར་ལ་ཁྱད་པར་མེད། ཡིན་ན་ཡང་གང་ཟག་ལ་ཁྱད་པར་ཆེན་པོ་ཡོད། དེ་མིན་བུ་མོ་དང་འབྲེལ་མ་འབྲེལ་ཙམ་མིན་པར་སྤྲུལ་སྐུ་ངོས་འཛིན་ནས་མི་ཆོས་བླ་མའི་ཕམ་པ་དང་། ས་ཡ་མང་པོའི་དངུལ་སྒོར་མ་བྱིན་བླངས་ཀྱང་ད་དུང་བླ་ཆེན་ཡིན་འདོགས་དང་། དགེ་བཤེས་བསད་ནས་དགེ་སློང་ཡིན་འདོགས། གྲྭ་ཕྲུག་སྤྱོད་ནས་གྲྭ་ཆས་གྱོན་པ་ཚང་མ་གཅིག་པ་རེད། སྤྱིར་མི་གསོན་པོ་འདིས་རང་ཕྱོགས་ལ་ཐུག་དུས་རྐུ་རྫུན་ཁྲམ་པ་དམ་ཉམས་ཇི་འདྲའི་བལྟས་ངན་ཡིན་རུང་རྡོ་རྗེ་འཆང་དབང་དང་༧རྒྱལ་བ་དོན་གྱི་བདག་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་པ་དག་གི་མིང་བཏགས་རྐྱང་བྱེད་པ་དོལ་ཚོགས་ཀྱི་བཤད་པ་དང་།བོད་རྩོམ་པ་པོ་ཡེ་ཤེས་རྡོ་རྗེས་ཀྲུང་གོའི་གསར་འགྱུར་སོགས་དང་ཁྱད་པར་གཏན་ནས་མཐོང་མ་སོང་།
    ཆོས་ལུགས་ཁ་ཁྱེར་དྲུག་གི་སྒེར་སྐྱོན།
    རྙིང་མ་ཟེར་ནས་མི་ཚངས་སྤྱོད་པ་དང་།།
    བཀའ་བརྒྱུད་ཟེར་ནས་མ་བྱིན་བླངས་མཁན་དང་།།
    ས་སྐྱ་ཟེར་ནས་མི་ཆོས་བླ་རྫུན་དང་།།
    དགེ་ལུགས་ཟེར་ནས་སྲོག་གཅོད་མི་འཛེམས་དང་།།
    ཇོ་ནང་ཟེར་ནས་རྨོངས་པའི་ང་རྒྱལ་ཅན།།
    བོན་པོ་ཟེར་ནས་དུག་ལྔ་སྤྱོད་པ་དག།
    ང་ཡིས་བསམས་ན་འཇིག་རྟེན་ཐ་མར་ལས།།
    གཟན་ཤམས་ཡོད་མེད་ཁྱད་པར་མཐོང་ངོ་།།

  7. ཁྱུང་སེ། says:
    2015-05-03 at 8:58 am

    འོ་པདྨ་ལགས་ང་ལ་བོན་པོ་ཟེར་ནའང་འགྲིག་རྙིང་མ་ཟེར་ནའང་འགྲིག་ཁྱད་པར་མེད། ད་བྱེད་དུས་ཐམས་ཅད་ནས་ལེགས་ཤོས་སྐྱོན་མེད་དེ་མེ་ཏོག་པདྨ་ཁྱེད་རང་ཡིན་ས་རེད། ་་རེད་པས་ཧཧ་པདྨ་ལགས་ཁྱེད་རང་རྒྱལ་བ་ཀརྨ་པར་དེ་འདྲའི་མི་དགའ་དོན་གང་རེད་དམ།

  8. པདྨ says:
    2015-05-03 at 9:31 am

    ཁྱུང་སེ་ལགས། ཁྱེད་ཉིད་སྐུ་ཚེ་རིང་། ངོས་ནས་ཀརྨ་པ་ཟེར་བའི་མིང་ཆེན་པོ་དག་འཛིན་པ་དག་དང་ཁྱེད་ལྟ་བུ་གདོང་མེད་དག་ལ་སྡང་དགོས་དོན་མེད་ལ་ཆགས་དགོས་དོན་ཀྱང་དེ་བས་མེད་མོད། ཡིན་ན་ཡང་ངོས་ཀྱི་གཤིས་ཀ་ནི་རྐུ་རྫུན་ཁྲམ་པའི་གཡོ་འཕྲུལ་ལ་ནམ་ཡང་མགོ་བོ་སྒུར་མྱོང་མེད་པས་ངས་ནམ་རྒྱུན་དུ་བདེན་གཏམ་བཤད་ན་གཞན་ཕོག་སྲིད་པ་ཆོས་ཉིད་ཞིག་རེད་ལགས། མདོར་ན་ལྷག་བསམ་ཁ་ལ་ཁྱེར་རང་འདོད་ཕུག་སུ་བཅོལ་བའི་སི་བོན་དོལ་ལ་ཡིད་ཆེས་ཞིག་གཏན་ནས་མེད་དོ།།

  9. ཁྱུང་སེ། says:
    2015-05-03 at 12:59 pm

    པདྨ་ལགས
    གྷུ་རུ་རིན་པོ་ཆེས་ཆགས་སྡང་སྤོངས་གསུང་འདུག་གམ་མ་སྤོངས་གསུང་འདུག དེ་ལ་ཡག་པོ་བྱེད་དེ་གཟིགས་དང་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme