Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག

Posted on 2015-02-172015-02-17 By ཁ་བརྡ 4 Comments on ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག

ཨ་འཇམ།

 

འུ་ཚོའི་སྐད་བརྡའི་ཁྲོད་ཀྱི་ཐོག་མའི་མ་སྐད་དག་མ་མི་ཉུང་བ་ཞིག་རིམ་གྱིས་འགྱུར་ནས་ཕྱིས་སུ་ཐ་སྙད་དེ་དག་གི་བྱུང་བ་ནི་རྙེད་དཀའ་བའི་ཚད་དུ་བསྐྱལ་ཅིང་། རིམ་གྱིས་གོ་དོན་དང་འགྲེལ་བཤད་ཀྱང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་བྱུང་བས། དང་ཐོག་གི་ཐ་སྙད་ཀྱི་བྱུང་བ་དངོས་དེ་ར་འཕྲོད་དཀའ་བའི་གནས་སུ་གྱུར་ཡོད། མ་གཞི་བརྡ་ཡི་ཐ་སྙད་དག་ནི་དུས་དང་བསྟུན་ནས་འགྱུར་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན། དེ་ལྟར་དུ་འགྱུར་ལྡོག་གི་ཁྲོད་དུ་ཐ་སྙད་རེ་ཟུང་ལ་གོ་དོན་གཞན་ཞིག་འབྱུང་བའང་བློས་མི་འཁུལ་བ་ཞིག་གང་ཡང་མིན་ནའང་། ཐོག་མའི་ཐ་སྙད་གང་དེའི་བྱུང་བ་རྦད་དེ་ཡལ་བར་གཏོང་བ་ནི་སྐད་བརྡ་རིག་པའི་གནད་དོན་ཚབས་ཆེན་ཞིག་ཏུ་འདོད་པ་དེའོ།། དེ་བཞིན་དུ་ཕལ་སྐད་ཅེས་པའི་ཐ་སྙད་འདི་ཡང་གནད་དོན་དེ་ལྟ་བུའི་ཁྲོད་ནས་འུ་ཅག་དང་རྒྱང་ཐག་ཅུང་ཟད་གྱེས་ཏེ། ཀུན་པོས་ཞིབ་འགྲེལ་བྱེད་མ་ཐུབ་པར་རགས་བཤད་ཙམ་གྱིས་འཐུས་པར་བྱེད་བཞིན་པའི་སྐབས་སུ་གདའ།

 

དེས་ན་དེང་སྐབས་ཕལ་སྐད་ཅེས་དོ་སྣང་ཤུགས་ཆེར་བྱེད་བཞིན་པའི་སྐབས་སུ་མཆིས་པས་བྱུང་རིམ་ཅུང་ཟད་མོལ་ན། དེང་དུས་ཀྱི་མིང་མཛོད་དག་ཏུ་བཀོད་པའི་བརྡ་འགྲེལ་དག་བསྡུར་ཏེ་ཡར་འདེད་བྱ་ཆོག་པར་སྙམ། བོད་རྒྱ་ཚིག་མཛོད་ཆེན་མོ་རུ། ཕལ་སྐད། ཕལ་བའི་སྐད་དེ་ཡོངས་གྲགས་ཀྱི་ཡུལ་ལུང་སོ་སོའི་སྐད། ཅེས་དང་། ཡིག་སྐད་དང་ཕལ་སྐད་གཉིས་ལ་ཁྱད་པར་ཡོད། ཅེས་བཀོད་པར་གཞིགས་ན། ཕལ་སྐད་ཅེས་པ་ནི་ཕལ་བའི་སྐད་ཀྱི་བསྡུས་མིང་ཞིག་ཏུ་གོ་བ་བླངས་པ་ནི་ཅུང་འཁྲུལ་ཚབས་ཆེ་བ་ཞིག་ཏུ་འདོད་དེ། གནད་འགག་ནི་ཕལ་དང་སྐད་གཉིས་རེ་རེ་དྲས་པའི་བྱུང་བ་མ་རྟོགས་པར་ད་ལྟའི་བརྡ་དོན་ལྟར་གོ་བ་ཐད་ཀར་དུ་བླངས་པའི་སྐྱོན་དུ་སྣང་། གཞན་ཡང་དག་ཡིག་གསར་བསྒྲིགས་ལས། ཕལ་སྐད་ནི་མི་རིགས་ཤིག་གི་སྤྱི་སྐད་ལས་གྱེས་པའི་ཡུལ་སྐད། ཅེས་འགྲེལ་བ་ནི་ཕལ་སྐད་ཅེས་པའི་ཡིག་འབྲུ་རེ་རེའི་ངེས་ཚིག་མ་དྲངས་པར་དོན་གྱི་འཇུག་ཡུལ་བརྗོད་པ་སྟེ། སྤྱི་སྐད་ལས་གྱེས་པའི་ཡུལ་སྐད། ཅེས་གོང་མ་ལྟར། ཡོངས་གྲགས་ཀྱི་ཡུལ་ལུང་སོ་སོའི་སྐད་ཅེས་པའི་འགྲེལ་སྟངས་དང་ཕལ་ཆེར་ཕྱོགས་མཚུངས་སུ་མཆིས་མོད། སྐབས་འདིར་ཕལ་སྐད་ནི་ཕལ་བའི་སྐད་ཅེས་པ་ལྟར་ཐ་སྙད་ཀྱི་གྲུབ་སྟངས་ལ་གསལ་བཤད་གང་ཡང་མི་འདུག དུང་དཀར་རིན་པོ་ཆེས་ཀྱང་། ས་གནས་ཁག་མང་པོར་ཁྱབ་ཅིང་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཕལ་སྐད་ཟེར་བའི་མིང་བཏགས་ཡོད། ཅེས་གསུངས་པ་ཡང་གོང་ལྟར་དོན་གྱི་འཇུག་ཡུལ་ཐད་དུ་གཞི་རྩའི་ཆ་ནས་གོང་དང་ཧེ་བག་ཆེས་ཆེར་མེད། དེ་བཞིན་བོད་ཀྱི་ཚིག་མཛོད་ཆེན་མོ་ཞེས་པར་ཡང་། ཡིག་སྐད་དང་ཕལ་སྐད་གཉིས་ལ་ཁྱད་པར་ཕྲན་བུ་ཡོད། ཅེས་ཕྲན་བུ་ཞེས་པའི་ཐ་སྙད་ཙམ་བསྣན་པ་ལས་བོད་རྒྱ་ཚིག་མཛོད་ཆེན་མོའི་དཔེ་ཇི་བཞིན་དུ་བཤུས་ཡོད་པས་དཔྱད་གཞི་གང་ཡང་མ་མཆིས་མོད། འདི་ལས་དམིགས་བསལ་བ་ཞིག་ནི། འཕྲལ་སྐད་ཅེས་པར། ཕལ་སྐད། ཡུལ་སོ་སོའི་འཕྲལ་སྐད་མི་འདྲ། ཞེས་པས་རིག་པའི་སྒོ་མོ་ཅུང་ཟད་འབྱེད་པའི་གོ་སྐབས་ཤིག་བསྐྲུན་པ་ནི་ཅུང་གླེང་རིན་ཡོད་ནའང་། ཁ་པར་མིང་མཛོད་དུ་འཕྲད་སྐད་ཅེས་ནོར་བས་ཅུང་འཚོལ་དཀའ་བར་མཆིས་སོ།།

 

ཇི་ལྟར་ཡང་སྐབས་འདིའི་གླེང་གཞི་གཙོ་བོ་ནི་ཁོ་བོས་ཕལ་སྐད་ཅེས་པ་ནི་ཕལ་བའི་སྐད་ཅེས་པ་མ་ཡིན་པར། དང་ཐོག་ཕྲལ་སྐད་ཅེས་པ་ལས་རིམ་འགྱུར་བྱུང་བ་ཞིག་ཏུ་འདོད་དེ། ཕྲལ་སྐད་ཅེས་པ་ཕལ་སྐད་དུ་འགྱུར་བར་བརྗོད་ཚེ་གློ་བུར་དུ་ཡིད་ཆེས་དཀའ་བའི་དོགས་པ་ཅིས་ཀྱང་བདོ་སྲིད་ནའང་། སྐད་བརྡ་རིག་པའི་འཕེལ་འགྱུར་གྱི་སྤྱི་འགྲོས་ལ་བསམ་ན་ཡ་མཚན་པའི་གནས་ཚུལ་གང་ཡང་མིན། ཕྲལ་སྐད་ལ་ཕལ་སྐད་དུ་འགྱུར་བའི་རྒྱུ་མཚན་ནི་སྔར་གྱི་སྐད་ཆའི་རྗོད་འགྲོས་མང་བོ་རིམ་གྱིས་འགྱུར་ཏེ་མགོ་འདོགས་བོར་བའི་གདངས་སུ་ཡོད་པ་ཤིན་ཏུ་གསལ་ཏེ། དཔེར་ན། ཕྲལ་སྐད་ལ་ཕལ་སྐད་དང་། ཕྲ་མོ་ལ་ཕ་བོ། ཕྲུ་གུ་ལ་པུ་གུ། ཨམ་ཕྲག་ལ་ཨམ་ཕག དེ་བཞིན་བྲང་ལ་བང་། བྲག་ལ་བག བྲོས་ལ་བོས་ཞེས་པ་སོགས་དཔེ་མཚོན་ཤིན་ཏུ་མང་བས་ཀྱང་རྟོགས་སླ་བར་ངེས་སོ།།

 

ད་དུང་ཡང་གོ་བའི་བརྡ་རུ་ཞིབ་ཏུ་བགྱིས་ན། ཕལ་སྐད་ཅེས་པ་ནི་ཕྲལ་སྐད་ལས་བྱུང་བར་སྨྲ་བ་ནི་ཀླན་ག་ཞིག་བསམ་བཞིན་དུ་འཚོལ་བ་མ་ཡིན་ཏེ། ཆག་ལོའི་རྣམ་ཐར་དུ། ཆོས་སྐད་དུ་པུ་སྟཀ་འཕྲལ་སྐད་དུ་གླེགས་བམ། ཞེས་གསུངས་པས། ཁོང་གིས་ཀྱང་ཆོས་སྐད་དང་འཕྲལ་སྐད་ཅེས་གསུངས་པ་ལས་ཀྱང་འཕྲལ་སྐད་དམ་ཕྲལ་སྐད་ཅེས་པའི་ཐ་སྙད་འདི་ཉིད་བྱུང་བ་ཤེས་ཐུབ། ཡང་འཕྲལ་དང་ཕྲལ་གཉིས་ལ་འས་འཕུལ་ཡོད་མེད་ལས་ཁྱད་པར་ཆེར་མེད་དེ། འཕྲིན་ཡིག་དང་ཕྲིན་ཡིག འཕྲིན་ལས་དང་ཕྲིན་ལས། འཕྲེང་བ་དང་ཕྲེང་བ་སོགས་འས་འཕུལ་ཡོད་མེད་ཅི་རིགས་བྲི་རིགས་པས་སོ།། འཕྲལ་སྐད་ནི་ཕལ་སྐད་ཡིན་པའི་ཤེས་བྱེད་ཅིག་ལ། ཡང་རྣམ་ཐར་དེ་ལས། དེ་ལ་ཆོས་སྐད་དུ་ཏཾ་བཱུ་ལ། ཕལ་སྐད་དམ། བལ་བོའི་སྐད་དུ་གོ་ལ། བོད་སྐད་དུ་སོར་རྩེ་ཞེས་པར་བསྒྱུར། ཅེས་གསུངས་པ་ལས་ཕལ་སྐད་དང་འཕྲལ་སྐད་རྣམ་ཐར་དེ་ལས་རེས་མོས་སུ་བྲིས་པས་ཀྱང་ངེས་ཤེས་རྙེད་ཐུབ་པ་དང་། གཞན་ཡང་། ལོ་ཙཱ་བ་རིན་ཆེན་བཟང་བོའི་རྣམ་ཐར་དུའང་། ཁ་ཆེའི་ཡུལ་དུ་ཟིན་ནས། བྲམ་ཟེ་གྲོང་བདུན་པ་ཅིག་ཏུ་སླེབ་སྟེ། དེར་ཟླ་བ་གཅིག་ཙམ་བཞུགས་ནས་ཕྲལ་སྐད་ཨེན་ཙམ་བསླབས་སོ།། ཞེས་ཕྲལ་སྐད་ཨེན་ཙམ་སྦྱངས་ཚུལ་གསུངས་པ་དང་། དེ་བཞིན་ལྷ་བླ་མ་ཡེ་ཤེེས་འོད་ཀྱི་རྣམ་ཐར་དུའང་། དཔོན་གཡོག་གཉིས་ཀྱི་ཁ་ཆེར་བྱོན། བྲམ་ཟེ་གོང(གྲོང)དུ་ཟླ་བ༡ འཕྲལ་སྐད་སླབས(བསླབས) ཞེས་(ཁོང་གི་རྣམ་ཐར་དུ་ལོ་ཆེན་གྱི་མཛད་པ་ཟུར་ཙམ་གསུངས་པ་ལས་དྲངས)གསུངས་པས་ཀྱང་ཕལ་སྐད་ཅེས་པ་ནི་ཕྲལ་སྐད་ཅེས་པའི་བརྡ་ལས་གཞན་ཅི་ཡང་མིན་པ་གོ་ཐུབ། ཕལ་སྐད་ནི་ཕལ་བའི་སྐད་ཅེས་པའི་གོ་བ་ལེན་སྟངས་ནི་དེང་དུས་ཀྱི་བརྡ་དང་ཅུང་མཐུན་པར་སྣང་ཡང་། ཐ་སྙད་ཀྱི་བྱུང་འཕེལ་གྱི་གནས་ལུགས་ཀྱི་ཆ་ནས་འཁྲུལ་བ་ཚབས་མོ་ཆེ་ཞིག་བྱུང་བ་དཔག་ཐུབ་པོ།།

 

ལོ་རེ་གཉིས་ཀྱི་ཡར་སྔོན་དུ་བོད་ཀྱི་མཁས་པ་ཆེན་མོ་ཞིག་གིས་ཀྱང་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕལ་སྐད་ཅེས་པའི་མིང་བྱང་ལ་གཟུགས་ཏེ་ཟུར་ཟ་བྱེད་ཚུལ་ཡང་ཐོས་ལ། དོན་དུ་ཕྲལ་སྐད་ཅེས་པ་ཕལ་སྐད་དུ་ཆགས་པའི་གོ་རིམ་མ་ཤེས་པའི་མཚོན་རྟགས་ཙམ་དུ་ཟད། ཕལ་སྐད་ཅེས་པའི་ཐ་སྙད་ལ་ད་དུང་སྣོན་མའི་རྒྱ་ཞིག་བཏབ་ན། བཅོམ་ལྡན་རིག་རལ་གྱི་སྒྲའི་བསྟན་བཅོས་ལས། དེ་ཡང་བོད་ལ་གྲགས་པའི་མིང་།། བཀས་བཅད་ཡུལ་སྐད་ཕྲལ་སྐད་གསུམ།། ཅེས་བོད་ཀྱི་བརྡ་སྐད་ལ་རིམ་པ་གསུམ་དུ་ཕྱེས་པའི་ཕྱི་མ་དེ་ཕྲལ་སྐད་ཅེས་གསུངས་པས་ཀྱང་དོགས་པའི་སྒོ་མོ་ཧར་གྱིས་འབྱེད་ཐུབ་པར་མ་ཟད། ཁོང་གིས་ཕྲལ་སྐད་ཀྱི་དཔེ་རུ། ལྡེའུ(ཟླ་བོ)ངོ་བོ་འདུ་ཡེད(བྱེད)དང་།། འདུ་ཡས(བྱས) དམིགས(མིག)གཉིད(རྨྱི)ལམ་དང་།། ཅེས་མགོ་འདོགས་འཕྲལ་བའི་ཡུལ་སྐད་མང་བོ་ཞིག་དཔེར་བཀོད་དེ་དྲངས་ཡོད་པས། སྔར་ཕྲལ་སྐད་ནི་ལུང་སྐད་དང་ཡུལ་སྐད་དུ་གོ་བ་དང་། དེ་ནས་རིམ་གྱིས་ཡུལ་སྐད་ཅུང་ཟད་འགྱུར་བའི་བརྡ་ལ་གོ་བའི་སྐབས་ཀྱང་བྱུང་བ་ནི་གསལ་ལོ།། མདོར་ན་ཕལ་སྐད་ཅེས་པ་ནི་ཐོག་མའི་ཕྲལ་སྐད་ཅེས་པ་ལས་བྱུང་བ་ནི་ཐེ་ཚོམ་གདོད་ནས་མེད་པའོ།།

༢༠༡༤ ༡༢ ༢ ལ་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཡི་གེར་བཏབ།

དཔྱད་རྩོམ།

Post navigation

Previous Post: ཡང་བསྐྱར་བགྲོད་ལམ་ཞིག་བཙལ་ན།
Next Post: དོ་སྣང་བྱ་ཡུལ་མ་ནོར་དགོས།

Comments (4) on “ཕལ་སྐད་ཅེས་པའི་ཐ་སྙད་བྱུང་ཚུལ་གྱི་སྐད་ཆ་ཞིག”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-17 at 1:08 am

    ཕལ་སྐད་ནི། ཆོས་སྐད་དང་ཡིག་སྐད་མ་ཡིན་པར། ཁ་སྐད་ལ་གོ རང་སྐད་ལ། ཕ་་སྐད་མ་ཟེར་བར། མ་སྐད་ཅེས་བརྗོད་ན་ལེགས།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-17 at 3:05 am

    བརྟག་དཔྱད་མང་དུ་ཡོད་ཀྱང་། སློབ་སྦྱོང་མེད་པ་སྐྱེ་བོ་ཕལ་པས་བཀོལ་བའི་ཕལ་སྐད་དང། སློབ་སྦྱོང་ཡོད་པ་སྐྱེ་བོ་མཁས་པས་བཀོལ་བའི་སྐད་གཉིས་སུ་དབྱེ། དང་པ་དེ་ལ་ཕལ་སྐད། འཕྲལ་སྐད། ཕྱི་མ་དེ་ལ་ཆོས་སྐད། ཡིག་སྐད། བསྟན་བཅོས་ཀྱི་སྐད་ཅེས་བྱ།
    སྐྱེ་བོ་ཕལ་པའི་སྒྲའི་སྦྱོར་ཚུལ་ལ་བསྟུན་པ་མེད་པར་ཁ་སྐད་དུ་གང་འཐོན་པ་ལ་འཕྲལ་སྐད་ཅེས་བྱ། དོན་དུ་ཕལ་སྐད་རང་ལ་འཕྲལ་སྐད་ཅེས་བྲིས་པར་འདོད།
    ཨ་འཇམ་མཆོག་གི་ཕལ་སྐད་ཅེས་པའི་ཕལ་དེ་འཕྲལ་ལས་བྱུང་བའི་ངལ་རྩོལ་ལ་བསྔགས་པར་འོས་ཀྱང་། བོད་ཀྱི་སྒྲ་སྒྱུར་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཞེས་གསུངས་པའི་ཕལ་དང་། ཕལ་སྐད་ཀྱི་ཕལ་གཉིས་ཀ་གོ་དོན་མཚུངས་པར་ཁོ་བོས་འདོད་དོ།
    ཆག་ལོའི་རྣམ་ཐར་དུ། ཆོས་སྐད་དུ་པུ་སྟཀ་འཕྲལ་སྐད་དུ་གླེགས་བམ། ཞེས་པ་ནི་ལེགས་པར་མ་བསམས་པའི་རྟགས་ཏེ། རྒྱ་གར་སྐད་དུ། པུ་སྟཀ་དང་། བོད་སྐད་དུ། གླེགས་བམ་ཞེས་དགོས། གླེགས་བམ་ཞེས་པ་ཡང་ཕལ་སྐད་མ་ཡིན་པར་བོད་ཀྱི་མཁས་པས་བསྐྲུན་པའི་ཆོས་སྐད་མིང་ཚིག་སྒྲ་བཤད་ལེགས་པ་ཅན་གྱི་རྗེས་སྒྲུབ་ཅིག་ཡིན་ནོ།

  3. ཇུས་ཏོག says:
    2015-02-17 at 6:13 am

    བོད་པའི་སྐད་ལ་ཆོས་སྐད་དང་ཡིག་སྐད་་ཕལ་སྐད་བཅས་གསུམ་ལ་དབྱེ་།
    པུ་སུ་ཏག་( ཀློག་དེབ་) ལ་ཟེར་།
    གླེག་བམ་ལ་( བརྡར་མ་པུ་སུ་ཏག་) ཆོས་ཀྱི་གླེག་བམ་།
    འཕྲལ་སྐད་ཟེར་བ་གོ་མ་མྱོང་ངོ་མཁས་པ་ཚོ་ཁྱེད་ཚོས་ཤེས་ཨ་།

  4. ཐུབ་བསྟན་ཡེ་ཤེས། says:
    2015-08-28 at 7:39 am

    ཁ་བརྡའི་དྲ་ཁང་ནང་གི་ཚོགས་འགན་མཆོག་གི་དབུས་པའི་ཚོགས་མི་ཡོངས་ལ་བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme