Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནེའུ་ཡོག་གི་གླེང་རྙོག

Posted on 2015-03-112015-03-11 By ཁ་བརྡ 32 Comments on ནེའུ་ཡོག་གི་གླེང་རྙོག

ཨ་ནུ་ཐང་བསོད་ནམས།

 
གཙོ་བོ་འདིར་ནེའུ་ཡོག་ཁུལ་དུ་བྱང་ཨ་རི་དོན་གཅོད་ཁང་སྒེར་བདག་བྱེད་མཁན་རིན་ཆེན་དར་ལོ་ཚང་གི་མག་པ་ངག་དབང་ཟེར་མཁན་དེ་དང་། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཀྱིལ་གྲོང་པ་ཞིག་དང་། ཆུ་སྒང་ཚོགས་གཙོ་བྲག་གཡབ་བློ་བཟང་། ད་དུང་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་བསམ་བློ་སྒེར་གཅོད་བྱས་ནས་རྒྱ་ནག་ལ་ཕོག་ཐུག་འགྲོ་བྱེད་ཀྱི་འབོད་ཚིག་སྒྲོག་མི་ཆོག་ཟེར་ནས་བཀའ་བཏང་འདུག འོན་ཀྱང་མི་མང་རང་ངོས་ནས་འབོད་ཚིག་སྔར་བཞིན་དུ་ “བོད་རང་བཙན་ཡིན། རྒྱ་མི་བོད་ཕར་རྒྱུགས་ཤིག” ཟེར་བ་སོགས་བསྒྲགས་འདུག འབོད་ཚིག་དེ་དག་གིས་ངག་དབང་ཐར་བའི་སེམས་ལ་ཕོག་ཏེ་ས་གནས་ཉེན་རྟོག་པ་སྐད་བཏང་ནས། བོད་རང་བཙན་ཡིན་ཟེར་བའི་འབོད་ཚིག་སྒྲོག་མཁན་དེ་རྣམས་འཛིན་བཟུང་བྱེད་རོགས་བྱོས་ཟེར་ནས་རེ་སྐུལ་ཞུས་ནའང་། ཉེན་རྟོག་རུ་དཔོན་གྱིས་ངོས་ལེན་བྱས་མི་འདུག་ཅེས་དཔལ་ལྡན་གྱིས་བྲིས་འདུག

ཡང་ཁག་ཅིག་གིས་དབུ་མ་ཚོགས་པའི་གོ་སྒྲིག་པས་རང་བཙན་གྱི་སྐད་འབོད་བྱེད་མཁན་རྣམས་སྐད་འབོད་ལས་ཕྱིར་འབུད་བྱེད་དགོས་པའི་རེ་བ་ཞུས་ཀྱང་། ཨ་རིའི་ཉེན་རྟོག་པས་ཨ་རིའི་ནང་སྨྲ་བརྗོད་རང་དབང་ཡོད་པས་དེ་ལྟར་བྱེད་མི་ཐུབ་ཚུལ་གྱི་ལན་འདེབས་བྱས་འདུག ལན་འདེབས་བྱས་པའི་བརྙན་འཕྲིན་ཡང་ཕྲན་གྱིས་མཐོང་བས་ཕྱིར་འབུད་བྱེད་ཆེད་དུ་ཉེན་རྟོག་པ་ལ་ཞུས་པ་ནི་བདེན་པར་མཐོང་།

གཞོན་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་རང་བཙན་འབོད་ཚིག་སྒྲོག་མཁན་རྣམས་འཛིན་བཟུང་བྱེད་རོགས་ཀྱིས་ཟེར་ནས་ཉེན་རྟོག་རུ་དཔོན་ལ་རེ་བསྐུལ་ཞུས་རྗེས་སུ་བོད་མི་ན་གཞོན་མང་པོ་མཉམ་དུ་ཁ་རྩོད་མང་པོ་བྱས་འདུག་ཅེས་དཔལ་ལྡན་གྱིས་བྲིས་འདུག

གལ་སྲིད་དབུ་མ་བའི་སྒེར་སྤྱོད་པ་དག་གིས་རྒྱབ་རྩ་ཐུག་སྙམ་ནས་ཚོད་མེད་ཀྱི་བྱ་སྤྱོད་ངོམ་པ་ཡིན་ན། ཕྱོགས་གཉིས་ཀར་ཕན་ཐོགས་མེད་ཁར། གནོད་སྐྱོན་དུ་འགྱུར་ཞིང་། མཐའ་མར་རྒྱ་ནག་གི་རྩ་བའི་འདོད་འདུན་བཞིན་བཙན་བྱོལ་སྒྲིག་འཛུགས་བསྡུ་གསོག་རྒྱག་དགོས་པའིི་དུས་ལ་སླེབས་ངེས་རེད།

ཉེན་རྟོག་པས་རང་བཙན་སྒྲོག་མཁན་གྱི་མི་རྣམས་ཀྱི་ཁ་མི་འགོག་ཅིང་། དེ་དོན་ལ་ཐེ་གཏོགས་མི་བྱེད་པ་མ་རྟོགས་པ་ནི་ཅི་འདྲའི་བླུན་རྟགས་ཤིག་ཏུ་འཁུམས། གལ་སྲིད་ཉེན་རྟོག་པས་ཐེ་གཏོགས་བྱས་ཤིང་། འཛིན་བཟུང་སོགས་ཀྱི་གནད་དོན་བྱུང་བ་ཡིན་ན། སྤྱི་དོན་ལ་ཁེ་ཕན་ལས་ལྡོག་སྟེ་གནོད་སྐྱོན་དུ་འགྱུར་ངེས་རེད། ཡིན་ཡང་། ཨ་རི་ནི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས། ཁྲིམས་འགལ་གྱིས་མི་མང་འཛིན་བཟུང་དང་། བཀག་འགོག་མི་བྱེད་ཕྱིན། སྒེར་གཅོད་བཏང་ཆོག་ཆོག་ཅིག་མ་རེད།

སྒེར་སྤྱོད་ཀྱི་ལས་དོན་གཞན་ཞིག་ནི་དེ་སྔོན་ ༢༠༡༡ ལོར་ཝ་ཞིན་གྲོན་གྱི་དུས་དབང་སར། གོ་སྒྲིག་པ་སྐལ་ལྡན་བློ་བྲོས་ཀྱིས་གཞོན་ནུའི་ལས་འགུལ་སྤེལ་རྒྱུ་བཀག་འགོག་བྱས་པ་ལྟ་བུ་ཡིན་པས་ཡིན། བཀག་འགོག་ཅི་ལྟར་བྱས་མིན་ནི་ཁ་བརྡ་དྲ་བ་རུ་འདི་ལྟར་ཏེ། “དུས་དབང་འདིར་ཕྱིན་པའི་འབྲས་བུར། ང་ལ་དྲི་བ་འགའ་འདྲི་བའི་སེམས་ཤུགས་སླེབས་སོང་། རྒྱུ་མཚན་ནི། གསུང་ཆོས་ཀྱི་མགོ་ནས་མཇུག་བར་ལ་རྒྱལ་བ་ཡིད་བཞིན་ནོར་བུས། དུས་རྟག་ཏུ་དཔྱད་པ་བྱེད་པ་འདི་ཆོས་ཀྱི་ཉམས་ལེན་ནང་ནས་གལ་འགངས་ཆེ་ཤོས་དེ་རེད། ཆོས་ཉམས་ལེན་བྱེད་པའི་སྐབས་ལ། ཐོག་མར་ཡང་དཔྱད་པ་བྱེད་པ། བར་ལ་ཡང་དཔྱད་པ་བྱེད་པ། མཐའ་མར་ཡང་དཔྱད་པ་བྱེད་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་ཕང་ཐོབ་པ་བྱེད་དགོས་ཅེས་བཀའ་གསལ་པོ་གནང་སོང་། དེར་བརྟེན་ངས་བཀའ་སློབ་འདི་སྙིང་ལ་བཅངས་ནས་གཤམ་གྱི་དྲི་བ་འདི་དག་འབུལ་བར་བྱེད།

དུས་དབང་གྲ་སྒྲིག་ཚོགས་ཆུང་གིས། གཞོན་ནུའི་ཚོགས་གཙོ་གསུང་ཆོས་ཀྱི་ཁོར་ཡུག་ནས་ཕྱིར་འབུད་བཏང་བ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གཞོན་ནུ་ཚོགས་པས་བཙན་བྱོལ་བོད་གཞུང་ཟེར་བའི་སྟོད་གོས་བཙོང་བར་བརྟེན་ནས་ཡིན་པ་དང་། གསུང་ཚོས་གྲྭ་སྒྲིག་ཚོགས་ཆུང་གི་སྒྲིག་གཞིའི་ནང་ཆབ་སྲིད་ཀྱི་རྣམ་པ་མེད་པ་བྱེད་རྒྱུ་ཡིན་གསུངས་སོང་།”

 

རྡ་ས།

ཚོགས་གཙོ་པ་སངས་ཚེ་རིང་གིས་ད་ལོ་ལས་འགུལ་གོ་སྒྲིག་ནས་ཕྱིར་འཐེན་དགོས་དོན་སྐོར་གསུང་དོན། “ད་ལོ་ང་ཚོས་ཚོགས་འདུ་འཚོགས་སྟེ། ན་ནིང་བཞིན་ལས་འགུལ་སྤེལ་རྒྱུ་ཐག་གཅོད་བྱས་རེད། ཁ་ཉིན་ཚོགས་འདུ་འཚོགས་སྐབས། གཞོན་ལྷན་གྱིས་འབོད་ཚིག་དེ་ང་ཚོས་གཏན་འབེབས་མ་དགོས་པར། མི་མང་གིས་གང་བརྗོད་འདོད་པ་དེ་མི་མང་རང་ལ་བཞག་ན་ཞེས་བསམ་ཚུལ་བཏོན་ནས། མང་གཙོ་ཚོགས་པ་དང་། སློབ་ཕྲུག་ཚོགས་པ་གཉིས་ཀྱིས་དེ་ལ་རྒྱབ་སྐྱོར་བྱས་འདུག དེ་ནས་བུད་མེད་ཚོགས་པས་དེ་ལ་མོས་མཐུན་མ་བྱས་པར་ཕྱིར་འཐེན་བྱས་འདུག
དགུ་བཅུ་གསུམ་གྱི་ཚོགས་གཞོན་ཚོགས་བཅར་བྱས་ཡོད་པས། ཁོང་གིས་ཐག་མ་ཆོད་ནས། ལས་ཁུངས་སུ་ཡོང་བ་དང་། ཕྱི་ཉིན་ཚོགས་གཞོན་དགོངས་ཞུ་ཡིན་པ་ལས། དེ་མིན་རྒྱུན་ལས་ཚང་མ་གོ་བསྡུར་བྱས་རེད། ང་ཚོས་སྔོན་མ་བཞིན་འབོད་ཚིག་གཏན་འབེབས་ཐུབ་ན་ཡག་པོ་འདུག་ཅེས་བསམ་ཚུལ་བཏོན་ཡང་། དེ་མ་བྱུང་ནས། ང་ཚོ་ཡང་གསུམ་དུས་ལས་འགུལ་གོ་སྒྲིག་པའི་ནང་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།”ཅེས་གསུངས་ཤེས་དབང་ཆེན་གྱི་ནང་དུ་བཀོད་འདུག

རྡ་སར་འདོད་པ་མེད་པའི་ཚོགས་པ་ཁག་གཉིས་ཕྱིར་འཐེན་བྱེད་སྟངས་འདི་ནི་ལུགས་མཐུན་དུ་མཐོང་ཡང་། ནེའུ་ཡོག་གི་བྱེད་སྟངས་ནི་སྒེར་གཅོད་དུ་མཐོང་། སྒེར་གཅོད་ཀྱི་ལས་དོན་དེ་ནི་གཞུང་འཛིན་དབུ་མ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་མིན་པ། ས་གནས་མགོ་དཔོན་ཚོས་སྒེར་གཅོད་བྱས་པ་ཞིག་ཏུ་མཐོང་། ཕྱིན་ཆད་འདས་དོན་ལས་ཉམས་མྱོང་བླངས་ཏེ། གོ་སྒྲིག་བྱེད་སྐབས་ནང་ཁུལ་དུ་གོ་ཤེས་ཉན་ཤེས་ཀྱིས་གྲོས་བསྡུར་གནང་རྒྱུ་ལས། འདོད་པ་ཡོད་མེད་ལ་མ་ལྟོས་པར་བཙན་དབང་བྱས་ན། འགལ་ཟླ་ཆེ་རུ་བཏང་བྱེད་དང་། མང་ཚོགས་ཀྱི་སེམས་ཁམས་དཀྲུགས་བྱེད། མི་མང་འཐོམས་སུ་འཇུག་བྱེད་ལས་གཞན་དུ་མ་མཐོང་།

གང་ལྟར་ནེའུ་ཡོག་དང་། རྡ་སའི་རྙོག་གླེང་ཅུང་ཙམ་ལས་འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་གི་ནང་དུ་སུམ་ཅུའི་དུས་དྲན ༥༦ སྲུང་བརྩི་ཡག་པོ་བྱུང་འདུག་ལ། བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་མང་པོ་སྐད་འབོད་དུ་མཉམ་ཞུགས་གནང་ཏེ་གཟི་བརྗིད་ལྡན་པའི་ངང་བརྩི་སྲུང་བྱས་འདུག།

བསམ་ཚུལ།

Post navigation

Previous Post: བོད་པ་ཚོ། གཟབ་གཟབ་གནང་ཨ།
Next Post: ཁྱེད་ཚོས་ལྟད་མོ་བསྟན་འདུག

Comments (32) on “ནེའུ་ཡོག་གི་གླེང་རྙོག”

  1. དྲན་དཀར་དཔལ་ཡོན་ says:
    2015-03-11 at 3:21 pm

    ད་རིང་ཏང་གི་གྲྭ་བས་ཡག་པོ་བཤད་འདུག འགག་རྩར་གཏུག་ན་རྒྱ་མིའི་རྟགས་མི་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-11 at 3:51 pm

    ་་་་་་་་་་་་་་་་་་་ རྒྱ་ནག་ལ་ཕོག་ཐུག་འགྲོ་བྱེད་ཀྱི་འབོད་ཚིག་སྒྲོག་མི་ཆོག་ཟེར་ནས་བཀའ་བཏང་འདུག འོན་ཀྱང་མི་མང་རང་ངོས་ནས་འབོད་ཚིག་སྔར་བཞིན་དུ་ “བོད་རང་བཙན་ཡིན། རྒྱ་མི་བོད་ཕར་རྒྱུགས་ཤིག” ཟེར་བ་སོགས་བསྒྲགས་འདུག འབོད་ཚིག་དེ་དག་གིས་ངག་དབང་ཐར་བའི་སེམས་ལ་ཕོག་ཏེ་ས་གནས་ཉེན་རྟོག་པ་སྐད་བཏང་ནས། བོད་རང་བཙན་ཡིན་ཟེར་བའི་འབོད་ཚིག་སྒྲོག་མཁན་དེ་རྣམས་འཛིན་བཟུང་བྱེད་རོགས་བྱོས་ཟེར་ནས་རེ་སྐུལ་ཞུས་ནའང་། ཉེན་རྟོག་རུ་དཔོན་གྱིས་ངོས་ལེན་བྱས་མི་འདུག་ཅེས་དཔལ་ལྡན་གྱིས་བྲིས་འདུག ་་་་་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-11 at 3:55 pm

    ་་་་་་་་་་་་་ ཁ་ཉིན་ཚོགས་འདུ་འཚོགས་སྐབས། གཞོན་ལྷན་གྱིས་འབོད་ཚིག་དེ་ང་ཚོས་གཏན་འབེབས་མ་དགོས་པར། མི་མང་གིས་གང་བརྗོད་འདོད་པ་དེ་མི་མང་རང་ལ་བཞག་ན་ཞེས་བསམ་ཚུལ་བཏོན་ནས། མང་གཙོ་ཚོགས་པ་དང་། སློབ་ཕྲུག་ཚོགས་པ་གཉིས་ཀྱིས་དེ་ལ་རྒྱབ་སྐྱོར་བྱས་འདུག དེ་ནས་བུད་མེད་ཚོགས་པས་དེ་ལ་མོས་མཐུན་མ་བྱས་པར་ཕྱིར་འཐེན་བྱས་འདུག ་་་་་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-11 at 3:56 pm

    ་་་་་་་་་་་་་་ གང་ལྟར་ནེའུ་ཡོག་དང་། རྡ་སའི་རྙོག་གླེང་ཅུང་ཙམ་ལས་འཛམ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་གི་ནང་དུ་སུམ་ཅུའི་དུས་དྲན ༥༦ སྲུང་བརྩི་ཡག་པོ་བྱུང་འདུག་ལ། བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་མང་པོ་སྐད་འབོད་དུ་མཉམ་ཞུགས་གནང་ཏེ་གཟི་བརྗིད་ལྡན་པའི་ངང་བརྩི་སྲུང་བྱས་འདུག། ་་་་་་་་་་་་

  5. ལྷ་སྡེ་གནམ་ལོ་ཡག says:
    2015-03-11 at 10:36 pm

    ཨ་ནུ་ལགས་ལ་ཐུགས་རྗེ་ཆེ། ཉིད་ཀྱིས་ལོ་རྒྱུས་ངོ་མ་ཞིག་གི་ངོ་གདོང་བཤམས་འདུག ད་ཚང་མས་དོན་རྐྱེན་འདི་དག་གི་རྒྱབ་ལོགས་སུ་ཡིབ་པའི་ཡུ་རོབ་དངུལ་ལོ་མང་པོའི་ལས་གཞི་ཁག་ཀྱང་མ་བརྗེད་པ་གནང་རོགས། ཐ་ན་གཟུགས་མེད་སྦྱར་མཆན་འགོད་མཁན་རྣམས་ཀྱང་ལས་གཞི་དེ་དག་གི་ཆ་ཤས་ཡིན་ཚུལ་གསུངས་མཁན་འདུག

  6. གཡུ་བྲག་པ། says:
    2015-03-11 at 11:42 pm

    སེམས་སྐྱོ་དགོས་པའི་གནས་ཞིག་རེད།

  7. ཀརྨ་བློ་གསལ་ says:
    2015-03-12 at 12:38 am

    ས་གཞོན་ཚོགས་གཙོ་ངག་དབང་བསྟན་པ། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཀྱིལ་གྲོང་པ་བསོད་ནམས་རྒྱ་མཚོ། ཆུ་སྒང་ཚོགས་གཙོ་བྲག་གཡབ་བློ་བཟང་། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་རྗེ་བཙུན་འཆི་མེད་བཅས་རེད།

    འདི་དག་གི་ནང་ནས་འཆི་མེད་ལགས་མ་གཏོགས་དབུས་ལས་ཁུངས་ནས་བཀའ་ཁྱབ་འཁུར་དགོས་མཁན་མེད་པས། ལམ་དབུ་མ་ཁ་ལ་ཁྱེར་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་དངུལ་དངོས་བརྒྱུད་ནས་ཟ་མཁན་ཡིན་སྲིད། ནང་སྒོས་ངག་དབང་ལགས་རིན་ཆེན་དར་ལོའི་བུ་མོའི་མག་པ་ཡིན་ཚེ་རིན་དར་ཅན་གྱི་ལག་ཆར་བེད་སྤྱོད་བཏང་ཡོད་ངེས། རིན་དར་འདི་དངུལ་དངོས་ལས་བསམ་རྒྱུ་མེད་མཁན་ཞིག་དང་། སྔར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་སྐབས་རིན་དར་གྱིས་བོད་ཀྱི་ཁང་པའི་མཚོན་པའི་གཞུང་རྒྱུ་་སྒེར་ངོས་བསྒྱུར་བར་ངོ་རྒོལ་བྱེད་མ་ཐུབ་པས། རིན་པོ་ཆེ་ཡི་རྐང་པ་ཡ་གཅིག་ཨ་སྒོར་ནང་ཟུག་འདུག་ཅེས་པའི་མཚན་བསྟོད་རེག་མྱོང་པ་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-12 at 12:46 am

    བོད་པས། བོད་ཀྱི་འབོད་སྒྲ་སྒྲོགས།
    དབུས་ལམ་པས། དབུས་ལམ་གྱི་འབདོ་སྒྲ་སྒྲོགས།
    རང་བཙན་པས། རང་བཙན་གྱི་འབོད་སྒྲ་སྒྲོགས།
    གང་གིས་གང་ལ་ཕན་དང་། སུ་ལ་ཕན་དང་། སུ་ལ་གནོད་རྗེས་སུ་ཤེས་སུ་རྒྱུ། དེ་དུས་འགྱོདཔ་སྐཡེས་་སོང་ན། རང་ཤི་བརྒྱབ་རྒྱུ་ལས། མ་འདས་པ་རེད། ཧ་ཧ། ཕྱེད་ཀུ་རེ་ཡིན་གདའ།། །།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-03-12 at 1:07 am

    རྟ་མགྲིན་གྱིས།
    https://www.youtube.com/watch?v=_8FCaHnN6Ck&t=110

  10. ཅོ་རི་ཉི་མ། says:
    2015-03-12 at 3:50 am

    གསུམ་བཅུའི་དུས་དྲན་གྱི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིང་ཅེན་ཕིང་གི་དཔར་ཁུར་ནས་སྲུང་བརྩི་ཞུས་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན། རང་བཙན་དགོས་ཅེས་འབོད་མཁན་ཚོ་ཉེན་རྟོག་པས་འཛིན་བཟུང་བྱེད་དགོས་པའི་རེ་བ་ཞུས་པ་སོགས་གོ་འོང་དུས་རིག་གནས་གསར་བརྗེ་སྐབས་ཀྱི་བོད་ནང་གི་གནས་སྟངས་དྲན་གསོ་ཞིག་བྱས་བྱུང་།

    རིག་གསར་གྱི་སྐབས་སུ་མའོ་ཀྲུང་ཞིའི་ཡི་དཔར་ཆེན་པོ་ཞིག་བཤམས། གསུང་རྩོམ་དེབ་དམར་རེ་ལག་ཏུ་ཁུར། དེ་ནས་རྒྱ་དཔོན་ཚོས་འཚོགས་འདུས་ནང་དུ་གཏམ་བཤད་ཀྱི་རེད། ཁ་བྲལ་རིང་ལུགས་པ་དང་གསར་བརྗེའི་ངོ་ལོག་པ་ལ་རྡུང་རྡེག་བཏང་བཅུག་གི་རེད། དེར་དུས་བོད་པས་བོད་པ་ལ་ཁ་བྲལ་རིང་ལུགས་པ་དང་གསར་བརྗེའི་ངོ་ལོག་པ་རེད་ཟེར་ནས་རྡུང་རྡེག་བཏང་བསྡད་ཀྱི་ཡོད་པ་ང་རང་རང་གིས་མཐོང་མྱངས་ཡོད།

    སྐབས་དེར་དུས་མའོ་ཀྲུང་ཞིའི་བརླབས་ཆེན་ཡིན་རབས་དང་། སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་རབས། མ་རྩ་རིང་ལུགས་དང་ཁ་བྲལ་རིང་ལུགས་སྡུག་སྐྱ་ཡིན་རབས་ཤ་སྟག་འཚོགས་ཐོག་ཏུ་བཤད་དགོས་ཀྱི་རེད། འཐབ་རྩོད་བཏང་གི་རེད། སློབ་མས་བླ་མར་རྡུངས་ཀྱིན་རེད། གཡོག་པོས་རྒྱུ་བདག་རྡུངས་ཀྱི་རེད། དགེ་ཕྲུག་གིས་དགེ་རྒན་རྡུངས་ཀྱི་རེད། ཕྲུ་གུས་ཕ་མ་རྡུངས་མྱངས་བ་རེད། རྒྱ་གཞུང་གིས་དེ་འདྲ་བྱས་བཅུག་མྱངས་བ་རེད། རྡུང་རྡེག་བཏང་དོན་ཁ་བྲལ་བ་རེད་ཟེར་བ་དང་། གསར་བརྗེའི་ངོ་ལོག་པ་རེད་ཟེར་ནས་རྡུང་རྡེག་བཏང་གི་རེད།

    རྒྱ་གུན་ཁྲན་གྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་པས་བོད་པ་ལ་རྡུང་རྡེག་བཏང་བཅུག་པ་རེད། ཁ་བྲལ་རིང་ལུགས་པ་ཟེར་ནའང་འདྲ། བོད་རང་བཙན་པ་ཟེར་ནའང་རེད། བོད་མི་རང་བཙན་འདོད་ཚོ་ལ་རྡུང་རྡེག་བཏང་དང་གཏོང་བཞིན་པ་རེད།

    དེང་སང་བཙན་བྱོལ་ནང་དུ་བསླེབས་ཡོང་གི་ཡོད་རེད། ཁ་བྲལ་རིང་ལུགས་པ་ཚོ་ཉེན་རྟོག་པས་འཛིན་བཟུང་བྱོས་ཟེར་གི་ཡོད་རེད། མུ་མཐུད་ནས་འགལ་ཟླ་འདི་ཛ་དྲག་ཆེ་རེ་འགྲོ་གི་རེད། རྒྱ་གཞུང་གི་རྒྱུགས་ཁྱི་དབུ་མའི་ལམ་པ་བ་ཚོས་བོད་རང་བཙན་འདོད་མཁན་ཚོ་ལ་ནུས་ཤུགས་གང་ཡོད་ཀྱི་ཐོག་ནས་རྩ་མེད་བཟོ་ཐབས་དང་། རང་བཙན་དོར་ཐབས་བྱེད་ཀིན་རེད།

    གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་གྲོགས་ཚོགས་པ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་གསུམ་གནས་སྐབས་རིང་རྙོག་གྲ་དེ་ཙམ་མེད་ནས་ལྷག་ཡོད་པ་འདི་དོལ་རྒྱལ་ཚོགས་པའི་བཀའ་དྲིན་རེད་འདོད། དོལ་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་པོ་བྱས་འོང་དུས་དོལ་ཚོགས་ཀྱི་ཁ་གཏད་བཅག་གང་ཐུབ་བྱེད་བཞིན་ཡོད་རེད།

    གཞོན་ནུ་སོགས་ཚོགས་པ་གསུམ་པོ་ལ་ཁ་གཏད་བཅག་དགོས་ན་མི་ཡིས་འདང་གི་མེད་པ་རེད། གཞོན་ལྷན་བེད་སྤྱོད་ནས་དོལ་ཚོགས་ལ་རྒོལ་དགོས་ཀྱི་ཡོད་རེད། གལ་སྲིད་དོལ་ཚོགས་ཤུགས་ཆེན་པོ་འདི་འདྲ་ཞིག་མེད་ན་གཞོན་ནུ་དང་རང་བཙན་ལྷན་ཚོགས་སོགས་ཐར་པའི་ལམ་དུ་གཏོང་གི་མ་རེད་འདོད།

    དབུ་མའི་ལམ་ཚང་ལ་ཇུས་གཅིག་ཡོད་པ་ནི་བོད་པས་བོད་པ་གཏོར་ཡ་རེད། གཞོན་ནུས་གཞོན་ནུ་གཏོར་ཡ། ཆུ་སྒང་གིས་ཆུ་སྒང་གཏོར་ཡ། དགེ་ལུགས་པས་དགེ་ལུགས་པ་གཏོར་ཡ། ཐབས་ཇུས་འདི་བེད་སྤྱོད་ནས་ལོ་མང་པོ་རེད། ཀླ་དམག་སྒར་གཏོར་དུས་ནས་འགོ་བཙུགས་ཡོད་རེད།

  11. ཅོ་རི་ཉི་མ། says:
    2015-03-12 at 3:59 am

    བོད་རང་བཙན་དང་ལམ་དབུ་མའི་བར་གྱི་འགལ་ཟླ་འདི་ནི་ཞེད་སྣང་ཚ་ཤོས་ཀྱི་འགལ་ཟླ་རེད། བོད་རང་བཙན་གྱི་ཆེད་དུ་བོད་མི་ཁྲི་ཕྲག་མང་པོས་སྲོག་བློས་བཏང་ཚར་བ་རེད། བོད་རང་བཙན་གྱི་འཐབ་རྩོད་རྩ་མེད་བཟོ་དགོས་ན་ལས་སླ་མོ་མ་རེད། དོལ་རྒྱལ་བཀག་པ་ལ་དཀའ་ལས་ག་ཚོད་མི་འདུག་གམ། བཀག་ཐུབ་ཐབས་མི་འདུག་ག

    ངས་བསམ་ཚུལ་བྱས་ན་བོད་མི་ཚོད་ལྡན་རྣམས་ཀྱིས་བོད་རང་བཙན་དང་བོད་རྒྱལ་ཁབ་དུས་ནམ་ཡང་བློས་གཏོང་གི་མ་རེད་འདོད། བོད་རང་བཙན་དང་བོད་རྒྱལ་ཁབ་ལ་དགའ་བའི་བོད་མི་ཚོས་ཐུགས་བསམ་ཡག་པོ་བཞེས་རོགས་བྱོས། དཀའ་ངལ་ལ་གདོང་ལེན་བྱེད་སྟངས་ཀྱི་སྐོར་དུ་ཐུགས་བསམ་མང་ཙམ་བཞེས་རོགས་བྱོས་ཅེས་རེ་འབོད་བྱེད་བཞིན་ཡོད།

  12. དྲན་དཀར་དཔལ་ཡོན་ says:
    2015-03-12 at 7:31 am

    ལི་ཐང་རྒྱ་མཚོས་སྐད་ཆ་ཤུགས་ཆེན་པོ་བཤད་འདུག་ཀྱང་། ངའི་ལྟར་ན་སྙིང་པོ་གང་ཡང་མི་འདུག རྒྱུ་མཚན་འདི་ཡིན།

    དོན་དམ་པར་རང་བཙན་རྩོད་མཁན་གྱི་མི་ཚད་ལྡན་ཞིག་ཡིན་ན། ཚད་མཐོའི་རང་སྐྱོང་མ་ཐོབ་པར་རང་བཙན་ཡོང་ཡ་རྩ་ནས་མེད་པ་མཁྱེན་གྱི་རེད། བྱིས་པ་གཅིག་ལོ་དགུ་ལ་མ་སླེབས་པར་ལོ་བཅུར་སོན་པ་ཞིག་གང་དུ་འདུག ལྐུགས་པ་མིན་པ་ཚང་མས་མཁྱེན་གྱི་རེད། གཅིག་བྱོས།ུ
    བཅོ་ལྔའི་ཟླ་བ་ལྟ་བའི་ཚད་མཐོའི་རང་སྐྱོང་ཞིག་འཐོབ་པ་ཡིན་ན་བཅུ་དྲུག་གི་ཟླ་བར་སུས་ཀྱང་རེ་བ་བྱེད་ཀྱི་མ་རེད། ནམ་ཡིན་ཡང་བཅོ་ལྔའི་ཟླ་བ་བཅུ་བཞིའི་ཟླ་བའི་རྗེས་ལ་འཆར་ཀྱི་ཡོད། དབུ་རང་གི་རེ་འདུན་བཅོ་ལྔ་དང་བཅུ་དྲུག་གི་ཟླ་བ་རེད་ཅེས་ངས་ངེས་ཤེས་རྙེད་ཀྱི་མི་འདུག་མོད། ནམ་ཡིན་ཡང་གོ་རིམ་ཡོད་རེད། གཉིས་བྱོས།

    ནེའུ་ཡོག་གི་རྙོག་ཁྲ་ནི་སྐད་རྒྱག་སའི་ས་ཆ་སོ་སོ་བ་མ་རྙེད་པར་ས་ཆ་གཅིག་ཏུ་གཞུང་གི་འབོད་སྒྲ་དང་། ཚོགས་པའི་འབོད་སྒྲ་བསྲེས་བཞག་པའི་དཀའ་ངལ་རེད། མཚན་ཉིད་རིག་པ་ལྟར་ན་འདི་ལ་མུ་བཞི་ཡོད་རེད། རྒྱ་མི་ནམ་གནས་ཀྱི་བར་དུ་ང་ཚོས་དགྲ་ཤ་རྩོད་ཡིན་ཅེས་གཞོན་ནུས་འབོད་ནུས་ཀྱི་མེད། རྒྱ་ནག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བཀག་སྡོམ་བྱེད་བགྱིད་མཚམས་ཞོག་ཅེས། འདི་ལྟ་བུ་གཞུང་དང་ཚོགས་པ་གཞོན་ནུ་སོགས་ཀྱི་ཐུན་མོང་བ་ཡིན་པས་བསྒྲགས་དགོས་ངེས་ཡིན། འོན་ཀྱང་ར་མ་འཕྲོད་པ་ཞིག་ལ་གཞུང་སྒེར་མཉམ་འབྲེལ་གྱི་འབོད་སྒྲར་གཉིས་ཀའི་འདུན་པ་ཡོད་པའི་འབོད་སྒྲ་དགོས་ཀྱི་རེད། ང་ཚོས་རྒྱ་ནག་ལ་ཤ་འཁོན་རྩོད་ཀྱི་ཡིན་ཅེས་རང་བཙན་འཐབ་རྩོད་པ་ཚོས་ཀྱང་བསྒྲགས་ཀྱི་མི་འདུག་ག གཞུང་གི་འབོད་སྒྲར་སྒེར་བས་སྟངས་འཛིན་བྱ་མི་རུང་།
    གཞུང་གིས་རྒྱ་ནག་གིས་བོད་ལ་རང་དབང་སྤྲོད་དགོས་ཟེར་གི་ཡོད། བརྙན་ཐུང་ལེན་མཁན་དེས་ང་ཚོར་ས་གནས་མགོ་འཛིན་ཀྱི་རང་དབང་སྤྲད་དགོས་ཟེར་བའི་རྙོག་ཁྲ་དེ་རེད། འབོད་སྒྲ་དཀྲུག་དཀྲུག་གཏོང་བའི་རྙོག་ཁྲ་རེད་ཡ།

  13. ཅོ་རི་ཉི་མ། says:
    2015-03-12 at 7:44 am

    ཏང་ཕྲུག་ཁྱོད་ཀྱིས་ལི་ཐང་རྒྱ་མཚོས་ཚིག་གཅིག་བཤད་མེད་པ་ལ་ལི་ཐང་རྒྱ་མཚོས་སྐད་ཤུགས་ཆེན་པོ་བརྒྱབ་འདུག་ཟེར་བ་འདི་རྒྱལ་བཙོང་བའི་བྱ་སྤྱོད་རེད། བོད་རང་བཙན་ཟེར་ནས་སྐད་འབོད་ཙམ་བྱེད་མ་ཆོག་པའི་རང་སྐྱོང་བཤད་མཁན་ཚོ་ལ་རང་བཙན་ཅོ་ལྔའི་དུང་ཟླ་མི་དགོས་གསལ་པོ་རེད་བ། རྩ་ཁྲིམས་ཤར་སྤྲིན་དམར་པོའི་འོག་ཏུ་རང་དབང་ཅོ་ལྔའི་དུང་ཟླ་ཤར་ས་ཤིག་མེད་པ་དེ་ལས་གསལ་པོ་གསལ་རྐྱང་རེད་གདའ།

  14. ཅོ་རི་ཉི་མ། says:
    2015-03-12 at 7:50 am

    བོད་ཆེན་པོ་རྒྱལ་ཁབ་ཀྱི་རང་དབང་རང་བཙན་གྱི་ཐོབ་ཐང་བརྩད་ཀྱི་ཡོད་ལས་དགྲ་ཤ་བརྩད་ཀྱི་ཡོད་པ་མ་རེད། དེར་ཏང་ཕྲུག་ཁྱོད་ཀྱིས་ཤེས་དགོས་ལེ་རེད། བོད་ཆེན་པོའི་རྒྱལ་ཁབ་འདི་གུན་ཁྲན་ཏང་གིས་བཙན་འཕྲོག་བཟོས་པ་དེར་ཕྱིར་སྤྲོད་དགོས་ཀྱི་ཡོད་ཟེར་བ་ལས་བོད་ས་ཡ་དམར་གསོད་བྱས་པའི་ཤ་ལེན་དགོས་ཟེར་གྱི་ཡོད་པ་མ་རེད། དེར་རྒྱལ་བཙོང་བ་ཚོས་ཤེས་དགོས་ཀྱི་འདུག་ག

  15. དྲན་དཀར་དཔལ་ཡོན་ says:
    2015-03-12 at 8:27 am

    ཁྱེད་ཉིད་རྒྱལ་བཙོང་བ་མ་རེད། རྒྱལ་ཁབ་བཙོང་བ་མ་རེད་གུང་ཁྲན་ཀྱིས་འཕྲོག་བཅོམ་བྱས་པའི་རེད། མི་ན་ཡིན་གྱི་བྲན་གཡོག ཏང་ཕྲུག་ལ་གོ་ཏོབ་གཡོག་ཕྱིར་དུ་བརྫིས་པ་དེ་ཡིན་པ།

  16. དྲན་དཀར་དཔལ་ཡོན་ says:
    2015-03-12 at 8:44 am

    ངས་རྒྱ་ཕོག་ཟ་འི་མེད་པས་ལས་ཀར་འགྲོ་དགོས་ཡོད། མི་མ་ཡིན་གྱི་བྲན་གཡོག་ལྷ་མེད་སྨྲ་བའི་བརྟུལ་ཞུགས་ཅན་གྱི་ང་དང་འགྲན་ཐབས་བགྱིས་ན་སྟོང་པ་ཡིན།

  17. དྲི་མེད་ལྷག་བསམ། says:
    2015-03-12 at 10:40 am

    གྲོགས་པོ་རྣམས་རྒྱུ་མཚན་ལྡན་པའི་རྩོད་པ་གྱིས། ཁྱོད་ཅག་ཕྱོགས་སུ་ཞིག་ཡིན་ཡང་དེའི་ལྷག་བསམ་ལ་ཐེ་ཚོམ་མ་བྱེད། ཁག་ངན་མ་འགེལ། ཞྭ་ནག་མ་གཡོགས། ཐབས་ལམ་སོ་སོའི་འཚོལ་བ་དེ་གྱིས། དམིགས་ཡུལ་གཅིག་ཡིན་པ་ཤེས་པར་གྱིས། དགེ་འདུན་ཆོས་འཔེལ་གྱིས། མི་མཐུན་ལམ་གྱི་སུམ་མདོར་གྱེས་པ་དེ། །ལམ་གསུམ་མཐའ་ནས་སླར་ཡང་ཐུག་པར་མཆི། །ཞེས་པ་ལྟར་རོ། །སྔར་ཞུས་ལྟར། ༡༽ལྟ་བ་དང་ཐབས་ལམ་ཐད་རྩོད་པ་བྱེད་པ་དམངས་གཙོ་སྤྱིའི་འགྲོ་སྟངས་རེད། རྩ་བ་བོད་དོན་གཅིག་ཏུ་མཐུན་ཞིང་ཐབས་ལམ་མི་འདྲ་བར་རྩོད་པ་བྱས་ཀྱངའཁོན་འཛིན་མི་བྱ་བར་མཐར་མཐུན་སྒྲིལ་གྱི་ལམ་ལས་བྱ་བ་འགྲུབ་པར་བྱེད་པ་དམངས་གཙོའི་ཡོན་ཏན་དང་འགན་ཁུར་རེད། ༢༽ཕྱོགས་གཉིས་གྲོས་མོལ་མགོ་བརྩམས་ཀྱང་ཐག་གཅོད་མ་བྱུང་བར་ངོ་རྒོལ་དགོས་པའང་འགྲོ་སྟངས་དང་ཐོབ་ཐང་རེད། དཔེར་ན་ཆུ་ཚོད་དང་པོར་མཐུན་སྒྲིལ་ཐག་གཅོད་ས་རྟགས་བཀོད་དགོས་པ་ཡིན་ན། ཆུ་ཚོད་དང་པོའི་ཅོང་བརྡ་མ་གྲགས་པར་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས། མཐུན་སྒྲིལ་གྱི་ལམ་ལ་འགྲོ་དགོས་པས་ངོ་རྒོལ་མི་རུང་བ་གཏན་ནས་མེད། མ་བྱས་ན་རང་གི་ཐོབ་ཐང་རྩིས་མེད་བཏང་བ་རེད། ཆུ་ཚོད་ལ་སླེབས་པའི་ཅོང་བརྡ་གྲགས་འཕྲལ་འདས་པའི་སྙོག་མ་མི་སློང་བར་མདུན་ལམ་གྱི་དཀར་འོད་དེད་ནས་མཐུན་སྒྲིལ་གྱི་ཐབས་ལ་བརྩོན་དགོས། ༣༽ཁྱབ་བསྒྲག་ལ་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བ་ལས་དམག་དོན་གྱི་འཐབ་ཕྱོགས་གཙོ་བོར་འཛིན་དགོས། དེ་ལྟར་བྱས་ན་གཞུང་སྒེར་ལ་ནང་ནས་སྐྱོན་བརྗོད་ལས་ཕྱི་ལ་དེ་ཙམ་མ་བསྒྲག་ན་བཟང་། སྐབས་རེར་ཕྱིའི་རྣམ་པ་འགལ་ཞིང་ནང་དུ་གྲོས་མཐུན་ཡོད་པའི་ཐབས་ལམ་གཉེར་དགོས་པའང་དམིགས་བསལ་ལོ། ། རྒན་པོ་ཤེས་མེད། ཆབ་སྲིད་ལ་རྒྱུས་མེད་ཞིག་གི་འཆལ་གཏམ་མོ། །

  18. ཨ་ནུ་ཐང་བསོད་ནམས། says:
    2015-03-12 at 12:19 pm

    གནས་ཚུལ་བྱུང་བ་དོན་ངོས་ཡིན་པས་དོན་དངོས་དཔང་རྟགས་དང་ལྷན་དུ་སྒྲོག་ཅིང་། ནོར་འཁྲུལ་ལས་ཉམས་མྱོང་ལེན་དགོས་བ་ལས་གསང་བ་བྱ་མི་རུང་། བྱས་བ་ཡིན་ན། དེ་ལས་ལྡོག་སྟེ་མ་འོངས་བར་ལོག་འགྲེལ་མང་པོ་ཡོང་ཤིང་། སོ་སོའི་དགོས་བ་དང་། འདོད་མོས་དང་མཐུན་པའི་བཤད་རྒྱུན་མི་འདྲ་བ་མང་དུ་འབྱུང་བས་མི་མང་འཐོམས་སུ་བཅུག་ཅིང་། རྨོངས་འོག་ནས་མི་མང་ཆབ་སྲིད་པ་དང་། ཚོགས་པ་ག་གེ་མོ་ཡི་ལག་ཆར་ཆགས་ཏེ་སྤྱི་ཚོགས་ནང་དཀའ་ངལ་བཟོ་ངེས་རེད། ཡིན་ཏེ། རྫུན་གཏམ་དང་། ལོག་འགྲེལ་བྱས་ན་སུ་ཡིན་ཡང་མི་མོས་བས་ང་བདེན་ཁོ་རྫུན་གྱི་རྩོད་པ་བྱས་ནས་བོད་མིའི་ནང་ཁུལ་དུ་འགལ་བ་འགྲོ་བྱེད་དུ་འགྱུར་ངེས་རེད། དེ་བརྟེན། གསང་བ་བྱེད་མི་འོས།

    སྔོན་ཆད་བོད་མི་ནང་ཁུལ་དུ་འཁྲུག་རྩོད་སླེབས་སྐབས་ཞབས་འདྲེན་རེད་སྙམ་ནས་གསང་བ་བྱས་བའི་ཉེར་ལེན་གྱིས་ད་ལྟ་བོད་ཀྱི་འདས་དོན་མང་པོ་ཞིག་ཡག་པོ་མཐོང་དཀའ་ཞིང་། སོ་སོར་མཐུན་པའི་ལོག་འགྲེལ་གྱི་ལོ་རྒྱུས་དུ་མ་བྱུང་བས། ལོ་རྒྱུས་ལས་སླབ་བྱ་ལེན་རྒྱུའི་ཚབ་ཏུ་བོད་མི་རྨོངས་བྱེད་དང་། ་ནང་ཁུལ་དུ་རྙིང་ནད་སློང་བྱེད་དུ་ཆགས་བཞིན་ཡོད།

    བདེན་དོན་བཤད་རྒྱུ་ལ་ཞེད་ན་དེ་ལས་ལྡོག་སྟེ་རྫུན་གཏམ་མང་པོ་ཡོང་ཞིང་། རྫུན་གཏམ་གྱི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་མིའི་དོན་དངོས་མི་རྙེད་པས་རྨོངས་དབང་གིས་དོན་མེད་ཀྱི་རྙོགས་དྲ་མང་དུ་བཟོ་ངེས་རེད། དེ་བརྟེན། དོན་དངོས་སྨྲ་རྒྱུར་ཞེད་མི་ཉན། སུ་ལ་བདེན་པ་དང་ཉེས་བ་ཡོད་མེད་ངེས་བར་དུ་ཞིབ་འཇུག་བྱེད་དགོས་ཤིང་། དེ་ལྟར་བྱས་བ་ཡིན་ན། མི་རིགས་དེའི་བསམ་བློའི་གནས་ཚད་དང་། གོ་རྟོགས་མཐོ་རུ་བཏང་བར་ཕོགས་ཐོགས་བླ་མེད་ཀྱི་ཡོད།

    སྤྱི་ཚོགས་གང་ཞིག་ཡིན་ཡང་རྙོགས་དྲ་ཡོད་ཅིང་། ནག་ཉེས་དང་། ནོར་འཁྲུལ་གསག་མཁན་གྱི་མི་ཡོད་པས། ཉེས་ཅན་དང་ནག་ཉེས་ཕྱི་རུ་བཏོན་རྒྱུར་ཞེད་སྣང་སྐྱེས་མི་འོས། གལ་སྲིད་སྐྱེས་བ་ཡིན་ན། ཉེས་ཅན་ལ་རྒྱབ་སྐྱོར་བྱས་བ་ཆགས་པས་མ་འོངས་བར་ཉེས་ཅན་པ་མང་དུ་འབྱུང་མ་ཟད། དྲང་བདེན་གྱི་སྤྱི་ཚོགས་ཤིག་ཡོང་འགོག་རྐྱེན་འཕྲད་ངེས་རེད། དེ་བརྟེན། བདེན་པ་བརྗོད་རྒྱུར་འཇིགས་མི་འོས།

  19. ཚེ་བཀྲ། says:
    2015-03-12 at 1:16 pm

    ” གལ་སྲིད་དབུ་མ་བའི་སྒེར་སྤྱོད་པ་དག་གིས་རྒྱབ་རྩ་ཐུག་སྙམ་ནས་ཚོད་མེད་ཀྱི་བྱ་སྤྱོད་ངོམ་པ་ཡིན་ན། ཕྱོགས་གཉིས་ཀར་ཕན་ཐོགས་མེད་ཁར། གནོད་སྐྱོན་དུ་འགྱུར་ཞིང་། མཐའ་མར་རྒྱ་ནག་གི་རྩ་བའི་འདོད་འདུན་བཞིན་བཙན་བྱོལ་སྒྲིག་འཛུགས་བསྡུ་གསོག་རྒྱག་དགོས་པའིི་དུས་ལ་སླེབས་ངེས་རེད།”
    ཨ་ནུ་ཐང་བསོད་ནམས་ཟེར་བས་དེ་ལྟར་བྲིས་འདུག་པ་བྱིས་པའི་ཅོལ་ཆུང་གི་སྐད་ཆ་ཞིག་རེད། ཨ་རི་རང་དབང་ལུང་པའི་ནང་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་ས་ཞིག་དང་། དེར་ཡོད་བོད་མི་ཨ་རི་བ་ལུང་པ་ཡོད་མཁན་ཁག་ཅིག་གིས་ལྟ་བ་མཐུན་དང་མི་མཐུན་པ་གནས་ཚུལ་ཆུང་ཙག་གཅིག་གིས་བོད་ཀྱི་རྩ་དོན་གྱི་རྨང་གཞི་བོད་མིའི་སྒྲིག་འཛུགས་བསྡུ་གསོག་རྒྱབ་ཟེར་བ་ནི་རི་བོང་གནམ་བརྡིག་དང་། ལྐུགས་པའི་སྨྱོ་ལབ་ལས་མ་འདས་སོ།

  20. ཁུ་བྱུག says:
    2015-03-12 at 2:37 pm

    ད་ཡིན་ན་བལྟས་མོ་འདུག་གདའ། རང་དབང་ཤོར་བ་ནས་བཟུང་ལྷ་འདྲེ་དང་། ཐེ་ཝན་བོད་སོག་ལས་ཁུངས་དང་། དབུ་ལམ་དང་རང་བཙན་ཟེར་བ་སོགས་རྩོད་པའི་རྒྱུན་ཆད་མ་མྱོངས་གདའ། རྩོད་མཁན་སུ་རུང་ཆབ་སྲིད་ཀྱི་གནད་འགག དེང་གི་གོ་ལའི་འགྱུར་བ་བཅས་ལ་རིག་པས་དཔྱད་དེ། ངེས་པ་བརྙེད་ཕྱིན་གླེང་རྙོག་རིན་མེད་དེ་རིགས་ཡོང་མི་ཤེས།
    གངས་ཅན་པ་ཡོངས་ལ་སྨྲས་པ།༸གོང་ས་མཆོག་མི་ཕལ་བ་ངེད་ཅག་འདྲ་ཡིན་རྒྱུ་ན། ཐུགས་ཕམ་ཁོ་ནས་གསེར་ཞལ་འོད་སྟོང་འཕྲོ་བཞིན་པ་འདི་མཇལ་རེ་དཀོན། ༸གོང་ས་མཆོག་མི་བཀུར་བ་སུ་རུང་བོད་
    མི་ཞིག་ཡིན་ཕྱིན། དྲིན་ཆེ་བ་ཤེས་པར་གྱིས། དེ་མིན་བཟའ་བ། བཏུང་བ། ཆགས་པ་ཁོ་ནར་སྲེད་པའི་དུད་འགྲོ་ལའང་མི་ཟློ།
    ༸གོང་ས་མཆོག་གཙོས་བོད་མི་རིགས་ཀྱི་བདེ་དོན་ལ་ལུས་སྲོག་བློས་བཏང་ཟིན་པའི་ཆབ་སྲིད་པ་དག་གི་ཁ་ལོངས། སླེབས་ས་ཞིག་ལ་ཏག་ཏག་བསྐྱལ་ཡོང་། དེ་མིན་དེ་ཚོའི་གཅེས་ནོར་ལུས་སྲོག་བོད་དོན་དུ་འབེན་ལ་མི་འཛུགས།

  21. ཁུ་བྱུག says:
    2015-03-12 at 2:43 pm

    དྲྭ་བདག་ལགས་སུ་བཀའ་འདྲི་ཞུ་རྒྱུར། གུས་པའི་མཆན་ཡིག་རྣམས་གྲལ་མི་བསྒྲིག་པར་ཁ་འཐོར་ཏེ། ཤར་བཞིན་པ་དེའི་ཐད་ལམ་སྟོན་ཡོད་པ་ཞུ།

  22. ཀརྡོ་གཉེར་ཕྱག་པ་ says:
    2015-03-13 at 12:34 am

    བོད་ཀྱི་འབོད་སྒྲ་ནི། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། ཏིང་ཤའོ་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱུང་བར། རང་བཙན་སྐད་འབོད་བྱས་ཡོད་པ་དང་། དེའི་ཕྱི་ནས་ནས་བཟུང་༸གོང་ས་མཆོག་གིས། དབུས་མའི་ལམ་གསར་གཏོད་མཛད་པ་ནས་བཟུང་། གཉིས་སྨན་དབུས་མའི་ལམ་ལ་ཤར་བསྐྱོད་ཐུབ་ན། འགྱོད་པ་ཆུང་བ་འོངས་ངེས་སོ་སྙམ་ལགས།

  23. རྨུ་ཐག་གི་བུ་རྒྱུད། says:
    2015-03-13 at 6:19 am

    ད་ནི་རང་བཙན་དང་དབུ་མ་ཟེར་བའི་འབོད་ཚིག་གཉིས་དེ་ཕྱིའི་དགྱ་ལ་ངོ་རྒོལ་བྱེད་པའི་དཔའ་སྐད་ཞིག་མ་ཡིན་པར་ནང་སྤུན་ཟླ་ལ་འཐབ་རྩོད་བྱེད་པའི་དམེ་སྐད་ཞིག་རེད་འདུག་གོ

  24. བསོད་ནམས། says:
    2015-03-13 at 7:01 am

    དགུ་བཅུ་གསུམ་ཟེར་བའི་ཚོགས་གཙོ་པ་སངས་ཚེ་རིང་ཟེར་བའི་སྐབས་འཚོལ་བ་དང་དེའི་རྒྱབ་ཀྱི་སྡོམ་མེད་ངག་དབང་འོད་འབར་དང་། ཐུབ་བསྟན་ཡར་འཕེལ་ཟེར་བ་སོགས་ནས་བོད་གངས་ཅན་གྱི་དཔའ་བོ་དཔའ་མོ་དང་ཆབ་སྲིད་བཙོན་པ་ཡོད་ཚད་ཀྱི་རེ་བ་རྒྱ་དམར་བཅོལ་པ་རེད། མི་ངན་འདི་ཚོས་ད་བར་དགུ་བཅུ་གསུམ་ཁྲག་བཞིན་དཀྲུགས་ནས་གསུམ་བཅུ་དུས་དྲན་སྲུང་བརྩི་མི་བྱས་པའི་མགོ་བརྩམས་ཀྱི་ཡོད། ནང་རུལ་བ་རྒྱལ་འཚོང་འདི་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་དོ།

  25. ཚེ་རིང་རྡོ་རྗེ says:
    2015-03-13 at 7:59 am

    རང་བཙན་པ་དང་དབུ་མ་བའི་བར་ལ་ཁ་གཡང་ཅི་འབོད་ཀྱི་རྩོད་པ་བྱུང་བ་ནི། རྒྱ་ནག་དམར་ཤོག་གཞུང་གད་མོ་ཤོར་བའི་རྒྱུ་ཙམ་ལས་སྙིང་བོ་ཅང་མི་འདུག

    རྒྱ་ནག་དམར་ཤོག་གི་རང་བཞིན་ལ་གསལ་པོར་བལྟས་ན། དེའི་སྒེར་གཅོད་དབང་སྒྱུར་མ་འཇིག་བར་དུ་དབུ་མའི་ལམ་དང་རང་བཙན་གཉིས་ཀའི་དགོས་འདོད་འགྲུབ་མི་སྲིད། ད་ཆ་ཁོ་ཚོར་བོད་ཀྱི་གནད་དོན་ཟེར་བའི་ཕྱོགས་ན་ཞེད་སྣང་ལངས་དགོས་ས་གང་ཡང་མི་འདུག་སྙམ། རྒྱུ་མཚན་ནི། རྒྱ་དམར་གྱིས་དབང་ཆ་དང་དེ་ལས་བྱུང་བའི་ལོངས་སྤྱོད་ཁོ་ན་མ་གཏོགས་གཞན་ཅང་མི་བསམ། རང་དབང་དང་འདྲ་མཉམ། ཁྲིམས་ལྡན་དང་དམངས་གཙོ་སོགས་ནི་ཁོ་ཚོའི་སྒེར་གཅོད་དབང་སྒྱུར་ལམ་ལུགས་དང་དགྲ་ཟླར་ཆགས་པ་དང་། རང་གི་སྒེར་གཅོད་ཀྱི་དབང་ཆའི་ཆེད་དུ་ཁོ་ཚོས་རྒྱ་ནག་མི་མང་གི་བདེ་སྡུག་དང་རྒྱ་ནག་གི་མདུན་ལམ་ཡང་བློས་གཏོང་ནུས། ཁོ་ཚོར་ལམ་འགྲོ་རྒྱུག་པ་ཞིག་ལ། འཛམ་གླིང་གི་གཞུང་དམངས་མང་ཆེ་བ་ཡང་རྒྱ་དམར་དང་ཁེ་བཟང་ཕར་ཟ་ཚུར་ཟ་བྱེད་པའི་གྲོགས་པོར་ཆགས། ད་ལྟ་རྒྱ་ནག་དམར་ཤོག་ཚང་གི་མགོ་འཕངས་དགུང་ལས་མཐོ།

    དེའི་ཕྱིར། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་དེའང་དམར་ཤོག་སྒེར་གཅོད་པ་ཁོ་ཚོར་ཕན་ཐོགས་ཅི་ཡང་མེད་པས་ནམ་ཡང་ངོས་ལེན་བྱ་མི་སྲིད། ཁོ་ཚོར་བོད་རང་བཙན་ནི་ངན་ཁག་དཀྲི་ས་ཞིག་དང་བོད་མིར་ནང་འགལ་བཟོ་བྱེད་ལ་ཕན་ཐོགས་པ་དང་། དེ་བེད་སྤྱོད་པ་ཡིན། རང་བཙན་མ་བརྩད་ན་གནད་དོན་གཞན་ལ་སྐད་ཆ་བཤད་འདོད་ཡོད་མདོག་བསྟན་སྟེ། བོད་མིར་རེ་ལྟོས་ཀྱི་འཁྲུལ་སྣང་འཆར་དུ་འཇུག་པ་དང་། བོད་མིར་ནང་འགལ་བཟོ་བ་ནི་ཁོ་ཚོའི་གཡོ་བྱུས་འབའ་ཞིག་ཡིན།

    གཞན་རྒྱ་ནག་དམར་ཤོག་གིས་བཙན་བྱོལ་བོད་མིའི་ལྗིད་ཁོག་ལོན་ཡོད་པ་གསང་ཐབས་མེད། རང་ཉིད་ཀྱི་སྲོག་རྩ་བོད་ཡིག་ལའང་བདག་འཛིན་མེད་མཁན་གྱི་བཙན་བྱོལ་བ་ཚོས་གཞན་ཅི་ཞིག་འཇོན་མིན་ཕྱི་གསལ་ནང་གསལ་ཡིན། སེང་གེ་ལ་དགྲ་གཞན་གྱི་གླགས་མི་རྙེད་ཀྱང་རང་ལུས་ཀྱིས་གསོས་པའི་སྲིན་བུ་དག་གིས་འཇིག་པའི་དཔེ་ལྟར་དུ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཉི་མ་ལྟ་བུའང་འཁོར་གྱི་ཚོགས་རུས་རྐང་མེད་པ་རང་ཅག་གིས་དོན་མེད་ཆུད་ཟོས་སུ་གཏོང་བ་འདི་ཅིས་ལན། བཙན་བྱོལ་བོད་མི་འཕག་ཚག་རྒྱག་གིན་འདུག་ཟེར་བ་ཐོས་ན། རྒྱ་དམར་གཞུང་བློ་བདེ་བའི་ངང་དུ་གཉིད་ཡུར་ན་ཆོག་པ་མིན་ནམ།

  26. ིརིག་པའི་བུ says:
    2015-03-13 at 7:19 pm

    སྐུ་མདུན་བོད་དུ་ཕེབས་རྒྱུའི་འཁྲུལ་སྣང་།།

    སྐུ་མདུན་རྒྱ་ནག་ཏུ་ཕེབས་དགོས་ན་རྒྱ་ནག་ལ་ཁེ་ཕན་ཞིག་དགོས་ཤིང་། ཁེ་ཕན་མེད་ན་རྒྱ་ནག་གིས་ངོས་ལེན་གཏན་མི་བྱེད་པས། ཁེ་ཕན་སྤྲོད་ཆེད་དུ་སྐུ་མདུན་གྱིས་རྒྱ་ནག་གི་ངག་ལ་ཉན་དགོས་ཡོད། ངག་ལ་ཉན་པ་ཙམ་མ་ཟད། གནས་སྐོར་ལ་ཕེབས་ཆེད་དུ་རྒྱ་ནག་ལ་ཁེ་ཕན་ཞིག་ངེས་བར་དུ་སྤྲོད་དགོས་ཡོད།

    ཁེ་ཕན་ཅི་ཞིག་སྤྲད་རྒྱུ་ཡིན་ནམ། ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་ལ་བདག་པའི་ལམ་ཁ་སྤྲད་རྒྱུ་ཡིན་ནམ། མ་གྲོངས་བར་དུ་ཡང་སྲིད་ངོས་འཛིན་མི་བྱེད་རྒྱུ་ཁས་ལེན་གནང་གི་ཡིན། ཡང་ན་བཙན་བྱོལ་སྒྲིག་འཛུགས་སྒོ་རྒྱག་གི་ཡིན་ནམ། རང་བཙན་རྩོད་མཁན་གྱི་ཚོགས་པ་ཁག་ཅིག་ཐད་སྤྱོད་པར་ངོས་འཛིན་བྱེད་རྒྱུ་ཡིན། ཡང་ན། རྒྱ་ནག་གི་པཎ་ཆེན་ངོས་ལེན་བྱེད་རྒྱུ་ཡིན་ནམ། ཕྱི་རྒྱལ་གྱི་ཆབ་སྲིད་པ་དང་། མཇལ་འཕྲད་གནང་རྒྱུ་མིན། ཡང་ན་བོད་དོན་མི་སྨྲ་རྒྱུ་ཡིན་ནམ། འདི་དག་ནི་སྐུ་མདུན་ལ་མཚོན་ན་ངོས་ལེན་གནང་ཐབས་དཀའ་བའི་གནད་དོན་ཁག་ཡིན་པས། སྐུ་མདུན་རྒྱ་ནག་དང་། ལྷག་པར་དུ་བོད་དུ་ཕེབས་ཐབས་མེད་པ་ཆགས་ཡོད།

    འདི་དག་ཚང་མ་ངོས་ལེན་གནང་བ་ཡིན་ན་སྟབས་ལེགས་ཚེ་བོད་དུ་ཕེབས་བཅུག་སྲིད་ཀྱང་། དེ་དག་ལས་རེ་ཟུང་ཞིག་ཁས་ལེན་གནང་ཞིང་། ལས་དོན་སྒྲུབ་པ་ཙམ་གྱིས་བོད་དུ་ཕེབས་ཐབས་མེད། དེ་དག་ལས་གཅིག་གཉིས་ཤིག་ངོས་ལེན་ཡག་པོ་གནང་ན། གཅིག་བྱས་ན་རྒྱ་ནག་ཏུ་བཏང་སྲིད་ཀྱང་། ཡོངས་གྲགས་ཀྱིས་སྐུ་མདུན་གྱིས་དེ་དག་ལས་གཅིག་ཀྱང་ངོས་ལེན་གནང་ཐབས་དཀའ་ཞིང་། གནང་བ་ཡིན་ན་སྐུ་མདུན་གྱི་རིན་ཐང་ལ་སྡུག་པ་མ་ཟད། རྙོགས་དྲ་ཡི་རྩ་བར་འགྱུར་ངེས་ཡིན། ཡིན་ཏེ། རྒྱ་ནག་གི་ངག་ལ་ཉན་ནས་གློ་སྒར་སྒོ་བརྒྱབས་དང་། བོད་གཞུང་མིང་སྒྱུར། མང་གཙོ་མི་རྩོད་ཚུལ་དང་། སྐད་འབོད་གནང་ན་མི་འགྲིག་ཚུལ་སོགས་ཀྱིས་ད་ནས་བཟུང་རྙོགས་དྲ་མི་ཉུང་བ་ཞིག་སློང་བཞིན་ཡོད་ལ། ཐ་ན་སྐུ་མདུན་གྱི་ལྷག་བསམ་ལའང་བོད་མི་ཁག་ཅིག་དང་། བོད་ཀྱི་གྲོགས་པོ་ཁག་ཅིག མང་གཙོ་དོན་གཉེར་བ་ཁག་ཅིག དོགས་པ་ཟ་ཡུལ་དུ་གྱུར་ཡོད། དེ་དག་ཐམས་ཅད་ཏང་གི་ངག་ལ་ཉན་པས་རེད། དེ་བརྟེན། ཏང་གི་ངག་ལ་ཉན་པའམ། སྟུན་མཁས་བྱས་བ་ཡིན་ན་བྱེད་སྟངས་ལ་ཧ་ཅང་གི་གཟབ་རྒྱུ་གནད་དུ་མཐོང་།

    རྒྱ་ནག་ལ་གཅིག་ཀྱང་མ་སྟུན་པ་མཁྲེགས་པོ་ཁོ་ན་ཡིས་ཡོང་དུ་མེད་པ་བདེན་པ་རེད། ཡིན་ཡང་། ད་དུང་དུས་ཚོད་ལ་དེ་ཙམ་སླེབས་མེད་པ་མ་ཟད། སྟུན་མཁས་བྱེད་སྟངས་ཀྱང་དྲང་བདེན་གྱི་ལམ་ནས་བྱེད་རྒྱུ་ལས་ཚད་བརྒལ་གྱིས་གནང་ཚེ་གྱོང་གུད་ཕོགས་ངེས་རེད། ཡིན་ཏེ། རབས་བྱུང་ན་རྒྱ་ནག་གིས་ཏཱ་ལའི་ཁ་བྲལ་ཞེས་ནས་རྒོལ་མཚམས་འཇོག་རྒྱུ་དང་། མ་བྱུང་ཡང་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུར་སྐྱོན་བརྗོད་བྱེད་མཚམས་བཞག་པ་པ་ཡིན་ན། དེ་བཞིན་སྐད་འབོད་ཁག་ཅིག་དང་། ངོ་རྒོལ་ཁག་ཅིག་བྱེད་མཚམས་འཇོག་རྒྱུ་ལྟ་བུའི་ཕར་ལ་བསམ་བློ་གཅིག་བཏང་ན། ཚུལ་ལ་བསམ་བློ་གཅིག་བཏང་བའི་དཔེ་ལྟར་དྲང་བདེན་གྱི་སྟུན་མཁས་བྱེད་རྒྱུ་ལས། མྱི་བཟང་གི་སྟུན་མཁས་བྱེད་མི་འོས། ཡིན་ཏེ། བོད་དོན་མྱི་བཟང་བྱ་བྱེད་དུ་བེད་སྤྱོད་བཏང་རྒྱུ་ནི་མི་འོས་ལ། མྱི་བཟང་བྱ་བྱེད་བྱས་བ་ཡིན་ན། བྱེད་མཁན་ལ་ཁེ་ཚོང་རེག་སྲིད་ཀྱང་། བོད་ལ་གྱོང་གུད་ཕོགས་ངེས་རེད།

    གོང་དུ་བཀོད་པ་དེ་དག་སྐུ་མདུན་གྱིས་ངོས་ལེན་གནང་ཐབས་དཀའ་བས། ད་ནི་སྐུ་མདུན་གྱི་གམ་དུ་གདམ་ཁ་གཅིག་མ་གཏོགས་ལྷག་མེད་ཅིང་། གཅིག་ལྷག་ཡོད་པ་ནི་ཆོས་ཕྱོགས་ཁོ་ན་ལས་བོད་དོན་མི་གླེང་རྒྱུ་ཁས་ལེན་གནང་རྒྱུ་དེ་རེད། གལ་སྲིད་བོད་དོན་གཅིག་ཀྱང་མ་གླེང་ཚེ། སྟབས་ལེགས་ན་གནས་སྐོར་དུ་བཏང་སྲིད་ཀྱང་། དེ་ནི་སྲིད་འཛིན་ཞིས་ཀྱི་རྩ་བའི་དམིགས་ཡུལ་ལྟར་ཆོས་ལུགས་ཀྱིས་ཏང་གི་ཁེ་ཕན་སྒྲུབ་པར་འགྱུར་བས། བོད་དོན་ལ་ཕུགས་རྒྱང་རིང་པོར་ཕན་ཐོགས་དེ་ཙམ་མེད།

    རྒྱ་ནག་སྐུ་མདུན་ལ་ཡིད་ཆེས་མེད་པས་གནས་སྐོར་བཏང་རྒྱུའང་གང་ཐུབ་ཀྱིས་ཕྱི་འགྱང་བྱེད་ངེས་རེད། གལ་སྲིད་གནས་སྐོར་དུ་ཕྱིན་ཡང་། བོད་དོན་ལ་དེ་ཙམ་ཕན་ཐོགས་མེད་པ་པན་ཆེན་སྐུ་གོང་མ་བོད་དུ་བཞུགས་ཤིང་གྲོངས་བ་ལྟར་དང་། ཆུ་ངོགས་གཏམ་རྒྱུད་ལས་ཙུང་ཅང་རྒྱལ་སར་ལོག་པའི་དཔེ་ལྟར་ཆགས་ངེས་པས། སྐུ་མདུན་གྱིས་ཕ་ཡུལ་དྲན་མིན་ལ་མ་ལྟོས་བ། རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་བར་དུ་རྒྱ་གར་ནང་དུ་བཞུགས་པ་ཡིན་ན་བོད་དོན་ལ་ཕན་ངེས་རེད།།

  27. ཇུས་ཏོག says:
    2015-03-13 at 10:49 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་རང་བཙན་དང་དབུ་མ་གང་ཡང་

    གསལ་མེད་པ་ནས་རང་བཙན་དང་དབུ་མ་གླེང་མཁན་ཚང་མ་་བཅའ་ཁྲིམས་

    དང་འགལ་བ་རེད་།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་་གསལ་་ཐབས་

    ཟེར་བའི་ཚིག་འཁོད་ཡོད་ན་བཅའ་ཁྲིམས་ལ་འགན་འཁུར་ནས་ ཚིག་བེད་སྤྱོད་གཏོང་དགོས་པ་རེད་།

    རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་འཁོད་པ་ལ་བོད་མི་ཚོའི་

    རྒྱ་ནག་གི་རྩ་ཁྲིམས་ལ་ཡིད་ཆེས་བློ་་གཏང་ཞུ་གི་ཡོད་ན་ བོད་ཀྱི་རྒྱལ་དར་དང་བོད་ཀྱི་རྒྱལ་སོགས་བེད་སྤྱོད་གཏོང་བ་དེ་ནོར་བ་མ་རེད་
    དམ་།

    བོད་ནང་བོད་མི་རང་བསྲེགས་གནང་མཁ ན་ཚོའི་བོད་རང་བཙན་ལབ་ཆོག་

    གི་མེད་ཟེར་ནས་རང་བསྲེགས་བཏང་བའི་འབྲེལ་བཤང་དབུ་་ལམ་ དང

    དབུས་བོད་མིའི་སྒྲིག་འཛུགས་ལྷག་དོན་དུ་ནེའུ་ཡོག་གི་ས་གནས་གཞོན་

    ནུའི་ཚོགས་གཚོ་ལ་བཤད་རྒྱུ་ཡོད་མང་ཚོགས་ལ་གསལ་བཤད་གནང་དང་

    ཕོ་ཁྱོ་ག་རེད་།

    ས་ཡ་གཉིས་ཀྱི་ཤ་ལན་།ཧ་ཧ་ཧ་

    དགོན་པ་དྲག་སྟོང་རྩ་མེད་དཀྱིན་ཚབ་།ཧ་ཧ་ཧ

  28. དྲན་དཀར་དཔལ་ཡོན་ says:
    2015-03-13 at 11:03 pm

    གང་ལྟར་བོད་མིའི་བསྒྲིགས་འཛུགས་དང་གུང་ཁྲན་སྲིད་གཞུང་གིས་སྤྲུལ་སྐུར་རྩོད་པ་བྱ་བགྱི་རེད། དོལ་རྒྱལ་བ་སྔ་མ་ཚོས་རྙིང་མ་ཚར་གཅོད་ཕྱིར་དུ་སྤྲུལ་སྐུའི་དགེ་རྒན་གྱི་གདན་ཐོབ་བརྩད་པ་རེད། ད་ལྟའི་དོལ་རྒྱལ་བས་༧གོང་ས་མཆོག་ལ་རྗེས་འདེད་གཏོང་གི་ཡོད། གང་ལྟར་དོལ་རྒྱལ་བའི་རེ་བ་འགྲུབ་དཀའ། བོད་མི་མང་ལ་གསལ་གསལ་བ་རེད། རྒྱལ་བ་རིན་པོ་ཆེ་སྐྱབས་སུ་མཆི།
    རྒྱལ་རིན་པོ་གང་དུ་བཞུགས་ཀྱང་བོད་དོན་ཡོད་ཡོད་པ་ཡིན་ཡང་དོལ་རྒྱལ་བ་ཕུད་པའི་བོད་མི་ཡོངས་ཀྱི་མཇལ་འདོད་ཀྱི་ཐུགས་རེ་གནང་གི་ཡོད།

  29. དྲན་དཀར་དཔལ་ཡོན་ says:
    2015-03-13 at 11:07 pm

    རིག་མི་རིག་པའི་བུ་མང་པོས་རྒྱ་ཕོག་ཟས་པར་ངས་དགག་པ་བྱ་བགྱིད་མིན། དེ་དམིགས་ཡུལ་མ་འགྲུབ་པའི་མིའི་ཐོབ་ཐང་རེད།

  30. ཀློང་ཆུང་ says:
    2015-03-14 at 10:03 am

    ད་དཀོན་མཆོག་གསུམ་རང་བཙན་རྗེས་བྲངས་པ་རྣམས་མྱང་རྒྱུ་རེད་འདུག ད་རྗེས་མ་ཤུགས་ལྡན་པ་བོས་གཡས་ལ་ཞུགས། གཡོན་ལ་རང་བཙན་པ་ཞུགས་ནས་རྒྱལ་བ་རིན་པོ་ཆེར་སྣེ་ལེན་ཞུ་བའི་རྒྱུ་བསྐྲུན་བཞིན་འདུག

  31. ཀློང་ཆུང་ says:
    2015-03-14 at 10:18 am

    རབ་བྱུང་ན་ད་ལྟའི་སྲིད་དབང་སྒེར་གཅོད་པ་དེ་ཚོས་དགོངས་པ་ཞུས་ནས་དབུ་རང་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་དགོས།

  32. ཚེ་དབང་། says:
    2015-03-23 at 10:49 pm

    བསོད་ནམས་དབང་འདུས་ལགས། ད་བར་གུས་པའི་ཁྱེད་ནི་ནིའུ་ཡོག་ཏུ་གཏན་བསྡོད་བོད་མི་མཚར་གཏམ་བཤོད་མཁན་སྙན་གྲགས་ཅན་ཞིག་ལ་བརྩི་ཡི་ཡོད། ཡིན་ཡང་ད་རེས་གསུམ་དུས་དང་འབྲེལ་བའི་གོང་གསལ་ཁྱེད་ཀྱི་རྩོམ་ཡིག་ཀློག་སྐབས་”ཤིང་གི་རི་མོ་ཕྱི་ལ་ཡོད། མི་ཡི་རི་མོ་ནང་ལ་ཡོད།” ཞེས་པའི་དཔེ་ལྟར་གསལ་པོ་ཆགས་སོང་། དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམས་པར་མི་དགའ་བའི་རྣམ་འགྱུར་སྟོན་ཏེ་གང་བྱུང་བྲིས་པ་ནི་མི་ཡི་མཚན་ཉིད་མ་ཚང་བའི་རྟགས་གསལ་པོ་རེད། ས་གབས་འདི་གར་གནས་བསྡོད་བོད་མི་ང་ཚོ་ཚང་མའི་མང་གཙོའི་ལམ་ལུགས་འོག་འོས་འཕེན་ཏེ་འདེམས་ཐོན་བྱུང་བའི་མི་འཐུས་རྣམས་པར་སྒེར་ལ་བརྩི་མཐོང་ཞུ་མ་ཐུབ་ཀྱང་སོ་སོའི་འདེམས་པའི་ཞབས་ཀྱག་ལ་ངེས་པར་དུ་བརྩི་མཐོང་ཞུས། སེམས་ནང་དྲན་ཚད་བྲིས་ན་དེའི་རྐྱོན་རྗེས་སུ་གང་ཡོང་དྲན་པ་གྱིས། ཁྱེད་ཀྱི་རྩོམ་ཡིག་འདིའི་ང་ཚོའི་སྤྱི་ཚོགས་ནང་ཕན་ཐོགས་སྤུ་ཙམ་མེད་པར་དཀྲུག་ཤིང་རླུང་ཚུབ་ཡོང་རྒྱུ་ཤེས་པ་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme