Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨུ་རུ་སུའི་སྲིད་བློན་གཞོན་པ་ཟུར་པ་ལྐོག་གསོད་ཀྱི་གསང་བ།

Posted on 2015-03-062015-03-06 By ཁ་བརྡ 2 Comments on ཨུ་རུ་སུའི་སྲིད་བློན་གཞོན་པ་ཟུར་པ་ལྐོག་གསོད་ཀྱི་གསང་བ།

ཏྲེ་ཧོར་ཐུབ་བསྟན།

 
གཟའ་འཁོར་སྔོན་མའི་ནང་མཱོ་སི་ཁའོ་ནས་ཨུ་རུ་སུའི་ཁ་གཏད་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ནེམ་ཀྲི་སོ་ཝི་གློ་བུར་དུ་ལྐོག་གསོད་འོག་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་པ་དང་། དེ་མ་ཐག་ཨུ་རུ་སུའི་རྒྱལ་ཡོངས་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གླེང་བརྗོད་འདྲ་མིན་གྱིས་ཁེངས། ཉིན་འགའི་རིང་བསྟུད་མར་མཱོ་སི་ཁའོ་གྲོང་ཁྱེར་གྱི་མི་རྣམས་འཚང་ཀ་ཤིག་ཤིག་ངང་སྐུ་ཞབས་ནེམ་ཀྲི་སོ་ཝི་ལྐོག་གསོད་བྱ་སའི་ཁི་རེམ་ལིན་ཕོ་བྲང་ཉེ་འཁོར་གྱི་ས་ཆར་བསྐྱོད་དེ། མེ་ཏོག་དང་མར་མེ་ཕུལ་ཏེ་མྱ་ངན་གུས་འདུད་ཞུས་པ་མ་ཟད། ཕྱི་ཟླ་༣ པའི་ཚེས་༡ རེས་གཟའ་ཉི་མའི་ཉིན་གྲོང་ཁྱེར་གྱི་མི་ཁྲི་ལྔ་ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། སྐུ་ཞབས་ནེམ་ཀྲི་སོ་ཝི་ལ་མྱ་ངན་དང་རྗེས་དྲན་གྱི་རྣམ་འགྱུར་བསྟན། ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ནེམ་ཀྲི་སོ་ཝི་ལྐོག་གསོད་ཀྱི་དྲག་སྤྱོད་ལ་སྐྱོན་བརྗོད་བྱས་པ་དང་། ཐ་ན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་སྲིད་བློན་མཱེ་ཌི་ཝི་ཌི་ཝི་གཉིས་སོ་སོར་ནས་ཀྱང་གསལ་བསྒྲགས་སྤེལ་པའི་ནང་། ཆབ་སྲིད་གྱི་ཁ་གཏད་སྐུ་ཞབས་ནེམ་ཀྲི་སོ་ཝི་ལ་མྱ་ངན་ཞུས་ཡོད་པ་མ་ཟད། པུ་ཌིན་གྱིས་ཐེངས་འདིའི་ལྐོག་གསོད་དོན་རྐྱེན་ལ་སྐྱོན་བརྗོད་དང་། ད་དུང་མྱུར་དུ་ཆེད་ལས་ཚོགས་ཆུང་གསར་འཛུགས་ཀྱིས་རྩད་གཅོད་མཐིལ་ཕྱིན་བྱས་ཏེ། ལག་དམར་བ་ངེས་པར་དུ་ཁྲིམས་ལ་སྦྱར་དགོས་པའི་བཀའ་བཏང་།

ཨུ་རུ་སུའི་བརྒྱུད་ལམ་ཁག་དང་ལྷག་པར་དུ་དྲ་དམངས་ཚོས་ཐེངས་འདིའི་གློ་བུར་བའི་ལྐོག་གསོད་དོན་རྐྱེན་ལ། ལྟ་ཚུལ་མི་འདྲ་བ་ཕྱོགས་མང་པོའི་ཐོག་ནས་དཔྱད་བརྗོད་དང་། ལྐོག་གསོད་ཀྱི་ཀུན་སློང་དང་རྒྱབ་ལྗོངས་ལ་ཚོད་དཔག་རིགས་སྣ་ཚོགས་བྱས་ཡོད། ཉེན་རྟོག་པའི་ཕྱོགས་ནས་ཕྱིར་བསྒྲགས་བྱས་པ་ལྟར་ན། ནེམ་ཀྲི་སོ་ཝི་ལྐོག་གསོད་སྐབས་ཡུག་རེན་ནས་ཡིན་པའི་ཁོང་གི་དགའ་རོགས་དཔེ་གསར་གྱོན་ཆས་དྲིལ་བསྒྲགས་མ་ཨན་ན་ཌུ་དང་ལྷན་དུ་འགྲོ་བཞིན་ཡོད་ཀྱང་། མོ་ལ་རྨས་སྐྱོན་ཐེབས་མེད། རང་ལོ་༢༣ ཡིན་པའི་ཨན་ན་ཌུ་མི་རིང་བའི་སྔོན་མཱོ་སི་ཁའོ་ནས་སུད་སི་རུ་སོང་སྟེ་མངལ་ཤོར་བཤག་བཅོས་བྱས་མྱོང་བ་དང་། མངལ་དུ་ཡོད་པའི་ཕྲུ་གུ་དེ་ནི་ནེམ་ཀྲི་སོ་ཝི་ཕུང་འདྲེ་རུ་གྱུར་ཡོད།
གང་ལགས་ཤེ་ན། དོན་རྐྱེན་དེ་ནི་ཁོང་གི་དགའ་རོགས་དོན་དུ་ལྐོག་གསོད་འོག་ཚུད་པའི་བརྩེ་དུང་གི་རིགས་སུ་གཏོགས་པའི་གནད་དོན་ཞིག་མིན་པའི་ངེས་པའང་མེད་ཅིང་། དྲ་དམངས་ཧ་ཅང་མང་པོ་ཞིག་གིས་དོན་རྐྱེན་ལ་བརྟག་དཔྱད་འགོ་འཛུགས་མ་བྱས་པའི་སྔོན་ནས། གཞུང་ཕྱོགས་ནས་གདིང་སྤོབས་ཆེན་པོས་དྲིལ་བསྒྲགས་བྱས་པར་བལྟས་ན། ལམ་ནོར་དུ་ཁྲིད་པའི་བསླུ་བྲིད་ཀྱི་ཆའང་མེད་པ་ཞིག་ཡིན་མི་སྲིད་པའི་ངོས་འཛིན་བྱེེད་བཞིན་པ་དང་། པུ་ཌིན་གྱིས་ཐེངས་འདིའི་སྐུབས་ཞབས་ནེམ་ཀྲི་སོ་ཝི་ལྐོག་གསོད་ནི་ཁོང་ལ་ཆེད་དུ་དམིགས་པའི་ཁ་གཏད་ཚོགས་པ་ནང་ཁུལ་གྱི་ངན་ཇུས་ཤིག་ཡིན་པ་དང་། དམིགས་ཡུལ་ནི་ཁོང་(པུ་ཌིན)་རང་ཉིད་ནག་པོ་བཟོ་ཐབས་ཤིག་རེད་ཅེས་བརྗོད་ཡོད། དྲ་གྲོགས་ཚོས་དེ་ལྟ་བུའི་རིགས་ལམ་གྱི་བསམ་གཞིགས་དེ་ནི་ཕལ་ཆེར་ཁོང་ཁེ་རྗི་བྷི་(KGB དམག་གི་རྟེན་གཞི་)རུ་སྐྱེས་པའི་ཆེད་ལས་ཀྱི་ན་ཚ་དང་འབྲེལ་བ་ཡོད་པ་དང་། དེ་ལྟ་བུའི་དཔེ་མཚོན་ནི་བགྲང་གིས་མ་ལོངས་པ་ཞིག་ཡོད་པའི་ངོས་འཛིན་བྱས།

ནེམ་ཀྲི་སོ་ཝི་(༡༩༥༩–༢༠༡༥) ནི་ཁོ་སྦེ་རུ་སྐྱེས་པའི་སྐུད་མེད་གློག་ཤུགས་དངོས་ལུགས་རིགས་པ་སྨྲ་བ་ཞིག་ཡིན་པ་དང་། ལག་རྩལ་ལས་རིགས་ཀྱི་ཁོངས་སུ་གཏོགས་པའི་དཔོན་པོ་ཞིག་ཡིན། ཁོང་ཕྱི་ལོ་༡༩༩༠ ལོར་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཁ་ཐོར་དུ་སོང་བའི་རྗེས་ཆབ་སྲིད་ནང་ཞུགས་ཏེ། ཨུ་རུ་སུ་སྤྱི་ཚོགས་རིང་ལུགས་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འཐུས་མིར་འོས་འདེམས་བྱུང་། དེའི་རྗེས་སུ་གྲོས་ཚོགས་དེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར། སྐབས་དེར་ཁོང་ལོ་ན་གཞོན་ཞིང་བརྩོན་འགྲུས་ཆེ་བ་དང་། ཤེས་འཇོན་ཁྱད་དུ་འཕགས་པའིི་མི་ཞིག་ཡིན་སྟབས། སྲིད་འཛིན་ཡེལ་སིན་གྱིས་ཀྱང་དགའ་མོས་བྱས་ཏེ། སྲིད་འཛིན་བཞུགས་གནས་ཀྱི་ནཱི་ཞིན་ནོལ་གྷོར་ཌི་གྲོང་ཁྱེར་གྱི་སྐུ་ཚབ་ཏུ་བསྐོ་བཞག་བྱས། དེ་ནས་བཟུང་ཁོང་གི་རླུང་རྟ་དགུང་དུ་འཕགས་ཏེ་མངའ་སྡེའི་སྤྱི་ཁྱབ་ཏུ་འོས་འདེམས་བྱུང་པ་དང་། ཨུ་རུ་སུ་“སྤྱི་མཐུན་ལྷན་ཚོགས་”ཀྱི་གྲོས་ཚོགས་གོང་མའི་ནང་ཞུགས་ཏེ། སྤྱི་མཐུན་སྲིད་གཞུང་གི་སྲིད་བློན་གཞོན་པ་ཨང་དང་པོར་གྱུར།

ཕྱི་ལོ་༢༠༠༠ ལོར་པུ་ཌིན་གྱིས་ཡེལ་སིན་གྱི་ཚབ་ཏུ་ཨུ་རུ་སུའི་སྲིད་འཛིན་གྱི་འགན་ཁུར་པའི་རྗེས། སྐུ་ཞབས་ནེམ་ཀྲི་སོ་ཝི་གཞུང་འཛིན་ཆབ་སྲིད་ཚོགས་པའི་ཁ་གཏད་ཤོག་ཁག་ཏུ་གྱུར་པ་དང་། ཨུ་རུ་སུ་སྤྱི་མཐུན་ཚོགས་པ་དང་མི་དམངས་རང་དབང་ཚོགས་པ་མཉམ་འབྲེལ་ཚོགས་གཙོའི་འགན་ཁུར། ཁོང་གིས་རྒྱུན་དུ་ནོར་འཁྲུལ་ཐེར་འདོན་དང་། ཐད་ཀར་སྐྱོན་བརྗོད། ཁྲིམས་ལ་ཞུ་གཏུགས། ལྷག་པར་དུ་དཔོན་ཉམས་ལམ་ལུགས་ཀྱི་ལྐོག་ཟ་རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས། དཔེར་ན་ཕྱི་ལོ་༢༠༡༢ ལོར། ཁོང་གིས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་པུ་ཌིན་སྒེར་ལ་དབང་བའི་རྒྱུ་ནོར་གསལ་སྟོན་བྱས་ཡོད་པའི་ཁྲོད། པུ་ཌིན་ལ་གནམ་གྲུ་དང་ཐད་འཕུར་གནམ་གྲུ་༥༨ དང་། རྒྱས་སྤྲོས་རྒྱན་བཀོད་ཅན་གྱི་མཐོ་རིམ་སྡོད་ཁང་༢༠ སོགས་ཡོད་པའི་སྐྱོན་འཛུགས་བྱས། ཕྱི་ལོ་༢༠༡༣ ལོར་ཁོང་གིས་ཨུ་རུ་སུས་གཙོ་སྒྲུབ་བྱས་པའི་དགུན་དུས་ཨོ་རྩལ་མགྲན་ཚོགས་ཀྱི་མ་དངུལ་ཧམ་ཟ་ཡི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཉེ་ཆར་ཁོང་གིས་རང་ནུས་ཅི་ཡོད་ཀྱིས་ཡོངས་གྲགས་ཐོག་པུ་ཌིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ལ། དེ་དག་ཐམས་ཅད་ཀྱིས་པུ་ཌིན་གྱི་སེམས་ལ་བསུབ་ཏུ་མེད་པའི་ཞེ་འཁོན་ཆེན་པོ་བཟོས་ཏེ་གཏིང་ནད་བཅངས་ཡོད།

ད་དུང་དེ་ལས་ཀྱང་ཆེས་དོ་སྣང་བྱེད་འོས་པ་ཞིག་ནི་དྲ་གྲོགས་ཁ་ཤས་ཀྱིས་ཐེངས་འདིའི་སྐུ་ཞབས་ནེམ་ཀྲི་སོ་ཝི་ལྐོག་གསོད་ཀྱི་དོན་རྐྱེན་དང་། ཕྱི་ལོ་༡༩༣༤ ལོའི་ཕྱི་ཟླ་༡༢ པའི་ཚེས་༡ ཉིན་ཁི་རོ་ཝི་(Kirov) ལྐོག་གསོད་དོན་རྐྱེན་གཉིས་གཤིབ་བསྡུར་འོག ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་གསང་བ་རང་བཞིན་གྱི་ལྐོག་གསོད་ཅིག་ཡིན་པའི་དཔྱད་བརྗོད་སྤེལ། སྐུ་ཞབས་ཁི་རོ་ཝི་(༡༨༨༦–༡༩༣༤) ནི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཚོགས་མི་དང་། དབུས་དྲུང་ཆེ་ལས་ཁུངས་ཀྱི་དྲུང་ཆེ། ལེན་ནཱི་གྷི་ལཱ་ཌི་མངའ་སྡེའི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་བཅས་ཡིན་ཞིང་། དམར་ཤོག་(ཏང་) ནང་ཁུལ་དུ་ཁོང་གི་མཚན་སྙན་སྤྱི་ཁྱབ་དྲུང་ཆེ་སི་ཏཱ་ལིན་ལས་ཀྱང་ཆེ། སྤྱིར་ཁི་རོ་ཝི་ནི་ཤིན་ཏུ་གཡོན་ཐལ་པ་ཞིག་ཀྱང་ཡིན་ལ། དམངས་ཁྲོད་དུ་གཅིག་མཚུངས་སུ་ཉེས་མེད་མི་སེར་མང་པོ་དམར་གསོད་ཀྱི་ནག་ཉེས་ཟིན་ཐོ་ཡོད།
ཡིན་ནའང་ཁོང་གིས་སི་ཏཱ་ལིན་གྱིས་ཏང་ནང་ཁུལ་གྱི་ནོར་འཁྲུལ་ཅན་ནམ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་ལ་གདུག་རྩུབ་ཆེན་པོས་སྲོག་ཁྲིམས་གཅོད་པའི་བྱ་སྤྱོད་ལ་བློ་སྤོབས་ཞུམ་མེད་ཀྱིས་ངོ་རྒོལ་བྱས་ཕོད། ཕྱི་ལོ་༡༩༣༤ ལོར་དམར་ཤོག་དབུས་གཞུང་གི་རྒྱུན་ལས་འོས་མི་འོས་འདེམས་སྐབས། ཁི་རོ་ཝི་ལ་འོས་ཤོག་མང་ཤོས་ཐོབ་པ་དང་། འོས་ཤོག་༣ གཅིག་པུས་མ་གཏོགས་ངོ་རྒོལ་བྱས་མེད། སི་ཏཱ་ལིན་ལ་དེ་ལས་ལྡོག་སྟེ་ངོ་རྒོལ་བྱས་པའི་འོས་ཤོག་གྲངས་༢༩༢ ཡོད་ཀྱང་། སྐབས་དེའི་འོས་འདེམས་ཀྱི་འགན་ཁུར་མཁན་དབུས་ཆབ་སྲིད་སྡེ་ཚན་གྱི་ཚོགས་མི་ཁཱ་གྷ་ནོ་ཝི་ཆི་(Kaganovich)ཡིས་འོས་བསྡུའི་ཡིག་ཆ་མེད་པར་བཟོས་ཏེ། སི་ཏཱ་ལིན་དང་ཁི་རོབ་གཉིས་ལ་གཅིག་མཚུངས་ཀྱིས་འོས་མང་ཤོས་ཐོབ་པའི་གསལ་བསྒྲགས་སྤེལ་པ་དང་། སི་ཏཱ་ལིན་ལ་མུ་མཐུད་དུ་དམར་ཤོག་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་དུ་བཅུག སི་ཏཱ་ལིན་གྱིས་ཁི་རོ་ཝི་ལ་མཱོ་སི་ཁའོ་རུ་ལས་ཀ་གོ་སྒྲིག་བྱས་ཀྱང་ཁི་རོ་ཝི་ཡིས་ཁས་ལེན་མ་བྱས། བློ་ཡུལ་འདས་པ་ཞིག་ལ་ལོ་དེའི་ལོ་མཇུག་ཙམ་ལ་ཁོང་ལྐོག་གསོད་ཀྱི་དོན་རྐྱེན་བྱུང་ཡོད།

ཁི་རོ་ཝི་ལ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བའི་རྗེས། སི་ཏཱ་ལིན་གྱིས་སྐབས་དེར་ཧ་ཅང་གདུང་ཤུགས་དྲག་པོའི་རྣམ་འགྱུར་བསྟན་ཡོད་པ་དང་། ཁོང་རང་ཉིད་དངོས་སུ་ལེན་ནཱི་གྷོ་གྲོང་ཁྱེར་དུ་བསྐྱོད་དེ་ཁི་རོ་ཝི་མྱ་ངན་རྗེས་དྲན་གྱི་མཛད་སྒོར་ཞུགས། དེ་དང་དུས་མཚུངས་སི་ཏཱ་ལིན་གྱིས་ཆབ་སྲིད་གཙང་སེལ་གྱི་ལས་འགུལ་ཆེན་མོ་སྤེལ་ཏེ། ཁི་རོ་ཝི་ལྐོག་གསོད་དང་འབྲེལ་བའི་ཇུས་ངན་གྱི་ནག་ཉེས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁ་གཏད་རྫི་ནོ་བི་ཝི་(Zinoviev) དང་། ཁེམ་ནེ་ཝི།(Kamenev) བྷུ་ཁ་རན། (Bukharin) རའེ་ཁ་ཝི། (Rykov) སོགས་ཏང་གི་མཐོ་རིམ་འགོ་ཁྲིད་ཀྱི་མགོ་རུ་བཙན་གྱིས་གཡོགས་ཏེ། སྡུག་སྦྱོང་མནར་གཅོད་ཀྱི་ལམ་ནས་བཙན་དབང་གིས་ཁས་ལེན་དུ་བཅུག་པའི་མི་སྤྱོད་ལས་འདས་པའི་ཐབས་ལམ་འོག སྔ་རྗེས་སུ་ཏང་སྲིད་དམག་གསུམ་གྱི་མཐོ་རིམ་ལས་བྱེད་ཁྱུ་གཅིག་ལ་སྲོག་ཁྲིམས་བཅད། ཉེས་མེད་ཀྱི་མི་སྣ་བརྒྱ་ཕྲག་མང་པོ་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་པ་དང་། ཕྱི་རྒྱལ་དུ་བྲོས་བྱོལ་ལ་ཐར་བའི་ཊི་རོ་ཚི་ཁི་(Trotsky) ཡང་སི་ཏཱ་ལིན་གྱིས་མངགས་པའི་གསང་མྱུལ་ལག་དམར་བས་ལྐོག་གསོད་བྱས།

ཕྱི་ལོ་༡༩༥༣ ལོར་སི་ཏཱ་ལིན་ཤི་པའི་རྗེས་སུ་ད་གཟོད་རིམ་བཞིན་ཁི་རོ་ཝི་ལྐོག་གསོད་དང་འབྲེལ་བའི་གསང་བ་ཕྱིར་བཤད་ཕོད་མཁན་བྱུང་ཡོད་ཅིང་། དོན་དངོས་སུ་སི་ཏཱ་ལིན་གྱིས་གསང་མྱུལ་བའི་འགོ་གཙོ་ཡཱ་ཁི་རྡ་བརྒྱུད་དེ་འཆར་འགོད་བྱས་པའི་ངན་ཇུས་ཤིག་རེད། ཁིར་ཤི་ཆའེ་ཝི་(Khrushchev)ཡིས་སྲིད་དབང་བཟུང་བའི་རྗེས། ཁོང་གིས་ཕྱི་ལོ་༡༩༥༦ ལོར་འཚོགས་པའི་ཨུ་རུ་སུ་མཉམ་འབྲེལ་དམར་ཤོག་གི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཐོག་ཡོངས་གྲགས་ཀྱིས་གསང་བ་ཕྱིར་བསྒྲགས་ཏེ། སི་ཏཱ་ལིན་གྱི་ནོར་འཁྲུལ་དང་ནག་ཉེས་ཐེར་འདོན་གྱི་ཆེད་དུ་བཏོན་པའི་གསང་བའི་སྙན་ཐོ<<མི་སྒེར་གོང་བཀུར་དང་དེའི་མཇུག་འབྲས་ཀྱི་སྐོར་>> ཞེས་པའི་ནང་། ཤུགས་བསྟན་དུ་སི་ཏཱ་ལིན་ནི་ཁི་རོ་ཝི་ལྐོག་གསོད་དང་འབྲེལ་བའི་རྒྱབ་ཀྱི་ལག་དམར་བ་ངོ་མ་ཡིན་སྐོར་བཀོད་ཡོད།

ནེམ་ཀྲི་སོ་ཝི་དང་ཁི་རོ་ཝི་གཉིས་ལྐོག་གསོད་ཀྱི་གནས་ཚུལ་ཐད་ཁོང་གཉིས་ཀ་བུད་མེད་ལ་དགའ་བ་གཅིག་པུ་མ་ཡིན་པར། གཉིས་ཀས་མི་གཞན་ལ་ཁ་གཏད་གཅོག་ཕོད་པ་དང་། ཁོང་གཉིས་ཀར་ཆེ་མཐོང་ཧ་ཅང་ཆེ། འདྲ་བའི་ཆ་དེ་དག་ཕུད་པའི་གཞན་ཐམས་ཅད་གཅིག་མཚུངས་མིན། གང་ལྟར་ཡང་སི་ཏཱ་ལིན་སྐབས་ཀྱི་དུས་རབས་འདས་ཟིན་པ་དང་། ད་ལྟ་ནི་ཨུ་རུ་སུའི་ཁྱད་ཆོས་ལྡན་པའི་པུ་ཌིན་གྱིས་དབུ་ཁྲིད་པའི་དམངས་གཙོའི་དུས་རབས་ཤིག་རེད། འོན་ཀྱང་། གནའ་ནས་ད་བར་འཛམ་གླིང་ས་ཕྱོགས་གང་སའི་ལོ་རྒྱུས་ནང་ཆབ་སྲིད་འཐབ་རྩོད་དང་འབྲེལ་བའི་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་མང་བྱུང་མྱོང་ཡོད་པ་དང་། གལ་སྲིད་ཉེས་ཅན་གྱི་ལག་དམར་བ་འཇུ་བཟུང་ཐུབ་པ་ཡིན་པའི་དབང་དུ་བཏང་ན་ཡང་། གནད་དོན་གཙང་ཐག་མ་ཆོད་པར་མཇུག་བསྡུས་པའི་ཁག་དཀྲི་ལག་ཕྱིས་ཀྱི་ཉེས་མིང་གཡོགས་ས་ཙམ་ཡིན་པ་ལས། རྒྱབ་ཏུ་དངོས་སུ་འཆར་བཀོད་བྱེད་མཁན་གྱི་ལག་དམར་བ་ངོ་མ་དང་ལྐོག་གསོད་ཀྱི་དམིགས་ཡུལ་དངོས་གནས་དེ། དུས་ཇི་སྲིད་བར་དུ་བརྟོལ་མི་ནུས་པའི་ལྐོག་གྱུར་གྱི་གསང་བ་རུ་གྱུར་འགྲོ་ཡི་ཡོད། མཇུག་འབྲས་ངོ་མ་དེ་དཀོན་མཆོག་ཁོ་ནས་མཁྱེན་ངེས།།

དཔྱད་རྩོམ།

Post navigation

Previous Post: རབ་བྱུང་ཡོངས་ལ་བསྟོད་བསྔགས་ཨུ་དུམ་དམར་པོའི་ཕྲེང་བ།
Next Post: མངོན་བསྟོད་གླེགས་བམ་ཞིག་ཐོན་པ།

Comments (2) on “ཨུ་རུ་སུའི་སྲིད་བློན་གཞོན་པ་ཟུར་པ་ལྐོག་གསོད་ཀྱི་གསང་བ།”

  1. ཐིའུ་སྟོབས་ལྡན། says:
    2015-03-07 at 12:35 am

    ང་ནི་ཁྱེད་ཀྱིས་བསྒྱུར་བའི་རྩོམ་རིགས་ལ་དགའ་མོས་བྱེད་མཁན་གྱི་ཀློག་པ་པོ་ཚོའི་གྲས་ཤིག་ཡིན་ལ། ད་དུང་ང་ནི་ཕལ་ཆེར་ཁོང་ཁྱེད་ཀྱིས་བསྒྱུར་བའི་འགྱུར་རྩོམ་གཅིག་ཀྱང་མ་ལུས་པ་བཀླག་མཁན་གྱི་གྲས་ཤིག་ཀྱང་ཡིན། ལྷག་པར་དུ་ཁོང་གི་རྒྱ་འགྱུར་གྱི་རྩོམ་རིགས་རྣམས་ཧ་ཅང་ཚད་ལྡན་ཡིན་པ། བོད་མི་དམངས་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་ངག་ལས་ཐོས། ཁོང་གིས་ད་དུང་ཏྲེ་བོ་ཐུབ་བསྟན་ལགས་ཀྱིས་བསྒྱུར་བའི་རྩོམ་གྱི་མ་ཡིག་དང་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་དང་བཅས་པ་ལ་བསམ་ན། ཁོང་གིས་འགྱུར་རྩོམ་དེ་དག་ལ་ངོ་མ་བྲོ་བ་འདུག་ཅེས་ཡང་ཡང་གསུངས་པ་ལྟར། ཡར་རྒྱས་ལ་མཐའ་མེད
    ་ཙང་ད་དུང་ཤུགས་རྒྱག་རོགས་ཞུ་འདོད་བྱུང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-07 at 12:51 am

    ་་་་་་་་་་་་་་་ ཆབ་སྲིད་གྱི་ཁ་གཏད་སྐུ་ཞབས་ནེམ་ཀྲི་སོ་ཝི་ལ་མྱ་ངན་ཞུས་ཡོད་པ་མ་ཟད། པུ་ཌིན་གྱིས་ཐེངས་འདིའི་ལྐོག་གསོད་དོན་རྐྱེན་ལ་སྐྱོན་བརྗོད་དང་། ད་དུང་མྱུར་དུ་ཆེད་ལས་ཚོགས་ཆུང་གསར་འཛུགས་ཀྱིས་རྩད་གཅོད་མཐིལ་ཕྱིན་བྱས་ཏེ། ལག་དམར་བ་ངེས་པར་དུ་ཁྲིམས་ལ་སྦྱར་དགོས་པའི་བཀའ་བཏང་། ་་་་་་་་་་་་་་་་་་་་་
    ཡང་།
    ་་་་་་་་་་་་་་ འོན་ཀྱང་། གནའ་ནས་ད་བར་འཛམ་གླིང་ས་ཕྱོགས་གང་སའི་ལོ་རྒྱུས་ནང་ཆབ་སྲིད་འཐབ་རྩོད་དང་འབྲེལ་བའི་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་མང་བྱུང་མྱོང་ཡོད་པ་དང་། གལ་སྲིད་ཉེས་ཅན་གྱི་ལག་དམར་བ་འཇུ་བཟུང་ཐུབ་པ་ཡིན་པའི་དབང་དུ་བཏང་ན་ཡང་། གནད་དོན་གཙང་ཐག་མ་ཆོད་པར་མཇུག་བསྡུས་པའི་ཁག་དཀྲི་ལག་ཕྱིས་ཀྱི་ཉེས་མིང་གཡོགས་ས་ཙམ་ཡིན་པ་ལས། རྒྱབ་ཏུ་དངོས་སུ་འཆར་བཀོད་བྱེད་མཁན་གྱི་ལག་དམར་བ་ངོ་མ་དང་ལྐོག་གསོད་ཀྱི་དམིགས་ཡུལ་དངོས་གནས་དེ། དུས་ཇི་སྲིད་བར་དུ་བརྟོལ་མི་ནུས་པའི་ལྐོག་གྱུར་གྱི་གསང་བ་རུ་གྱུར་འགྲོ་ཡི་ཡོད། མཇུག་འབྲས་ངོ་མ་དེ་དཀོན་མཆོག་ཁོ་ནས་མཁྱེན་ངེས།། ་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme