Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་པོ་གཉིས་ལ་མྱ་ངན་ཞུ།

Posted on 2015-02-172015-02-17 By ཁ་བརྡ 18 Comments on གྲོགས་པོ་གཉིས་ལ་མྱ་ངན་ཞུ།

ཨ་འདུས་མིག་ཆུ།

 

རྩོམ་པ་པོ་རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་གཉིས་ལ་ཕུལ།

དེ་རིང་ནི་གྲོགས་པོ་གཉིས་གྲོངས་རྗེས་ཀྱི་ཉིན་ལྔ་བ་དེ་རེད། ཐོག་དང་པོ་སྐད་ཆ་དེ་གོ་དུས་ཡིད་གཏན་ནས་མ་ཆེས། ཕྱི་ཉིན་ཁོང་གཉིས་ཡིན་པ་གསལ་ཐག་ཆོད་དུས། ངོ་མ་འདུག་མི་བཟོད་པའི་སྣང་བ་ཞིག་གིས་བཅངས་ཤིང་། ཅི་ཞིག་བྱ་དགོས་པའང་མ་

ཤེས། ཐ་ན་གཉིད་ཉལ་ཚེ་རྨི་ལམ་དུ་ཡང་ཁོང་གཉིས་རེས་མོས་ཀྱིས་འཆར་འོངས་བཞིན་འདུག

གྲོགས་པོ་འདི་གཉིས་ནི་བདག་དང་སྐྱེ་ཡུལ་གཅིག་པ་སྟེ། དེང་གི་དུས་སུ་རྔ་བ་སྟག་མོ་རྫོང་ཞེས་གཟུར་ནས་སེམས་པ་དགའ་ས་དང་། ཕྲག་དོག་ཅན་སྙིང་ཁམས་གཟེར་སའི་ཡུལ་གྲུ་དེ་ནས་ཡིན། མ་ཟད་ཁོང་གཉིས་རྔ་ཆུ་དལ་འབབ་རིང་མོའི་ཕ་རོལ་ཚུལ་རོལ་རེད། ལྷག་ཏུ་ཁོང་གཉིས་སྔོན་དུས་ཆོས་ཞུགས་བྱ་སའི་དགོན་པ་བྱས་ན་ཡང་རྩོམ་པ་པོ་རྔ་བ་ཆོས་གྲགས་ནི་སྒོ་མང་དགོན་པ་དང་། སྤྲོ་ཚིགས་ཆོས་གྲོགས་ནི་ཀིརྟི་དགོན་པ་གཉིས་ནས་རེད། རྔ་ཡུལ་གྱི་དགོན་ཁག་བཞི་བཅུ་ལྷག་ནས་བོད་ཀྱི་རིག་གཞུང་གི་སྦྱངས་པ་ཤིན་ཏུ་ཟབ་པའི་དགོན་པ་དེ་གཉིས་ལས་དང་པོའི་རིག་གནས་སྦྱོང་བའི་འགོ་ཚུགས་པ་རེད།

ཁོང་གཉིས་ཀྱི་སྐྱེ་དུས་ཀྱི་ལོ་རབས་མི་གཅིག་ན་ཡང་འཆི་དུས་ཀྱི་གནས་བབས་ལ་བསམས་ན་ཁོང་གཉིས་ངོ་མ་ལོ་ཆུང་ཆུང་རེད། ཁོང་གཉིས་ནི་ཚོར་བ་ཙམ་ཡིག་ཐོག་ལ་བཀོད་ནས་ཁེངས་སེམས་ཀྱི་མགོ་བོ་མཐོ་བ་དག་དང་མི་འདྲ་བར་ཤེས་ཡོན་རིག་གནས་ལ་སྦྱངས་པ་རིང་དུ་སོང་ཞིང་། ཕུགས་བསམ་གྱི་འདུན་པ་རྒྱ་ཆེར་ཡོད་པའི་རྩོམ་པ་པོ་ཡག་པོ་གཉིས་ཡིན་པ་བདག་ལ་གསལ་ཆ་ཧ་ཅང་ཆེ།

བདག་ལ་མཚོན་ན་རྩོམ་པ་པོ་གཉིས་ཆར་འདྲིས་ཆ་ཡོད་ལ། ཁོང་གཉིས་ཀས་ཀྱང་རང་རང་གིས་བརྩམས་གནང་མཛད་པའི་དཔེ་ཆ་རེ་ཕྲན་ལ་གནངས་མྱངས། མ་ཟད་སྔོན་དུས་ཤིག་ལ་ཁོང་གཉིས་མཉམ་དུ་པར་རེ་རེ་བསྒྲོན་པ་ཡང་དྲན་བཞིན་འདུག རྒྱུ་མཚན་འདི་དག་ལ་བསམས་ན། གྲོགས་པོ་འདི་གཉིས་དེ་ཡག་དང་འདི་ངན་གྱི་སྐད་ཆ་བཤད་ཁྱོན་ནས་མི་ཤེས། མི་སྣ་འདི་གཉིས་ཀ་སོ་སོར་ཁྱད་ཆོས་རེ་ཡོད་མོད། ཁོང་གཉིས་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་ཤིན་ཏུ་དགའ་བ་དེ་རེད།

གྲོགས་པོ་འདི་གཉིས་ལ་ངན་པའི་ཆ་རེ་ནི་མི་ཞིག་ཡིན་པའི་ཆ་ནས་ཡོད་ངེས་པ་རེད། དྲི་མེད་དྭངས་གཙང་གི་མི་ཡག་པོ་ཞིག་སྲིད་ན་དཀོན་པས་སྐྱོན་ཆ་ནི་ཡོད་ཡོད་པ་རེད། ཡིན་ཡང་ད་སྐབས་ཁོང་གཉིས་ཀ་ཕྱི་མར་བཞུད་ཟིན་པས་སྐྱོན་ཆ་གླེང་དགོས་དོན་མི་འདུག་སྙམ། ང་ལ་མཚོན་ན་ང་རང་གི་ཚོར་བ་དང་མ་བསྟུན་པའི་སྐྱོན་ཆ་རེ་བཤད་དུ་ཡོད་སྲིད་ཀྱང་དོན་དངོས་ལ་གཟིས་ཡོད་མེད་ཅི་ཆ། ཡིན་ཡང་ཁོང་གཉིས་ཀྱི་ཡོན་ཏན་གྱི་ཆ་ལ་ཕྱི་དྲན་རེ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད།

དེའི་ཕྱིར་ན། རྔ་བ་ཆོས་གྲགས་ལགས་ནི། ཆུང་བྱིས་དུས་ནས་ད་བར་ཤེས་ཡོན་རྐྱང་པར་ཐོས་བསམ་བྱས་ཏེ་ཡོང་མཁན་ཞིག་རེད་ཅེས་བཤད་ཀྱང་ཆོག་པ་ཞིག་རེད། དེའི་རིང་ལ་《དམར་ཆུང་སྙིང་གི་འཕར་ལྡིང་། 》དང་《གཡག་རོག་ཞོལ་ཆེན་ཁྲོས་པའི་ཧར་སྒྲ》དེ་བཞིན་སྙན་རྩོམ་དེབ་གཞན་ཞིག་བཅས་སྙན་ངག་དེབ་གསུམ་དང་། དེ་བཞིན་《སྒྲུང་རྩོམ་སྙིང་ཁྲག་ཁོལ་བའི་རྦ་རླབས》ཏེ། བརྩམས་སྒྲུང་གི་དེབ་གཅིག གཞན་《ཆེས་འཐའ་འཇུག་གི་གསང་བའི་གནས》ཞེས་པ་དང་། 《 གྷོ་ར》ཞེས་པའི་བརྩམས་སྒྲུང་དེབ་རྒན་མ་གསུམ་བཅས་བསྒྱུར་རྩོམ་གཉིས་དང་མདོར་ན་དཔེ་དེབ་བདུན་ཙམ་ཡོད། འདི་དག་ནི་རྩོམ་པ་པོ་གང་ཉིད་ཀྱིས་ང་ཚོའི་མི་རིགས་ཀྱི་རིག་གནས་ལ་བཞག་པའི་རྗེས་ཤུལ་ངོ་མ་དེ་ཡིན་ཙ་ན་རྐང་རྗེས་ལག་བསུབ་བྱེད་སར་གཏན་ནས་མི་འགྲོ།

སྤྲོ་ཚིགས་ཆོས་གྲགས་ལགས་ནི། ཆུང་ནས་ད་བར་སློབ་སྦྱོང་མཚམས་མ་བཞག་པར་ཡོང་ཞིང་། ཞོར་དུ་ཆབ་སྲིད་ལ་ཡང་དོ་དབྱིངས་ཡོད་པའི་མི་བུ་ཞིག་ཡིན། ལྷག་ཏུ་ཁོང་གི་ལས་ཀ་མང་པོ་ཞིག་ཕྱི་ཚོགས་ཁྲོད་ཕྱིར་མངོན་བྱ་ཐུབ་ཡོད་པས་ཁོང་ངོ་ཤེས་མཁན་ཧ་ཅང་མང་པོ་རེད། དེ་བཞིན་ཁོང་གིས་《བོད་དང་བོད་ཀྱི་ཁྱད་ནོར》ཞེས་པའི་དཔྱད་རྩོམ་དེབ་ཅིག་དང་། 《བོད་རིག་པ་ཞིབ་འཇུག》ཅེས་པའི་ཞིབ་འཇུག་གི་དུས་དེབ་ཅིག་ཡོད། དེ་བཞིན་ལས་ཀའི་ངོས་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། སྨོན་ལམ་བརྡ་ཕྲིན་ཞིབ་འཇུག་ཁང་གི་དྲུང་ཡིག་སོགས་བྱས། འདི་དག་ཚང་མ་གྲོགས་པོ་གང་གིས་བཞག་པའི་རྗེས་ཤུལ་ངོ་མ་དེ་ཡིན་པས་སུས་ཀྱང་བསྙོན་འདིང་མི་ཐུབ།

ཁོང་གཉིས་ལས་སློབ་སྦྱོང་གི་བརྒྱུད་རིམ་དང་གནས་ཚད་ཀྱི་གཏིང་ཟབ་རིམ་གྱི་ངོས་ནས་བསམས་ན། རྔ་བ་ཆོས་གྲགས་ཕུན་སུམ་ཚོགས་པར་ངེས། རྒྱུ་མཚན་ནི། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཕྱོགས་ཡོངས་ནས་སྦྱངས་པ་མི་དམན་པར་མ་ཟད། རྒྱ་སྐད་དང་ལེགས་སྦྱར། ཧིན་དུ་སྐད་སོགས་ལ་ཡང་སློབ་སྦྱོང་བྱས་ཡོད་པ་རེད། དེ་བཞིན་དབྱིན་ཡིག་ལ་ཆེད་སྦྱོང་བྱས་ཏེ། ལོ་མང་པོ་ཕྱིན་ཡོད་པ་རེད། ཡིན་ཡང་ལོ་ཚད་ཀྱི་ངོས་ནས་བལྟས་ན་ཁོང་གཉིས་བར་ལ་ལོ་བཅུ་ལྷག་གི་ཁྱད་པར་ཡོད་པས་སྤྲོ་ཚིགས་ཆོས་གྲགས་ལགས་སུ་ད་དུང་སློབ་སྦྱོང་བྱེད་པའི་དུས་ཚོད་ཧ་ཅང་རིང་ཞིང་། བློ་རིག་རྣམ་པར་བཀྲ་བས་ན་ཁོང་ལ་མདུན་ལམ་རྒྱ་ཆེན་པོ་རེད། དེའི་ཕྱིར་ན། ཁོང་གཉིས་གང་ལ་བལྟས་ཀྱང་བོད་ཀྱི་ཤེས་ཡོན་རིག་གནས་ཀྱི་ངོས་ནས། ཧ་ཅང་ཕངས་པའི་རྩོམ་པ་པོ་གཉིས་ཡིན།

དེང་དུས་འདི་གཉིས་ཀྱི་སྐོར་འབྲི་མཁན་ཁྲོད་ན། མི་སྣ་དེ་གཉིས་ཀྱི་ཤེས་ཡོན་གྱི་ངོས་ནས་གལ་ཆེའི་རང་བཞིན་དུ་མི་བལྟ་བར་རང་གི་འབྲེལ་བ་ཡོད་མེད་གཙོ་བོར་བཟུང་སྟེ། གཅིག་བཟང་གཅིག་ངན་གྱི་ཡིག་འཆལ་སྣ་ཚོགས་འབྲི་བཞིན་པ་ནི་བློ་ཕམ་གྱི་གནས་ཤིག་ལས་གང་ཡང་མི་འདུག སྤྲོ་ཚིགས་ཆོས་གྲགས་གྲྭ་ཟུར་ཞིག་ཡིན་ལ། ཁོང་ནི་ཆོས་སྲིད་གཉིས་ཀར་ཁ་ཕྱོགས་པའི་ཤེས་ཡོན་ཅན་ཞིག་ཡིན། ཁོང་གིས་དོན་དངོས་བོད་ཀྱི་རིག་གནས་ཀྱི་ཐད་ལ་ལས་ཀ་གང་ཞིག་བྱས་ཡོད་མེད། ང་ཚོ་ཚང་མས་མཐོང་ཆོས་མྱོང་གྱུར་དང་གླེང་བཞིན་པ་དེ་ལས་གཞན་དམིགས་བསལ་བཤད་རྒྱུ་གང་ཡང་མེད། ཡིན་ཡང་ཁོང་ནི་འགྲུལ་ལམ་སོགས་གང་དུ་ཆས་ཀྱང་དེབ་ཅིག་དང་རྟགས་སྨྱུག་ཅིག་བཟུང་ནས། ཁོམ་སྐབས་ནམ་ཡོད་ལ་དཔེ་དེབ་ཀློག་ཅིང་དཔེ་རྟགས་བརྒྱབས་ནས་འདུག་མཁན་ཞིག་ཡིན། མ་ཟད་ཁོང་གིས་ང་ལ“མིག་ཆུ། ནམ་རྒྱུན་ཚོར་པ་ཙམ་འབྲི་མི་འདུག་པར་ཞིབ་འཇུག་གི་གནས་ཚད་རན་པའི་རྩོམ་ཡིག་སྤུས་ལེགས་ཤིག་བྲི་བར་ཤུགས་བརྒྱབ་དགོས། དེ་བཞིན་རིག་གཞུང་གི་རྐང་ཟིན་པའི་བོད་ཀྱི་གནའ་བོའི་དཔེ་རྙིང་ཚད་ལྡན་དག་བཀླག་དགོས”ཞེས་གསུངས་མྱོང་ལ། ཁོང་གིས་རྣམ་རྒྱུན་ངས་དངོས་མིང་གི་མི་འབོད་པར་པིར་མིང་གི་ལམ་ནས་མིག་ཆུ་ཞེས་འབོད་པ་ཡིན།

རྔ་བ་ཆོས་གྲགས་ནི། དགེ་འདུན་པ་ཞིག་ཡིན་པ་དང་ཤེས་ཡོན་རྐྱང་པར་བརྩོན་མཁན་ཞིག་ཡིན། ཁོང་ཕྱི་རྒྱལ་ནས་སློབ་མཐར་ཕྱིན་ཏེ་ས་རཱ་མཐོ་སློབ་ཏུ་འཆམ་བསྐྱོད་དུ་ཡོང་སྐབས་ཤིག་ལ་ངེད་གཉིས་ས་རུབ་ཁ་ཞིག་ལ་ཐུག་ཅིང་། སྐབས་དེར་ཁོང་གིས།“ མྱི་ལྡང་། སྦྱོང་གཞི་མང་པོ་ཞིག་སྦྱངས་ན་ཡག་པོ་རེད། ཡིན་ནའང་རིག་གཅིག་རྐང་འཛིན་བྱས་ཏེ། དེའི་སྒང་ལ་ཤུགས་བརྒྱབ་དགོས་པ་ཧ་ཅང་གལ་ཆེ། མང་པོ་ཞིག་སྦྱངས་ཏེ་གང་ནས་ཤོད་ཟེར་ནས་དེ་ནས་བཤད་རྒྱུ་ཡོད་ཀྱང་གཅིག་གི་སྒང་ལ་ཧྲ་ཐག་ཐག་ཅིག་བཤད་རྒྱུ་མེད་ན་ཐབས་སྐྱོ་བོ་རེད། དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་མང་པོ་རེད། དེ་ངའི་ཉམས་མྱོང་ཡིན། ངེས་པར་གཅིག་གི་སྒང་ལ་ཡག་པོ་ཞིག་སྦྱོངས་”ཟེར། ཡང་ཁོང་གིས་“བདག་གིས་ནུབ་ཕྱོགས་ནས་སློབ་སྦྱོང་བྱས་རིང་། སྤྱིར་བཏང་རྒྱལ་ཁབ་གཅིག་ལ་གྲགས་པ་ཙམ་མ་ཡིན་པར་འཛམ་གླིང་ལ་སྐད་ཀྱིས་ཆོད་པའི་ནུབ་ཕྱོགས་མཚན་ཉིད་རིག་པ་སོགས་ལྟ་གྲུབ་གྱི་དཔེ་དེབ་བདུན་ཅུ་ལྷག་བཀླགས་ཟིན་ལ། ང་ཚོའི་མི་རིགས་འདི་ལ་དགོས་ངེས་ཀྱི་ནུབ་ཕྱོགས་ལྟ་གྲུབ་སྐོར་གྱི་དཔེ་དེབ་མང་པོ་འདུག”་ཟེར། སྐབས་དེར་ངས་འོ་ན་ཁྱོད་ཀྱི་ངོས་ནས་དེ་དག་ལས་ཚུར་གཅིག་བསྒྱུར་ན་ཞེས་བཤད་པ་ཡིན། ཁོང་གིས་འགའ་ཤས་བསྒྱུར་འདོད་ཀྱི་འདུན་པ་ཡོད་ཚུལ་སོགས་ང་ལ་བཤད་མྱོང་། དེ་བཤད་ནས་ལོ་འགའ་ཤས་ཕྱིན་ཟིན་པ་རེད།

གྲོགས་པོ་འདི་གཉིས་ཀྱིས་བདག་གི་སྒེར་ལ་དམིགས་པའི་སྐད་ཆ་དག་ནི། དོན་དངོས་ཁོང་གཉིས་ཀྱི་ཕུགས་བསམ་རེད་ལ། མ་ཟད་ཁོང་གཉིས་ཀྱི་དམིགས་ཡུལ་ཡང་རེད། ང་ལ་མཚོན་ན། གྲོགས་པོ་འདི་གཉིས་ལས་གང་གྲོངས་ཀྱང་ཕངས་སེམས་ཧ་ཅང་ཆེ། འདི་ནི་འབྲེལ་བ་ཙམ་མ་ཡིན་པར་ཁོང་གཉིས་ཀྱི་ཕུགས་བསམ་དང་། ཁོང་གཉིས་ཀྱི་ཤེས་ཚད། ཤུལ་བཞག་གི་རྩོམ་ཡིག་དག་གང་ལ་བལྟས་ཀྱང་བོད་ཀྱི་ཤེས་རིག་གི་ངོས་ནས་འདི་ལྟར་གཉིས་ཀ་གྲོངས་པར་ཧ་ཅང་ཕངས།

ཁོང་གཉིས་ཇི་ལྟར་གྲོངས་སོང་བ་དང་རྒྱུ་རྐྱེན་གང་ཡིན་བཤད་མཁན་དག་གིས་ཚོད་དཔག་ཙམ་ལས་གང་ཡང་ཤེས་བཞིན་མི་འདུག ལྷག་ཏུ་ཡུལ་ངོས་ནས་བྲིས་པ་ཡིན་ཟེར་པའི་ཡིག་འཆལ་དེ་འབྲི་མཁན་གྱིས་བདེན་ཐུབ་ཀྱི་སྐད་ཆ་ཞིག་བཤད་མི་འདུག སྔོན་མའི་གླེང་རྙོག་ཅིག་བསྐྱར་བཤད་བྱས་ཏེ། ཁྲག་དྲི་བྲོ་བའི་དོན་ཆེན་ཞིག་ཡང་བསྐྱར་འགོ་རྩོམ་པར་རེ་མི་འདུག་གམ་སྙམ། ལོ་བདུན་བརྒྱད་ཅིག་ཕྱིན་པའི་རྙིང་སོང་གི་རྙོག་གླེང་དེ་བསྐྱར་དུ་རྫུན་གཏམ་དང་འདྲེས་དེ་བཤད་དགོས་དོན་གང་ཡང་མི་འདུག་སྙམ། དེ་ལྟར་བསྐྱར་བཤད་ཡང་བཤད་བྱས་ཚེ། གླེང་རྙོག་གི་རྩ་བ་བཟོ་མཁན་འཚོལ་དགོས་པའི་སླར་ཡང་གནས་སྟངས་ཡ་ང་བ་ཞིག་མི་ཡོང་བའི་ངེས་པ་གང་ན་ཡོད།

གང་ལྟར་ཁོང་གཉིས་ཤེས་ཡོན་དང་རྣམ་དཔྱོད་ལྡན་པའི་མི་གཉིས་ཡིན་ནའང་ཁོང་ཁྲོའི་གཞན་དབང་དུ་གྱུར་པ་རེད། ཁོང་ཁྲོའི་གཞན་དབང་དུ་གྱུར་ན་སྐྱེས་བུ་དམ་པ་ཡིན་ཟེར་མཁན་དག་གིས་ཀྱང་མཚོན་ཆ་ཐོགས་ཏེ་མི་བསད་པའི་ལོ་རྒྱུས་བོད་ཀྱི་དེབ་ཐེར་དག་ན་གསལ་པོ་རེད། ཡིན་ཡང་སྐབས་ཐོག་གི་རྒྱུ་རྐྱེན་གང་ཡིན་ཡུལ་ངོས་ནས་བཙལ་ཞིང་རག་ཡོད་ན་ཧ་ཅང་བཟང་མོད། དེ་ནི་ཁོ་རང་གཉིས་ཀྱིས་ཤེས་པ་ལས་གཞན་སུས་ཀྱང་ཤེས་མི་སྲིད་པ་རེད། ཁོང་གཉིས་ལས་གྲི་འཛུགས་མཁན་དང་པོ་སུ་ཡིན་ཡང་རྒྱུ་དང་རྐྱེན་མེད་པར་གློ་བུར་དུ་འཛུགས་མི་སྲིད་པ་ཞིག་རེད། ཁོང་གཉིས་ཀ་མི་གཤིས་འཇམ་པོ་དང་སྣང་བ་སྐྱིད་པོ་ཡོད་པའི་མི་གཉིས་ཡིན། ནམ་རྒྱུན་ནས་ཁོང་གཉིས་ཆའི་ངོ་གདོང་ལ་འཛུམ་གྱིས་ཁེངས་སྡོད་ས་གཉིས་ཡིན།

དེའི་ཕྱིར་ན། གྲོགས་པོ་འདི་གཉིས་གྲོངས་ཟིན་པའི་བར་གླགས་དང་བསྟུན་ནས་སྐབས་འཚོལ་བ་དག་གིས་དོན་མེད་དགོས་མེད་ཀྱི་གླེང་ཕྱོགས་བཟོ་སྲིད་ལ་བཟོ་བཞིན་ཡང་འདུག་པས། དེ་དག་གིས་ངེས་པར་སྐད་ཆ་གང་བཤད་ལ་གཟབ་དགོས་པ་དང་། འགན་ཡང་ཁུར་དགོས་པ་རེད་འདོད་བཞིན་ཡོད། འགན་མེད་པའི་སྐད་ཆ་ཆུ་ནང་གི་ལྦུ་བ་བཞིན་བརྡོལ་ནས་མ་འོང་ན་ཡག་པོ་རེད་འདོད།

སྤྱིར་བཙན་བྱོལ་ནང་ལ་མིང་ཡོད་པའི་རྔ་བའི་ཤེས་ཡོན་པ་འགའ་ཤས་ཡོད་པ་ལས། རྔ་བ་ཤེས་རབ་དང་། བློ་བཟང་སྨོན་ལམ། རྔ་བ་ཆོས་གྲགས། སྤྲོ་ཚིགས་ཆོས་གྲོགས་བཅས་ཡིན་ལ། འདི་དག་གི་ཆེད་ལས་ཀྱི་ངོ་བོ་སོ་སོ་ནས་མི་འདྲ་བར་འདོད། དཔེར་ན། རྔ་བ་ཤེས་རབ་ལ་མཚོན་ན། ཚན་རིག་གི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། སྨོན་ལམ་གྱིས་གློག་ཀླད་སྐོར་ནས་ནུས་ཤུགས་འདོན་བཞིན་པ་རེད། རྔ་བ་ཆོས་གྲགས་ཀྱིས་ནུབ་ཕྱོགས་རིག་གནས་ཀྱི་ལྟ་གྲུབ་དང་སྒྱུ་རྩལ་རྩོམ་རིག་བོད་བསྒྱུར་བྱེད་པའི་ཕྱོགས་ལ་འབད་བཞིན་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་བོད་ཀྱི་རིག་གཞུང་གི་རྐང་འཛིན་པའི་ཐོག་བོད་རིག་པ་ཞིབ་འཇུག་ཡང་དག་པའི་མཁའ་དབུགས་གཙང་མ་ཞིག་ཡོང་བར་སྒོ་གང་ཐད་ནས་འབད་བཞིན་ཡོད།

མི་འདི་དག་ཚང་མས་བོད་ཀྱི་ནང་བསྟན་རིག་གཞུང་ལ་སྦྱངས་པ་བྱས་ཡོད་པར་མ་ཟད། བོད་ཀྱི་ཐ་སྙད་རིག་གནས་ལ་ཡང་ཕུན་སུམ་ཚོགས་པ་རེ་ཡིན་ལབ་ཀྱང་ཆོག་མོད། གང་ལྟར་ཆེད་ལས་ཀྱི་ངོས་ནས་འདི་དག་ཚང་མས་བོད་མི་རིགས་ལ་བྱས་རྗེས་འཇོག་བཞིན་པའི་སྒང་ཡིན་ཙང་། སྤྲོ་ཚིགས་ཆོས་གྲགས་དང་རྔ་བ་ཆོས་གྲགས་གཉིས་གྲོངས་པར་བདག་ལ་ནི། བློ་ཕམ་ཆེན་པོ་བྱུང་།

སྐུ་ཚེའི་འཕེན་པ་རྫོགས་པའི་གྲོགས་པོ་འདི་གཉིས་ཀ་ཕྱི་མར་བཞུད་ཟིན་དུས། གཞི་ནས་འདི་གཉིས་ཀྱི་རིན་ཐང་ཤེས་འོང་ལ། དེ་ནི་ང་ཙམ་མ་ཡིན་པར་བོད་མི་མང་ཙམ་གྱི་གནའ་ནས་ད་བར་བརྒྱུད་དེ་འོང་བའི་རྒྱུན་སྲོལ་རྙིང་པ་ཞིག་རེད། སྤྲོ་ཚིགས་ཆོས་གྲགས་ངེད་གཉིས་ཤེས་ཚད་ཀྱི་ཆ་ནས་གནམ་དང་ས་ཡིན་ནའང་ལོ་ཚད་གཅིག་པ་ཡིན་པས་རྩོད་པ་མང་པོ་བྱེད་མྱོང་ལ། བསམ་བློའི་ཁ་ཕྱོགས་འཛིན་ཚུལ་ཡང་མི་འདྲ་བས་སྐབས་ལ་རེར་ཁོ་བོ་རླུང་མང་པོ་ལངས་མྱོང་། དེ་བཞིན་ཕྲན་གྱིས་གྲྭ་ས་ནས་དཔེ་ཆ་ཏོག་ཙམ་ལྟ་མྱོང་བའི་དབང་གིས་རྔ་བ་ཆོས་གྲགས་དང་མཉམ་དུ་ཀུན་མཁྱེན་འཇམ་བཞད་དང་པཎ་ཆེན་བསོད་གྲགས་པའི་ཡིག་ཆའི་སྐོར་ནས་རྩོད་ཁུལ་བྱེད་མྱོང་། གང་ལྟར་སྐད་ཆ་བཤད་ནས་གླགས་མ་ཁེལ་དུས་ཁོང་ཁྲོ་ཟ་མྱོང་། ཁོང་ཁྲོ་ལངས་རྒྱུ་ནི་ང་རང་གི་གཤིས་ཀ་ཞིག་རེད།

རྩོམ་ཡིག་འདིར་ངའི་སྐོར་གྱི་སྐད་ཆ་ཞིག་ཡོང་བཞིན་པ་ནི། ང་ཁོང་གཉིས་ལ་འདྲིས་ཆ་ཡོད་པའི་རྣམ་པ་ཞིག་བསྟན་པ་ལས། རང་ཉིད་ཤེས་ལྡན་པ་ཞིག་ཡིན་པར་གཏན་ནས་སྒྲུབ་བཞིན་མེད། འབྲེལ་འདྲིས་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་གྲོགས་པོ་འདི་གཉིས་གློ་བུར་དུ་སྐུ་གྲོངས་བ་ནི་བློ་ཡུལ་ལས་འདས་སོང་། གྲོགས་པོ་འདི་གཉིས་གྲོངས་པའི་གཏམ་ངན་དེ་རྣ་སྒོར་ལྷུང་དུས་སེམས་པ་སྐྱོ་གདུང་གིས་ཁེངས་ཤིང་། སྙིང་ཁམས་ན་ཟུག་གིས་གཟིར་སོང་།

ད་ནི་གྲོགས་པོ་འདི་གཉིས་ལ་བློ་དགའ་ཞིང་སེམས་དཀར་པའི་གྲོགས་པོ་རེ་ཡོད་ན། གླེང་ཕྱོགས་རྫུན་མས་ས་གཞི་ཁེབས་པར་མ་བྱས་པར་ཁོང་གཉིས་ཀྱི་ཤུལ་ཏུ་ལྷག་པའི་ཡིག་ཆ་དག་བདག་ཉར་ལེགས་པོ་བྱ་རྒྱུ་གལ་ཆེན་པོ་རེད། གློག་ཀླད་དང་ཡང་ན་འཐེན་སྒམ་གང་རུང་ན་ལྷག་པའི་སྒྱུར་རྩོམ་དང་། ཡང་ན་དཔྱད་པར་བྱས་པའི་ཞིབ་འཇུག་གི་དེབ་ཕྲེང་སོགས་ལྷག་ཡོད་སྲིད་པས། ངེས་པར་གྲོགས་ཀྱི་འདུ་ཤེས་དང་ལ་རྒྱ་ལ་བསམས་ན། ཁོང་གཉིས་གང་རུང་སྨད་ཅིང་བསྟོད་པར་བརྩོན་རྒྱུ་མ་ཡིན་པར་ལག་རྗེས་ཀྱི་ལྷག་མར་ལུས་པ་དེ་དག སྤུས་ཀ་ཡང་དག་གི་ངོས་ནས་བོད་ཀྱི་སྤྱི་ཚོགས་དང་། བོད་ཀྱི་ཤེས་རིག་ངོས་ལ་དེབ་ཏུ་དཔར་བསྐྲུན་བྱ་རྒྱུ་འགངས་ཆེན་རེད་འདོད་ཡོད།

མདོར་ན། མི་བསད་ཁྲག་སྦྱོར་ལ་ཀི་རིངས་འདེབས་པའི་དྲ་ཐོག་གི་དྲྭ་འབུ་དག་དང་། ཡི་གེའི་གད་སྙིགས་སྤུངས་པར་དགའ་བའི་ཡི་གེ་བ་དེ་ཚོས་འཆམ་མཐུན་གྱི་ངོ་བོ་ལ་ངེས་ཟིན་དང་། མི་གཞིའི་རྩིས་ཐང་ལ་བརྩི་བཀུར་ཡོད་པའི་ཐོག་ནས་རྩོམ་ཡིག་རེ་བྲི་དགོས་པ་ནི། ད་ལྟའི་གནས་སྟངས་འདི་ཡིས་ངེས་ཤེས་འདྲོང་ཡོད་པར་ངེས། ད་ལྟའི་དོན་རྐྱེན་དེ་ནི་མི་སྒེར་གཉིས་ཀྱི་ཁོང་ཁྲོའི་བྱས་ཉེས་ལས་བྱུང་བ་ལས། ཚོགས་པ་དང་ཆོས་རྒྱུད་ག་གེ་མོ་ལ་བསྙོན་འཛུགས་ས་གང་ཡང་མེད་པ་ལོས་ཤེས་འདོད། བོད་ཀྱི་སྤྱི་ཚོགས་ཀྱི་ནང་རུལ་པ་དག་གིས་སྐྱོན་ཆུང་ཆུང་ཞིག་སྤྱི་ཚོགས་ཆེན་པོ་ཞིག་ལ་བཙན་འགེལ་བྱེད་བཞིན་པ་ནི། བོད་ཀྱི་ནང་ཁུལ་དཀྲུགས་པའི་རྒྱུ་ལས་གང་ཡང་མིན་པ་ཤེས་དགོས་པ་ཞིག་ཏུ་མཐོང་།

གང་ལྟར་ཁོང་གཉིས་འདི་ལྟར་དོན་མེད་དུ་མི་ཡུལ་ནས་ཆས་ཟིན་ལ། མ་ཟད་ཁོང་གཉིས་ཀྱིས་བོད་ཀྱི་ཤེས་རིག་ལ་བཞག་པའི་གྲུབ་འབྲས་དང་། ལྷག་ཏུ་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་མྱ་ངན་ཞུ་བཞིན་ཡོད། དེ་བཞིན་ཕྲན་གྱི་རྩོམ་ཡིག་འདི་གང་ཐུབ་ཀྱིས་རང་གི་ཚོར་སྣང་རྗེས་འབྲེལ་བྱས་པ་ཙམ་ལས། ཕྱོགས་ལྷུང་གི་བསམ་བློ་ཡིས་སེམས་ཁམས་བསླུས་ཏེ་བྲིས་མེད་པས་སྐད་ཆ་འདི་གཙང་མ་ཞིག་ཡོང་ཡོད་པར་ཡིད་ཆས་ཡོད། འོན་ཀྱང་གླེང་ཕྱོགས་བཟོ་བསྐྲུན་ལ་དགའ་བའི་རུལ་སུངས་ཀྱི་མྱི་དག་གིས་བསྐྱར་དུ་དགོས་མེད་ཀྱི་གླེང་མི་འགེལ་བའི་རེ་བ་ཡོད།

གྲོགས་པོ་ཁོང་གཉིས་ཕྱི་མར་བཞུད་པའི་གཏམ་ངན་དེ་གོ་དུས་མཚན་ཐུབ་ཀྱི་མཆོད་མེ་ཆེན་པོ་ཞིག་ཁོང་གཉིས་ཀྱི་དགེ་རྩ་ལ་སྤར་བ་ཡིན་ལ། དགེ་རྩ་འདིས་མ་འོངས་པར་བོད་ཡུལ་གྱི་གྲི་མཚོན་ནང་འཛིང་གི་ཁྲག་གི་འཁོར་ལོ་སྐོར་བའི་རྒྱུན་སྲོལ་ངན་པ་འདི་རྒྱུན་ཆད་པར་སྨོན་ཡོད་ལ། ལྷག་ཏུ་སྣང་གསལ་གྱི་སྒྲོན་འོད་བཞིན་གྲོགས་པོ་གང་གཉིས་བོད་ཀྱི་སྤྱི་ཚོགས་སུ་སྔར་ལས་ལྷག་པའི་ཤེས་ལྡན་མི་སྣ་རེའི་སྐྱེ་བ་ལེན་པའི་སྨོན་ལམ་བཏབ་པ་ཡིན། མ་ཟད་མཚན་ཐུབ་ཀྱི་མཆོད་མེ་གཉིས་མ་སྤར་བར་གཅིག་བསྒྲོན་དགོས་པ་འདིས་ཀྱང་ཁོང་གཉིས་སྐྱེ་བ་ཕྱི་མར་འོ་ཆུ་གཅིག་འདྲེས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡོང་བར་སྨོན་ཡོད།

གང་ལྟར་ཁྱེད་གཉིས་གྲི་གཅིག་གི་མཚོན་རྩེ་ནས་ལྔ་ལམ་དུ་ཆས་ཤིང་། དེ་རིང་ཡང་གོ་ཐོས་ལྟར་ན། ཞུགས་ཆེན་འོད་ཀློང་ན་ཕུང་པོ་མེར་བསྲེགས་ཤིང་རྣམ་ཤེས་གཉིས་དུད་ཞགས་ཀྱི་རྨུ་ཐག་དང་སྦྲེལ་ནས་བཞུད་པའི་ཉིན་མ་དེ་ཡིན་སྐད། སྐབས་འདི་ལ་སྐྱིད་སྡུག་གཅིག་པའི་རང་རེའི་ཕ་ཡུལ་གཅིག་པ་མང་དག་ཅིག་ལྷན་གཅིག་ཏུ་འཛོམས་ཏེ། ཁྱེད་གཉིས་ལ་ཕེབས་སྐྱེལ་གྱི་རྫོངས་པ་བྱེད་བཞིན་འདུག་སྐད་ལ། ཕ་ཡུལ་གཅིག་པའི་སྤུན་ཟླ་དག་གིས་ཁྱེད་གཉིས་ཀྱི་བྱེད་ཕྱོགས་ལ་ངོ་ཚ་ཞིག་དང་གནོངས་ཤིག་ཁུར་ཏེ་ཡོད་ངེས། འོན་ཀྱང་ཁྱེད་གཉིས་ཀྱི་ལོ་ཟླ་མང་པོ་ཞིག་ལ་དཀའ་སྤྱད་སྡུག་རུས་བྱས་པ་དག་སེམས་ནས་བརྗེད་ཡོད་མི་སྲིད།ཕ་ཡུལ་གཅིག་པའི་སྤུན་ཟླ་མང་དག་ཅིག་ཁྱོད་གཉིས་ཀྱི་དུར་ཁུངས་སུ་འཛོམས་སྐད་འདུག་ལ། ཁྱོད་གཉིས་དམར་འཛིང་བྱེད་སའི་གནས་དེ་ནས་སྐྱོ་སྡུག་གི་འཁུན་སྒྲ་རེ་འབྱིན་ཞིང་མིག་ཟུང་ནས་མཆི་མ་རེ་ལྷུང་མྱོང་པའི་སྐད་ཆ་ཡང་མང་ཙམ་འདུག

རྒྱུ་མཚན་ནི། མི་འདི་དག་ཚང་མ་ཁྱེད་གཉིས་ལ་དགའ་བ་མང་ཞིང་རེ་བ་ལྕི་དྲགས་པས་ལོས་ཡིན། གང་ལྟར་ད་ནི་ཕྱི་མར་བཞུད་ཟིན་པས་བདེ་བར་བཞུད་ཅིག ངས་ཀྱང་རང་ཉིད་ལ་གསལ་འདེབས་བྱེད་བཞིན་སྔར་ཁྱེད་གཉིས་ཀྱིས་ང་ལ་བཤད་པའི་སྐད་ཆ་དེའི་དོན་སྙིང་གི་ཕྱོགས་ལ་གཞོལ་དགོས།

ད་ནས་བཟུང་རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་ཆོས་གྲགས་ཞེས་ང་ཚོའི་ཕ་ཡུལ་གྱི་མིང་ཡིག་གིས་བརྒྱན་པའི་རེ་བ་ཅན་གྱི་ཆོས་གྲགས་གཉིས་མེད་སོང་བ་རེད། ངོམ་དུ་རེ་བའི་གྲོགས་པོ་གཉིས་ང་ཚོ་དང་གཏན་དུ་བྲལ་སོང་བ་རེད། འོན་ཀྱང་ཁྱེད་གཉིས་ཀྱི་དཔེ་དེབ་དག་གིས་སླར་ཡང་ང་ཚོ་དང་བགྲོ་གླེང་བྱ་ངེས་ལ། བསྐྱར་དུ་བསམ་བློ་བརྗེ་སྲིད། གྲོགས་སྤྲོ་ཚིགས་ཆོས་གྲགས་ཀྱིས་བདག་ལ་འབོད་པ་ལྟར། མིག་ཆུ་མོད་པོ་ཞིག་གིས་གྱེས་འཚམས་འཇོག སླར་ཡང་བོད་ཡུལ་ལ་ཕེབས་ཤོག དེ་ལས་ཀྱང་རང་རེའི་ཕ་ཡུལ་ལ་ལོག་ཤོག

བསམ་ཚུལ།

Post navigation

Previous Post: དོ་སྣང་བྱ་ཡུལ་མ་ནོར་དགོས།
Next Post: ལོ་སར་སྐབས་ཀྱི་རྒྱུན་སྲོལ་བསྡུས་པ།

Comments (18) on “གྲོགས་པོ་གཉིས་ལ་མྱ་ངན་ཞུ།”

  1. རིག་པའི་ཡེ་ཤེས། says:
    2015-02-17 at 2:50 am

    དངོས་གནས་རེད། དེ་ལྟ་བུའི་སྟབས་མ་ལེགས་པ་དེ་བསམ་ཡུལ་ལས་འདས་སོང་། ཁོང་གཉིས་ལ་མི་བཟོད་པའི་རྐྱེན་ངན་ཞིག་ནི་ཡོད་པ་ཁོ་ཐག་རེད། ད་དུང་རྒྱུ་མ་ཕུ་འདེད་ཀྱིས་འབྱུང་རྩ་རྩད་བཅོད་བྱས་ན་གང་ཟག་གང་ཞིག་ལ་ཐུག་པར་སེམས་ཐག་སྒོར་མོའི་རྡོ་རེད། ང་དངོས་གནས་སྐྱོ་སོང་། རྔ་བ་ཆོས་གྲགས་ལའང་ང་རང་རྒྱུས་མངའ་ཡོད་མཁན་ཞིག་ཡིན། ཁོང་མི་བཟང་གྲ་མ་ཞིག་ཡོད། དེ་འདྲ་ཆགས་དོན་ནི་ཁོང་ལ་ཤིན་ཏུ་ནས་་མི་བཟོད་གནས་དོན་ཞིག་ཆེན་པོ་ཞིག་ཡོད་པ་ང་ཚོས་ཟུར་ལྟས་ལེབ་མཐོང་ལྟ་བུ་རེད། ང་ཚོས་ནམ་ཡང་ཁོང་གཉིས་ལ་མྱ་ངན་ཞུ་དགོས།

  2. ཇུས་ཏོག says:
    2015-02-17 at 3:44 am

    མྱང་ངནལས་ཀྱང་གལ་ཆེ་བ་དེ་ཞིབ་འཇུག་ནན་པོ་བྱ་དགོས་པ་རེད་།

    ལྡི་ལི་ཀེམམ་གྱི་འགོ་འཛིན་དང་མདོ་སྨད་ཆོལ་ཁའི་རྒྱུན་ལས་སོགས་ནས
    སྐོར་སྲུང་ལ་ཞུས་ནས་ཁྱི་འཁྲིད་ནས་རྩད་་གཅོད་དགོས་པ་རེད་།
    དེ་མིན་བོད་པ་ཚང་ལ་དཀའ་ངལ་འཕྲད་སྲིད་པ་རེད་།

  3. ལྷ་བྱ་འཕུར་མ། says:
    2015-02-17 at 4:29 am

    བོད་ཀྱི་རིག་གནས་ལ་དུང་ཞེན་ཡོད་མཁན་གཉིས་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བ་ནི་ང་རང་ལ་མཚོན་ན་སྐྱོ་གནས་ཤིག་ཡིན།
    དེང་སང་ལག་ཏུ་ཁ་པར་ཡོད་མཁན་ཚང་མས་གནས་ཚུལ་གྱི་བྱུང་རིམ་གསལ་བོ་མ་ཤེས་པར་དཀྲོགས་གཏམ་སྤེལ་བ་ནི་དེང་དུས་སྤྱི་ཚོགས་ཀྱི་སྐྱོན་ཆེན་པོ་ཞིག་རེད།
    ལྷག་དོན་ཁོ་རང་གཉིས་འགྲོ་ཚར་རྗེས་ཨ་མདོ་བ་ཚོས་གནས་ཚུལ་ཀྱི་རྒྱབ་ལྗོངས་ཤེས་མདོག་མདོག་གིས་དོན་རྐྱེན་ཚབས་ཆེན་བཟོ་བ་ནི་མདོ་སྨད་པའི་རང་གཤིས་སུ་གྲུབ།གནས་ཚུལ་དེ་འདྲ་ཁམས་པ་ཚོ་ལ་མིག་དཔེ་ལྟ་དགོས་རེད། ངས་གནས་ཚུལ་འདི་སྟེང་ནས་ཆོལ་ཁའི་ཕྱོགས་རིས་བྱེད་ཀྱི་མེད།

  4. ཆོས་སྐྱིད། says:
    2015-02-17 at 5:51 am

    རྩོམ་ཐུང་འདིས་ཚེ་འདས་གཉིས་ཀྱི་སྐོར་ལ་གསལ་བཤད་ཧ་ཅང་གསལ་བོ་ཞིག་བྱས་ཡོད་པས་རྩོམ་པ་པོ་ཁྱེད་སྐུ་ཚེ་རིང་ཞུ།

  5. རིག་པའི་ཡེ་ཤེས། says:
    2015-02-17 at 7:55 am

    ཇུས་ཏོག་ལགས་ཀྱིས། མདོ་སྨད་རྒྱུན་ལས་དང་རྒྱ་དཔོན་རྣམས་ཀྱིས་ཉེན་རྟོག་པར་སྙན་ཞུ་དང་འབྲེལ། ཁྱི་འཁྲིད་ནས་ཞིབ་འཇུག་མཐིལ་ཕྱིན་པ་དགོས་རེད་ཟེར། སུ་ལ་རྫི་འདེད་གཏང་བཞག་ཡིན་ན་ཧཧཧཧཧ

  6. རྒྱང་མིག says:
    2015-02-17 at 9:43 am

    ཨ་འདུས་མིག་ཆུ་ལགས་ཀྱིས་དྲང་བདེན་དང་གཟུར་གནས་བློ་ཡི་ངང་ནས་ཡག་པོ་བྲིས་འདུག
    བཤད་ཡམས་དང་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་གསལ་བཤད་འདི་འདྲ་བྲིས་གནང་བར་དགའ་གུས་ཡོད།

  7. མགོན་པོ says:
    2015-02-17 at 11:27 am

    ངོ་ཡག་གི

  8. ས་མཐའི་མིག་ཆུ། says:
    2015-02-17 at 1:08 pm

    ངོ་མི་མཐོང་གི་རྩོམ་ཡག་གི

  9. དྲན་དཀར་དཔལ་ཡོན་ says:
    2015-02-17 at 1:12 pm

    ངོ་མ་ཡག་གི
    སྐྱག་པ་གསེར་མདོག་ཅན་ནང་བཞིན་སེར་ལོག་གེར་འདུག

  10. སྟོབས་ལྡན་ཉི་མ། says:
    2015-02-17 at 1:23 pm

    རྩོམ་ཡིག་དེ་མགོ་ནས་མཇུག་བར་བཀླགས་པ་ཡིན། འོན་ཀྱང་། རྩོམ་པ་པོས་དགེ་མ་གཏོགས་སྐྱོན་གཅིག་ཀྱང་བཤད་མི་འདུག དེར་བརྟེན་ཅུང་དྲང་པོ་མེད་པའི་ཚོར་སྣང་ཞིག་སྦྱིན་སོང་། མི་སུ་དང་སུ་ཡིན་རུང་། དགེ་མཚན་དང་ཆེ་ཆུང་ལ་མ་ལྟོས་པར་ལག་རྗེས་རེ་ཡོད་ཡོད་པ་རེད། ལག་རྗེས་དེ་དག་དྲངས་ཏེ་བསྟོད་ར་བྱེད་དགོས་ལ། སྤྱོད་ངན་དེ་དག་ཀྱང་། བཏོན་ནས་སྐྱོན་བརྗོད་བྱེད་དགོས་པ་རེད། དེ་ནི་མ་མཐར་སྤྱི་ཚོགས་ཤིག་ཡར་རྒྱས་སུ་གཏོང་བའི་གོམས་སྟབས་དང་པོ་དེ་རེད། དེ་མིན་ཞི་མི་སྐྱག་པ་བཀབ་པ་བཞིན་སྐྱོན་རྣམས་སྦས་ན་དེ་ནི་དྲང་མོ་ཞིག་གཏན་ནས་མ་རེད། ལྷག་པར་དུ། ད་རེས་ཀྱི་སྤུན་ཟླ་དམར་གསོད་ཀྱི་དོན་རྐྱེན་དེའི་ཐོག་ནས་ང་ཚོས་སློབ་སྦྱོང་དེ་བྱེད་དགོས་པ་ནི། རང་ཉིད་ཀྱི་ཕྲག་དོག་དང་། འགྲན་སེམས། འཁོན་འཛིན་སོགས་ཀྱི་ཆེད་དུ་མི་རིགས་འདིའི་མཚན་སྙན་ལ་གནོད་པའི་བྱ་སྤྱོད་སྤེལ་རྒྱུ་མེད་པ་དེ་རེད། དེ་ཡང་ཅུང་གསལ་ཙམ་བརྗོད་ན། ད་རེས་ཀྱི་མི་གསོད་གནད་དོན་དེ་ཁོ་གཉིས་འཁྲུག་འཛིང་ཁྲོད་ནས་བྱུང་བ་དོན་དངོས་ཡིན་ན། མི་དེ་གཉིས་མི་ལུས་ལེན་ཏེ། ང་ཚོའི་མི་རིགས་འདིར་བཞག་པའི་ཞབས་འདྲེན་དེ་ཁོ་གཉིས་ཀྱི་མི་རིགས་འདིར་ཕུལ་བའི་ལེགས་སྐྱེས་རྣམས་ལས་ལྡབ་འགྱུར་གྱི་ཆེ་བ་ཡོད་པ་དེ་རྟོགས་དགོས་པ་རེད། དེ་དོན་དངོས་རེད། དེ་ནི་ངས་གང་ཟག་ལ་བརྟེན་ནས་ཤོད་ཀྱི་མེད་པར་སྦྱོར་བར་བརྟེན་ནས་བརྗོད་ཀྱི་ཡོད། དེ་བས་ཀྱང་གསལ་ཙམ་བརྗོད་ན། དཔེ་དེབ་འགའ་བྲིས་བ་དེ་མི་ཞིག་གི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཡོད་མིན་དེ་རེད། དེས་ན། ང་ཚོས་ཁོ་གཉིས་ལ་སྐྱོན་བརྗོད་བྱ་མི་ཕོད་ཀྱང་། ཁོ་གཉིས་ཀྱི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་དགོས་པ་རེད་ལ་ལྷག་པར་དུ་ཤེས་ལྡན་པ་ཚོས་སློབ་གསོ་ལེན་དགོས་པ་དེ་རེད། དེ་མིན། མི་གསོད་རེས་དང་འཁྲུག་འཛིང་དེ་རིགས་ལ་སྐྱོན་བརྗོད་བྱ་རྒྱུའི་ཚབ་ཏུ། བྱ་སྤྱོད་ནང་ཞུགས་མཁན་གྱི་མི་སྣ་དེ་དག་གི་དགེ་གླེང་ནས་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་མ་བྱས་ཚེ། མ་འོངས་པར་ལས་རིགས་དེ་དག་ནང་ཞུགས་མཁན་རྣམས་དཔའ་བོར་ངོས་མི་འཛིན་པའི་ངེས་པ་མེད། དེ་ནི་ངའི་སེམས་གཏིང་གི་བསམ་ཚུལ་ཡིན།

  11. མདའ། says:
    2015-02-17 at 4:23 pm

    ཨ་འདུས་ཀྱི་རྕོམ་ཡིག་འདི་ལས་ཡི་གེ་བ་ཁོང་གཉིས་ཀྱི་ཕུགས་བསམ་དང་རིགས་ཞེན་མཐོང་སོང་།
    ཡིན་ཡང་།ཡིད་སྐྱོ་བ་ཞིག་ལ་གཞོན་སྐྱེས་རེ་བ་ཅན་གཉིས་འདི་ལྟར་བཞུད་སོང་བའི་སེམས་སུ་མི་བཟོད་པ་ཞིག་ཡིན་རུང་།ད་ནི་ཅི་ཞིག་བྱ།སྤྱིར་སྒེར་གྱི་གསང་བ་ནི་སུས་ཀྱང་ཆོད་དཔག་བྱེད་མི་ཐུབ་པའི་ང་ཆོས་ཀྱང་འོལ་ཆོད་ཀྱི་སྐད་ཆ་མ་བཤད་ན་བཟང་།འདས་པོ་ཁོང་གཉིས་ལ་མྱ་ངན་ཞུ་བཞིན་ཡོད།

  12. སྤྱང་ཤོག says:
    2015-02-17 at 4:50 pm

    ཨ་འདུས་མིག་ཆུ་ལགས་ཀྱིས་དྲང་བདེན་ལ་གཞི་བྱས་ནས་ཡག་པོ་བྲིས་འདུག རྒྱུ་མེད་རྐྱེན་མེད་ཀྱི་ཁོང་ཁྲོ་ཙམ་པོ་པ་དབང་གི་འདི་འདྲ་བྱུང་བ་ཞིག་འདོད་དམ། མི་སྲོག་དང་རང་སྲོག་དོར་ཐུབ་པའི་ཁོང་གཉིས་ཀྱི་བར་ལ་གསང་བའི་གནས་ཚུར་གར་ཆེན་ཞིག་ཡོད་སྲིད། ཤེས་ཡོན་ལྡན་པའི་ཁོང་གཉིས་ཀྱི་ཁོང་ཁྲོ་ཙམ་པོ་པ་ཞིག་གི་དོན་དུ་འདི་འདྲ་ཐབས་སྡུག་བྱེད་མི་སྲིད།

  13. ཨ་འདུས་མིག་ཆུ། says:
    2015-02-18 at 1:28 am

    མང་པོ་ཞིག་ཕེབས་པར་བཀའ་དྲིན་ཆེ། དེ་ནས་མཆན་བཅུ་པ་སྟོབས་ལྡན་ཉི་མ་ལགས་སུ། བཀའ་དྲིན་ཆེ་ཞུ། སྤྱིར་རྩོམ་ཡིག་ནང་ལ་གསལ་པ་བཞིན་མི་ཞིག་ཡིན་པའི་ཆ་ནས་སྐྱོན་ཡོད་ཡོད་པ་རེད། སྐྱོན་མེད་དྭངས་གཙང་གི་མྱི་ཞིག་སྲིད་ན་དཀོན་ཞེས་བཤད་ཡོད། མ་ཟད་ང་རང་གི་ཚོར་སྣང་དང་མ་བསྟུན་པའི་སྐྱོན་རེ་བཤད་དུ་ཡོད་སྲིད་མོད། དེ་ནི་དོན་དངོས་ལ་གཟས་མ་གཟས་ཅི་ཆ་ཡོད་ཅེས་སྨྲས་ཡོད། སྤྱིར་མི་ཤི་ཟིན་པའི་རོ་ཐོག་ལ་ཞེ་སྡང་གི་མེ་ལྕེ་དྲག་ཏུ་འབར་ཞིང་། ཚིག་རྩུབ་ཀྱི་དུད་ཞག་མཆེད་བསྡད་ན་དེ་ཙམ་སྙིང་པོ་མི་འདུག་སྙམ་པ་ཡིན། དོན་ལ་གཟས་མ་གཟས་ཡོད་ཚད་བཤད་དེ། སྐྱོན་བརྗོད་དང་དམའ་འབེབས་བྱས་ན། ཤུལ་ལུས་ནང་མི་དང་དེ་འབྲེལ་གྱི་མང་པོ་ཞིག་གི་རྣར་གཟན་པ་ལས་གཞན་གང་ཡང་ཡོད་མི་སྲིད། ང་ལ་མཚོན་ན་ཁོང་གཉིས་ལ་སྐྱོན་འདི་ཞེས་གསལ་ཐག་ཆོད་པ་ཞིག་བཤད་རྒྱུ་ཡང་མེད་པས་ཨུ་ཚུགས་བཙན་ཐབས་ཀྱིས་སྐྱོན་བརྗོད་པར་དེ་ཙམ་དགའ་བོ་མེད། ཁྱེད་ཀྱིས་བཤད་པ་བཞིན་ཁོང་གཉིས་ཀྱི་མི་ཚེའི་མཐའ་མཇུག་གི་བྱ་སྤྱོད་ལ་སྐྱོན་ཡོད་ལ། དགའ་བོ་ཡང་མེད། དོན་དངོས་ཁོ་རང་གཉིས་ནང་འཛིང་བྱས་པ་རེད་ཅེས་རྒྱ་གར་གསར་ལམ་དུ་བསླེབས་པ་ལས་དོན་དངོས་ཡིན་མིན་གཏན་ཁེལ་བ་མེད་པས་སྐྱོན་བརྗོད་པར་བཏང་སྙོམས་སུ་བཞག སྐྱོན་བརྗོད་པ་ནི་བདག་གི་བཤད་བྱ་གཙོ་བོ་ཡང་མ་ཡིན་པས་སྐད་ཆ་འདིར་མ་འོངས་པ་རེད། གང་ལྟར་རང་གི་གྲོགས་གཉིས་ཕྱི་མའི་ལམ་པར་བརྒྱུད་པའི་སྐྱོ་སྣང་དང་ཕངས་སེམས་ཀྱིས་བདེན་རྟགས་སུ་ཁོང་གཉིས་ལ་དེ་ལྟ་བུའི་ཡོད་ཏན་ཡོད་པར་ཤེས་ནས་བཀོད་པ་ཙམ་ཡིན། གང་ལྟར་དགོངས་ཚུལ་གསུངས་པ་ལེགས་ཤིང་། བདག་གི་གྲོགས་པོ་འདས་པོ་གཉིས་ལ་སྐྱོན་བརྗོད་གཏན་ནས་ཐུབ་མ་སོང་བས་དགོངས་དག་ཡང་ཞུ།

  14. དྲི་མེད་ལྷག་བསམ། says:
    2015-02-18 at 2:10 am

    ༄༅། རེ་འབོད།
    དང་པོ་གསར་འགྱུར་གྱི་བརྒྱུད་ལམ་ལས་བྱུང་བ་ལ་ཅུང་ཟད་ཡིད་ཆེས་སྐྱེས། ད་ནི་དོགས་པ་ཇེ་མང་རེད། མི་བུ་རེ་བ་ཅན་གཉིས་ཀྱིས་གསོད་རེས་བྱས་པའི་གནས་ཚུལ་འདི་བདེན་པ་མིན་པར་ཤོག ཁོང་གཉིས་ཀྱིས་གསོད་རེས་བྱས་པའི་གཏམ་འཆལ་དེས་ཁོང་གཉིས་མཁས་པའི་རིན་ཐང་བརླག་འགྲོ། །གསོན་པོ་འདུག་བདེ་བ་དང་། གཤིན་པོ་བླ་བདེ་བ་ཡོང་བའི་ཐབས་ལ་བརྩོན། དཔའ་བོའི་རྫོང་ཞེས་གྲགས་པའི་ཨ་མདོ་རྔ་བ་ཚོ། ལ་རྒྱ་འཆོར་མི་ཉན། ཕན་ཚུན་དོགས་པ་མ་ཟ། བློ་ཐག་ཆོད་པ་ཀྱིས། ཐལ་རྙིང་མ་རྔོགས། ནང་ཁུལ་དུ་མཐུན་ཐབས་ཀྱིས། དཔའ་བོ་རྣམས་ཀྱིས་ཕྱག་རྗེས་རྐང་བསུབ་མ་གཏོང་། བསམ་ཤེས་ཚོས་སློབ་གསོ་ཐོངས། དཔའ་བོའི་རྫོང་གིས་ནང་ཁུལ་གསོད་རེས་མི་བྱེད་པའི་དམ་བཅའ་ཀྱིས། དེ་བཞིན་ལག་དམར་བོད་ནང་ཁུལ་དུ་བཙལ་རྒྱུ་མེད། །ལས་རྒྱུ་འབྲས་ལ་བསམ་བློ་ཐོངས། ཤུལ་ལུས་རྣམས་ཀྱིས་སེམས་གུ་ཡངས་པོ་ཀྱིས། སྡུག་བསྔལ་སྡེ་སྟེང་དུ་བཀྲམ་དགོས། གཤིན་པོར་མཁོ་བ་ཆོས་རེད། དེ་ཅི་ཐུབ་བྱེད་དགོས།
    ལྟས་ངན་ཐམས་ཅད་དགྲ་བོའི་སྟེང་དུ་སྒྱུར། །གནོད་པ་ཐམས་ཅད་བགེགས་ཀྱི་སྟེང་དུ་བཟློག །
    ལོ་ཟད་ཟླ་ཟད་ཉི་ཤུ་དགུ་ཡི་ཉིན། །བསམ་ངན་སྦྱོར་རྩུབས་སྟོང་པའི་དབྱིངས་སུ་བཟློག །
    རེ་བ་ཅན་གྱི་བོད་མིས་མཐུན་སྒྲིལ་གྱིས། །དཔའ་བོའི་ཞིང་ཁམས་རྔ་བས་མཐུན་སྒྲིལ་གྱིས། །
    ཆོས་གྲགས་གཉིས་ཀྱི་ནང་མིས་མཐུན་སྒྲིལ་གྱིས། །ཀིརྟི་དགོན་དང་སྒོ་མང་མཐུན་སྒྲིལ་གྱིས། །ལྷ་རྒྱལ་ལོ། །

  15. པདྨ་དཀར་པོ། says:
    2015-02-18 at 6:05 am

    ཨ་འདུས་མིག་ཆུ་ལགས་ཀྱིས་ཚོར་བ་རྐྱང་བས་བྲིས་པ་ཡིན་ནམ། སྤྱིར་ན་ཁོ་ཚོར་ཡན་རང་ལུགས་པ་ཞིག་ཡིན་ཆ་མ་འཚལ་མོད། འབྲི་ཚུལ་གྱི་ཆ་ནས་སྐྱོན་རེ་འགའ་འདུག་པས་ཐེར་འདོན་བྱེད་རྒྱུ་ཡིན། སྤྱིར་ན་ཁྱེད་རང་རྔ་བའི་མི་ཞིག་ཡིན་པའི་ཆ་ནས་རྔ་བ་སྟག་མོ་རྫོང་ཞེས་འུད་ཆེས་ཆེར་བསྒྲགས་པ་དེ་ཅུང་ཞབས་ཆུང་གི་ལས་སུ་མཐོང་། གཉིས་སུ། འདས་པོ་གཉིས་ཕན་ཚུན་འཁྲུག་འཛིང་གིས་རྐྱེན་ལམ་དུ་སོང་བར་ཐག་བཅད་དེ་བཤད་པ་ནི། ཚབས་ཆེན་རང་བཞིན་དང་། རྒྱུས་མེད་ཀྱི་རྒྱུས་གཏམ། ཞོགས་འདྲོགས། འགན་འཁུར་མེད་པའི་སྐད་ཆ་སོགས་རེད། གསུམ་ནས། བཙན་བྱོལ་སྤྱི་ཚོགས་སུ་རྔ་ཡུལ་ཀྱི་མཁས་པ་ལ་ཁོང་ཚོ་བཞི་ཙམ་ཞིག་བགྲངས་ཏེ་ཅིག་བཤད་ཀྱིན་པ་དེས། མཁས་པ་ཞེས་པ་ཅི་འདྲ་ཞིག་ཡིན་ངོས་ཟིན་མ་འཐོབ་པ་དང་། བཙན་བྱོལ་ནང་རྔ་ཡུལ་གྱི་མཁས་པ་ཁོང་ཚོ་ལས་ལྷག་ཁོང་ཚོ་དང་མཉམ་པ་བྱས་རྗེས་ཡང་དེ་བཞིན་པ་རྣམས་སྣང་མེད་སྐྱུར་འཇོག་དང་མཐོང་ཆུང་བྱས་པའི་ཉེས་པ་བསགས་ཡོད། ཁོང་གཉིས་འདས་རྐྱེན་གསར་འགྱུར་རྒྱུད་ལམ་ཁག་ནས་མི་མཐུན་པ་སྣ་ཚོགས་བྱུང་དང་འབྱུང་གི་ཡོད་ལ། དོན་ལའང་ཕྱོགས་གང་དུ་ཐག་གཅོད་མི་ཐུབ་པ་ཞིག་ཡིན། ད་དུང་བཤད་བྱ་མང་མོད། རེ་ཞིག་དེ་ཙམ་བྱ།

  16. གཞོན་ནུ་ཟླ་མེད། says:
    2015-02-18 at 7:10 am

    ཡི་ཤུ་ཆོས་ལུགས་པའི་དཔེ་དེབ་ཡོད་ན་མེད་ན་བྷ་བྷོལ་བསྒྱུར་བའི་སྐོར་ཞིག་གོ་སོང་མོད། དེའི་སྐོར་རྩ་ནས་བཀོད་མི་འདུག་འ། ཚོགས་པ་ཅི་འདྲ་ཞིག་གི་རོགས་རམ་འོག ཅི་ལྟར་བསྒྱུར་ཡོད་མེད་སོགས།

  17. ཆོས་འཕེལ་དར་རྒྱས་ says:
    2015-02-18 at 7:51 am

    ཡི་ཤུའི་ཆོས་དེབ་བམ་གསོལ་འདེབ་ཕྱོགས་བསྒྲིག་དེ་བོད་ཡིག་ནང་ཡོད་པའི་དེབ་རྙིང་ཞིག་སྔོན་ཁམས་སྨར་ཁམས་ཀྱི་ཡི་ཤུའི་ལྷ་ཁང་ནང་ནས་མཇལ་སོང་། དེབ་དེ་༡༩༢༠་ནང་ཙམ་ལ་བསྒྱུར་འདུག། སྤྱིར་ཆོས་ལུགས་གང་དང་རིག་གཞུང་གང་ཞིག་བོད་སྐད་ཡིག་ལ་བསྒྱུར་ཐུབ་ན་དགའ་བོ་དང་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ལ་ཚོགས་པའམ་སྒྲིག་འཛུགས་སུ་ཞིག་གིས་རོགས་བྱས་ཡོད་པ་གལ་ཆེན་པོ་མ་མཐོང་། གཞན་ངེད་ཚོས་བུ་གསོ་ཁང་དང་རྒན་གསོ་ཁང་། སྨན་ཁང་དང་གྲ་ཚང་། ཐ་ན་དུས་འཁོར་དབང་ཆེན་སོགས་ཀྱི་སྤྱིན་བདག་ཀུན་སུ་ཡིན་གང་ཡིན་བྱེད་ཁག་པོ་རེད།

  18. གངས་ཕྲུག། says:
    2015-02-18 at 10:48 am

    ཁོང་གཉིས་ཀྱིས་དམར་འཛིན་འོག་ཏུ་རང་ཤི་སོང་བ་དེས་ཁོང་གཉིས་ལ་ལྷག་བསམ་དང་བཟང་སྤྱོད། ཤེས་ཡོན་དང་སློབ་གསོ། ནང་ཆོས་དང་སྐད་ཡིག་སོགས་ལ་མཁྱེན་རྒྱ་ཇི་ཙམ་ཡོད་ཀྱང་དགོས་སར་འགག་ལ་ཐུག་དུས་དེ་དག་ཐམས་ཅད་ནུས་མེད་དང་བེད་མེད་དུ་སོང་བ་རེད། ཤེས་ཡོན་སློབ་གསོ་དེས་མི་གཞན་ལ་ཡར་འདེགས་བྱེད་རྒྱུ་ཕར་ཚད། རང་ཉིད་ཀྱི་མདུན་ལམ་ཡང་མེད་བླག་ཏུ་བཏང་བ་རེད། འཇིག་རྟེན་པའི་སྤྱོད་ངན་ཐལ་ཤ་བ་ཚོའི་བྱེད་སྟངས་དང་ལམ་ཁ་དེར་ཕྱིན་པ་རེད། ཤེས་ཡོན་སློབ་གསོ་ཡིས་གཞན་རྒྱུད་ཁོ་ནར་འཚོལ་བའི་བྱས་འབྲས་རེད། ཤེས་ཡོན་ཅན་ལ་བློ་གཏད་ཆེ་རྒྱུ་མེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme